རྨོ་བུ།
སྦྱོར།༽
མི་ལྡོག་གཤིན་རྗེ་རྒྱལ་པོའི་བཀའ་ཡིག་གི་སྐྱེལ་དུ། །
ལོ་དང་ཟླ་བར་བསགས་པའི་སེམས་ངལ་གྱི་ཞུན་མར། །
འཇིག་རྟེན་ཕར་ངོགས་བརྒལ་བའི་གྲོགས་ཁྱོད་ལ་བཏེགས་པ། །
མི་རྟག་ཆོས་ཉིད་ཟབ་མོའི་རླུང་འཚུབ་ཀྱིས་འཁུར་སོང་། །
ཡ་གིའི་མཆེ་སྡེར་ཅན་གྱི་གཤིན་བདག་གི་ཁ་ལ། །
སྲོག་དབང་ཕྲ་མོ་རེ་ཡི་དམར་མཆོད་རེ་དགོས་ཚེ། །
རིགས་དྲུག་གྲོག་ཚང་བརྡོལ་འདྲའི་འཐབ་ར་ཡི་དབུས་སུ། །
གསོད་འཕྲོག་བཅོམ་ལས་མཁན་ཚོ་ཅི་ཞིག་ལ་བསྐྱུར་རམ། །
ལས་འབྲས་བསླུ་མེད་ཞེས་པའི་དམ་ཚིག་འདིའི་མཐུ་དཔུང་། །
འུ་ཅག་ཕལ་བའི་མགོ་ན་བདེན་བདེན་དུ་སྣང་ཡང་། །
དཀར་ནག་གོ་རུ་ལྡོག་པའི་རུ་སྣ་ཅན་མང་པོ། །
ཚེ་བསོད་རླུང་རྟ་དགུང་ལ་འཕྱོ་བ་དེ་ཨེ་མཐོང་། །
དབུགས་ཀྱི་རྒྱུ་བ་འགགས་པའི་སྐད་ཅིག་མ་དེ་ནས། །
ཤ་དར་ཁྲག་དར་ཅན་གྱི་སེམས་བཟང་ཅན་ཁྱེད་ཉིད། །
རྡོག་སྣེ་ཕྱི་མའི་འཕྲང་དུ་བསྒྱུར་བ་ལགས་བདེན་ཀྱང་། །
དྲན་པའི་ཕྱག་ཟུང་སེམས་ནས་གློད་ཐབས་རང་མི་འདུག།།
ད་ནི་ཕྱིར་ལྡོག་མེད་པའི་ཕྱི་མ་ཡི་ལམ་དུ། །
འཁྲེང་བཞིན་འགྲོ་བ་ལས་ཀྱི་བཀོད་པ་རང་ཡིན་ཀྱང་། །
སྙིང་རྗེ་གོ་ཆ་ཅན་གྱི་རྣམ་ཤེས་ཀྱི་ཤེའུ་ཆུང་། །
ལྷ་མི་གང་གི་གཟུགས་སུ་འཐིམས་ནས་རང་ཡོོད་ན། །
དངོས།༽
འགྲོ་ལ་རང་དབང་ཡོད་པ་ཤེས་ངོར་ན་ཡོད་ཚེ། །
གྲོགས་ངས་བརྩེ་བས་བཏབ་པའི་ས་རིས་འདི་སྙོགས་དང་། །
གྱེས་ཁའི་གཏམ་ལ་སྒུག་པའི་གཉེན་ཉེ་དང་མཛའ་བཤེས། །
ལམ་གྱི་ཁུག་སོ་རེ་ན་ཁྱེད་ཉིད་ལ་བསྒུགས་འདུག །
ལས་ཀྱི་མདུད་ཐག་བཀྲོལ་སའི་རྡ་ས་ཡི་རི་ནས། །
བླ་མ་རྡོ་རྗེ་འཆང་དེར་གྱེས་ཕྱག་ཅིག་ཕུལ་དང་། །
མི་ལོ་ཉི་ཤུའི་ཡུན་གྱི་སྐྱིད་སྡུག་དང་ལེགས་ཉེས། །
གང་དེའི་ཤེས་རབ་འོད་ལ་བསྟིམས་བཞིན་དུ་ཡོང་ཡོད། །
སྟོད་རི་ཤར་གྱི་ཁུམ་བུའི་གངས་འདབས་དེ་འགྲིམ་སྐབས། །
དེ་སྔ་བཏབ་པའི་ཁྱེད་ཀྱི་ངལ་དུབ་ཀྱི་རྗེས་རེར། །
གངས་ལྷ་མེ་ཏོག་རེ་རེར་གྱུར་བ་དེ་མཐོང་མོད། །
མ་བསྣམས་གཅེས་ཕྲུག་གཉིས་ལ་ཚེ་རྟེན་དུ་སྐྱུར་རོགས། །
སྟོད་ཀྱི་མྱ་ངན་གྱི་ཐང་དེ་གོམ་བགྲོད་ཀྱིས་འཇལ་ཚེ། །
ལྷ་ལྡན་སྨན་རྩིས་དག་པའི་དགའ་ཚལ་གྱི་གླིང་དུ། །
རིགས་སེམས་དྲོན་མོ་འཁོལ་བའི་ཨམ་ཕྲུག་ཁྱེད་གཤིས་བཟང་། །
གནས་དེའི་ཁོར་མོ་ཡུག་ཏུ་ད་དུང་ཡང་ཁྱབ་འདུག །
ཇོ་ཤཱཀ་གཉིས་ཀྱི་ཐུགས་ཀའི་འོད་ཟེར་ལ་འཇུས་ནས། །
མི་སྡོད་རང་ཡུལ་ཕྱོགས་སུ་མྱུར་བར་ལོག་ཕེབས་དང་། །
མཚོ་སྔོན་ཁྲི་ཤོར་རྒྱལ་མོའི་རླབས་རིས་ཀྱི་ངོགས་ན། །
ཁྱེད་ཉིད་བཞུད་པའི་སྐྱོ་དབྱངས་ཤུ་སྒྲ་ལ་འདྲེས་འདུག །
སྟོང་དར་གུང་གསུམ་པང་གི་ཕ་ཡུལ་དེ་རྡོ་སྦིས། །
གླང་ཆེན་ཐོད་ཀའི་ཟུར་གྱི་སྡེ་ཆེན་འདི་ཉིན་པ། །
སྡུག་བསྔལ་རྒྱ་མཚོའི་དབུས་ཀྱི་ཕ་མ་དང་སྤུན་མཆེད། །
དེ་རིང་ཡིག་དྲུག་ཀློང་དུ་མཆི་མ་ཡི་རྫིང་བུ། །
གྲོགས་ཁྱེད་བར་སྲིད་བདེན་པར་མེད་ཚུལ་དེ་རྟོགས་ནས། །
ཡོད་ཚད་སྒྱུ་མ་ཙམ་དུ་སྣང་བར་ནི་སྲིད་ཀྱང་། །
ཡབ་ཡུམ་ཟུང་གི་བཟོད་མེད་སྡུག་བསྔལ་གྱི་ཕུང་པོར། །
ཐུགས་རྗེ་སྤྱན་གྱིས་ལན་ཅིག་གཟིགས་པ་རང་མཛོད་ཅིག །
རྗེས།༽
ད་ནས་བྱང་ཆུབ་སྙིང་པོ་མ་ཐོབ་ཀྱི་བར་དུ། །
གྲོགས་ཁྱེད་སྙིང་རྗེ་ཐུགས་དཀྱེལ་ཡངས་པོ་ཡི་གཤིན་སར། །
ཚོགས་ཀྱི་ས་བོན་ཅུང་ཟད་གཏོར་བ་ཙམ་འདི་ཡང་། །
གྲོགས་ཁྱོད་ཕྱི་མ་དགེ་བའི་རྒྱུ་རུ་བསྔོ་བའོ། །
སྤྱིར་ན་འདུ་འབྲལ་ཆོས་ལ་སྙིང་བོ་རང་མེད་ཀྱང་།།
གྲོགས་ཁྱོད་གློ་བུར་གཤེགས་པའི་ངང་ཚུལ་ལ་གཞིགས་ཚེ།།
རྟག་འཛིན་མལ་དུ་ཆོས་བརྒྱད་རྨི་ལམ་ལ་འཆའ་བའི།།
བདག་འདྲ་དག་ལ་མི་རྟག་དྲན་སྐུལ་ཞིག་མིན་ནམ།།
དུས་ཀྱི་སྔ་ཕྱི་ཙམ་ལས་ཐམས་ཅད་ཀྱི་བགྲོལ་ལམ།།
ཆོས་ཉིད་འདི་ལས་གཞན་ཞིག་གདམས་ས་ནི་མེད་པས།།
ཁྱོད་བློ་མ་ཕམ་འཇིག་རྟེན་དཀར་ངོགས་སུ་འཚོ་རིང་།།
བཟང་བོའི་སེམས་དེ་ཕྱི་མའི་ལམ་རྒྱགས་དེ་ཅི་མིན།།
བགྲོད་ལམ་ལ་བཅོ་རོགས།
ཨོ་མ་ཎི་པདྨེ་ཧུམ རྩོམ་དེའི་སེམས་རྩ་འཁྱགས་པའི་བསྡམས་སོང་། འདས་བོ་ཁོང་ངོ་ཤེས་ཀིན་ཡོད་་་་མི་དངོས་ནས་ཡ་རབས་ཞི་འཇམ་ཞིག་ཡིན།
སྐྱེས་ནས་འཆི་བ་མཚོ་ཁའི་རྦ་རླབས་བཞིན། །
ཡང་ཡང་བསྐྱོམས་པའི་གྲུ་ཁ་ཆེན་པོ་ནས། །
ལྔ་ལམ་སྙེགས་པའི་ཁྱོད་ཀྱི་གྲོགས་པོ་ལ། །
བསྔོ་སྨོན་རྣམ་དག་ཅིག་གི་རོགས་སྐྱོར་ཞུ། །