དུར་བྱང་།
ཀྱེ__ང་ལ་ན་ཚ་ཅི་ཡང་མེད་པས་ཁྱོད་ཀྱིས་“གཤག་བཅོས”བྱ་དོན་ཅི།
ཀྱེ__ཁྱོད་ལ་རང་ཤེད་ཆེ་ཨང་། ན་ཟུག་དེ་ངོ་མ་བཟོད་ཐབས་བྲལ།
དོ་ནུབ། རྩོམ་ཡིག་ལེགས་པོ་ཞིག་དང་གསར་འགྱུར་དག་མ་འདྲ་ཀློག་སྐལ་ཨེ་ཡོད་སྙམ་སྟེ་སྐད་འཕྲིན་རྒྱབ་ངོས་སུ་ཉུལ་བ་ཡིན། སྐད་གྲོགས་མང་བོ་ཞིག་གིས་«གྲུ་གཟིངས།»ཞེས་པའི་ལོ་དེབ་ཅིག་བརྒྱུད་བསྒྲགས་བྱེད་བཞིན་འདུག དཀར་ཆག་ལ་རོབ་ཙམ་བལྟས་པ་ཡིན། དཀྱིལ་ཞོལ་ན«བརྩེ་དུང་གི་ཁོལ་བོ»ཟེར་བའི་སྙན་ངག་གི་ཁ་བྱང་ཞིག་བྲིས་པའི་དྲང་ཐད་ན། རྩོམ་པ་པོའི་མིང་ལ་«དར་བྱང»ཞེས་པ་ཞིག་མཐོང་རྒྱུ་བྱུང་། བློ་རྡེག་ཏུ་འབའ་གཞུང་འཇིགས་མེད་ཟེར་བ་དེས་ཚིག་རྒྱན་སྣ་ཚོགས་ཀྱིས་བསླངས་པའི་རང་ཉིད་ཀྱི་སྙན་ངག་དེ་དྲན་གསོས་པ་བྱུང་།
«བརྩེ་དུང་གི་ཁོལ་བོ»ཞེས་པ་བརྩེ་དུང་གི་བྲན་གཡོག་ཅེས་པར་གོ་བ་བླངས། བྲན་གཡོག་དེ་སུ་རེད་ཅེ་ན་རྩོམ་པ་པོ་ཡིན་ཞེས་བཀྲལ་བ་ལོས་ཡིན། འོན་ཀྱང་ངས་དེ་ལྟར་བསམས་པ་མིན། ཁ་བྱང་ལ་«བརྩེ་དུང་ཁོལ་བོ»ཞེས་བཏགས་པ་ཡིན། ཅི་ལ་ཞེ་ན། བརྩེ་དུང་ཟེར་བ་ནི་མ་གཞི་ནས་བྲན་དང་གཡོག་དང་ཁོལ་ཡིན་པའི་ཆོས་ཉིད་སྙན་ངག་ཏུ་བྲིས་པ་ཡིན། བྱེ་བྲག་སྤྱི་ལ་བརྡལ་བའི་རིགས་ལམ་དེ་སྤྱད་པ་ཡིན། བདག་ཁོ་ན་དེ་རུ་ཚུད་པའི་གོ་བ་རང་མིན།
དངོས་གནས་བྱས་ན། དིང་སང་སྐད་འཕྲིན་གྱི་བརྒྱུད་ལམ་ཧ་ཅང་བཟང་བས། རྩོམ་པ་པོར་ཚིག་གཅིག་འདྲི་བ་ལ་དེ་ཙམ་དཀའ་ངལ་ཨེ་ཡོད། དྲང་མོར་བཤད་ན། སྙན་ངག་འདི་ཚུར་ཧེབ་ཀྱིས་བསླངས་པ་ལས། ཕར་བཙན་གྱིས་ཞུ་བ་འཐེན་པའང་མིན། འདི་འདྲ་གནང་བ་མི་ལེགས། རྩོམ་སྒྲིག་བྱེད་སྐབས་རྩོམ་པ་པོར་བརྩི་བཀུར་བྱ་དགོས་པ་ལས། རང་ཉིད་མཁས་པར་རློམ་སྟེ་ལག་པ་གང་འདོད་བརྐྱངས་མི་ཉན།
དེ་སྔ་ཡང་། རྩོམ་སྒྲིག་པ་ལག་རིང་འབེལ་འབེལ་དུ་བྱུང་སྐད། དཔེ་བཞག་ན། “«སྦྲང་ཆར»རྩོམ་སྒྲིག་པས། «ཆག་འཇིག»ཅེས་པའི་སྙན་ངག་ཆེས་ལེགས་པོ་ཞིག «ཆགས་འཇིག»ཏུ་བཅོས། དེའི་དབང་གིས། «ཆག་འཇིག»རྩོམ་པ་པོ་ན་རེ། མ་གཞིར་ངས་དཔའ་བོ་ཞིག་གི་སྣང་བརྙན་བཞེངས་པ་ཡིན་མོད། རྩོམ་སྒྲིག་པས། གདུང་ཡུས་ཁྲོད་ཀྱི་ཡུགས་ས་མ་ཞིག་གི་ངོ་གདོང་དུ་བཅོས་འདུག་ཅེས་ཕངས་པ་ཆེན་པོ་སྐྱེས། ད་དུང་། བརྩམས་སྒྲུང་ཆེད་མཁས་པ་ཚེ་རིང་དོན་གྲུབ་ལགས་ཀྱིས། «སྦྲང་ཆར»རྩོམ་སྒྲིག་པར། «སྦྲང་ཆར»དུ«སྦྲང་ཆར»གྱི་ཡི་ག་དང་འཕྲོད་པར་ལས་སྣོན་བྱས་པའི་བརྩམས་ཆོས་མ་གཏོགས། རྩོམ་པ་པོའི་གསར་རྩོམ་གྱི་རྩོམ་གཤིས་ངོ་མ་འགོད་ཐབས་མེད་པ་རྟོགས་སོང་བ་(«རྩོམ་རིག་མི»ལས་དྲངས་པ་ཡིན།)ཡིན།” མཐའ་མཇུག་གི་སྐད་ཆ་དེ་བཤད་རྗེས་རྩོམ་པ་པོ་ཁོང་«སྦྲང་ཆར»དང་ཁ་གྱེས་པ་རེད།
ཁྱོད་དག་གིས། ཁོ་བོ་གཞན་དང་འདྲ་སྙམ་ན་མི་འདྲ་སྟེ། ང་ལ་ང་ཡི་སྙན་ངག་གི་སེམས་ཁམས་ཤིག་དང་རྩོམ་རིག་གི་རང་གཤིས་རང་དང་འཚམ་པ་ཞིག་ཡོད། ད་རེས་ཁྱོད་ཀྱིས“གཤག་གཏུབ”ཚར་བའི་སྙན་ངག་དེ་ཆེས་མ་མཐའང་རང་གི་ཡན་ལག་ལྟ་བུའི་ཞེ་འདང་ཡོད། ཡིན་ཙང་། དེ་རིང་ངའི་རྐང་ལག་བཅད་པའི་ན་ཟུག་བཟོད་དཀའ་བ་དེ་ཁུར་དུ་བླངས་ཡོད།
དེའི་མི་ཚད། ཕྲན་པར་ཡང་རྩོམ་སྒྲིག་པ་ཞེས་པའི་ཉམས་མྱོང་ཨེན་ཙམ་ཡོད་པས། གསར་སློབ་པ་དག་གི་སེམས་ཁམས་དང་ཡེ་མི་འདྲ། གླེང་བ་ལ་ལྗིད་མེད་ནའང་ཁྱེད་དང་ཁྱེད་ལྟ་བུ་ལ་ངོ་འཕྲོད་ན་དགེ་ལས་སྐྱོན་མི་སྲིད། ས་རཱ་བོད་ཀྱི་རིག་གཞུང་དཔེ་ཚོགས་ལས་དེབ་ཕྲེང་དང་བོ། «རཱ་མ་ཎའི་གཏམ་རྒྱུད་ཀྱི་དཔྱད་གཞི་བསྡུ་སྒྲིག» དེབ་ཕྲེང་གཉིས་པ་«སྤྲིན་གྱི་ཕོ་ཉའི་དཔྱད་གཞི་བསྡུ་སྒྲིག» «གདྒཱའི་བཞད་སྒྲ»འདོན་ཐེངས་ཉེར་གཉིས་པའི་རྩོམ་སྒྲིག་པ་བྱས། ད་དུང་«རྒྱང་བཞུད»ཅེས་པའི་ལག་བསྟར་རྩོམ་སྒྲིག་པ་བྱེད་མུས་དང་། «སྐད་ཡིག་ཚགས་པར»གྱི་རྩོམ་སྒྲིག་ལས་རོགས་བཅས་བྱེད་མུས་ཡིན། ཀ་ར་རེ་འགའ་ཁ་ནང་དུ་བཞག་ན་ཅི་ཡང་བྱ་ཆོག་ཆོག་གི་བྱིས་པ་ཚོ་དང་ང་མི་འདྲ།
མཇུག་ཏུ། ངའི་སྙུག་མིང་ལ“དུར་བྱང”ཞེས་འབོད་པ་ཡིན། མེས་པོ་རིམ་བྱིན། ལྷག་པར་ང་དང་ངའི་རང་དབང་ཟེར་ཡ་དང་བདེ་སྐྱིད་ཅེས་པའི་སླད་དུ། འུ་བུ་ཅག་གིས་གཅེས་པ་ལ་ཚོད་ཅིག་མེད་པའི་རང་ལུས་གསེར་ཤན་མ་དེ་དག་མེ་རུ་བསྒྲོན་པའི་མི་ཕོ་མི་མོ་ཡོད་ཚད་པོ་“དུར་བྱང”ཞེས་པའི་ཡིག་འབྲུ་འདིར་ཐིམ་ནས་ཡོད། ཡིག་འབྲུ་འདི་གང་ལ་བྲིས་པ་དང་ག་ནས་མཐོང་བ། སུ་ཡིས་འབོད་པ་སོགས་ཀྱི་སྐབས་སུ། ངས་ཁོ་པ་ཚོར་དྲན་གསོས་ཀྱི་ཡོད། ང་ལ་མཚོན་ན། “དུར་བྱང”ཟེར་བའི་མིང་ཡིག་འདི་དྭངས་ཤིང་དྭངས་པའི་མེ་ལོང་ཞིག་ཡིན། འདིའི་ནང་དུ་ཁོ་པ་ཚོ་གསལ་གསལ་རྗེན་རྗེན་དུ་ཤར་ལ། ཁོ་ཚོ་མ་གཏོགས་སུ་ཡང་འཆར་མི་ཐུབ། “དུར་བྱང”ཞེས་པའི་སྙུག་མིང་འདི་བློ་དཀར་སེམས་དཀར་གྱི་དགེ་རྒན་ཞིག་ཡིན། རུས་པ་ལྕགས་ལས་གྲུབ་ཅིང་བློ་རྒྱ་མཁའ་ལས་ཡངས་པའི་གཞུང་ལུགས་ཤིག་ཁྲིད་བཞིན་ཡོད། ཕྲན་པ་ཁོ་ལ་ལྷག་པར་དགའ། ཞེ་ཐག་པ་ནས་དགའ། བྱས་ཙང་། ཁོ་བོར“དུར་བྱང”ཞེས་པའི་སྙུག་མིང་ལ་བརྩེ་བ་དགའ་རབ་ཅིག་ཆགས་ནས་ཡོད། རེད་དེ། ཁྱོད་ཀྱིས“དར་བྱང”ཞེས་འོག་གི་དབྱངས་ཡིག་བཏོག་པ་ཅི། འདི་ཡང་ས་ཁ་ཐག་རིང་བའི་མི་ལ་བཙན་དང་དབང་གིས་བྱས་པའི་བརྙས་བཅོས་ཡིན་ནམ།
གོང་དུ་བྲིས་པའི་ཡི་གེ་དེ་དག ཡང་སྙིང་རྩོམ་སྒྲིག་པས་ལག་པ་གང་ལ་བསྲུང་དགོས་མིན་སྐོར་གྱི་རྣམ་བཤད་ཅིག་ཡིན། རྣམ་བཤད་ཕུན་སུམ་ཚོགས་པ་ཞིག་ཡིན། འདི་ནས་འགོ་རྩོམས་དང་གཞི་ནས་རྩོམ་སྒྲིག་པའི་རྨང་ཆགས་འགྲོ་བ་ཡིན།
2015.4.10
སྒང་དུ་རྩོམ་པ་པོའི་མིང་ལ«དུར་བྱང»ཞེས་པ་ཞིག་མཐོང་རྒྱུ་བྱུང་ཟེར་བ་«དར་བྱང»ཞེས་བྲིས་ཡོད་མོད། དྲ་རྒྱ་དོ་དམ་པས་དུར་བྱང་ཞེས་ཞབས་ཀྱུ་བཏགས་འདུག ཡིན་རྒྱུ་ནི། ལོ་དེབ་དེའི་ནང་དུ་ངའི་སྙུག་མིང་ལ་དུར་བྱང་མ་བྲིས་པར་དར་བྱང་ཞེས་བྲིས་འདུག་པ་དེར་ཟེར་བ་ཡིན་ལགས།
གཤམ་དུ་གསལ་བཤད་དགོས་པ་མ་རེད་་་གོང་དུ་རྒྱུ་མཚན་དང་བཅས་ཏེ་བཀོད་འདུག་་་་་མ་གཞི་ཁྱོད་ལ་ཁག་མེད་་་་
དགོས་རྒྱུ་གོ་རྒྱུ་མེད་པའི་དར་བྱང་ངམ་དུར་བྱང་། མི་ལ་འཚོར་བ་སྦྱིན་ཐུབ་པའི་མྱིང་ཞིག་མ་རེད། ཚིག་གཅིག་གི་སྐྱེན་རྩ་བྱས་ནས་རྟོག་བཟོ་ལུང་བ་གང་བྱེད་དགོས་ན། ཁྱེད་ཁའི་མྱིང་ནི་སྙན་ངག་མི་པས། ང་ཚོ་རྟོག་བཟོ་ལ་དགའ་བ་ཚོ་དོན་གྱིས་སྙན་ངག་པར་གྱུར་བ་རེད། ཧ་ཧ་ཧ།
ད་འཕར་གི་མ་འདུག། དམྱལ་བ་བོ། ཕར་ར་རྩོམ་ཕྲིས།