ལྷ་མོ་ཚེ་རིང་།
ང་ནི་ཁྲོམ་གཞུང་ནས་འབར་བའི་ཕོ་གསར་དེ་ཡིན།
ང་ནི་དགོན་འདབས་ནས་འབར་བའི་བླ་མ་དེ་ཡིན།
ང་ནི་གྲོང་སྡེ་ནས་འབར་བའི་བུད་མེད་དེ་ཡིན།
ང་ནི་སློབ་གྲྭ་ནས་འབར་བའི་སློབ་མ་དེ་ཡིན།
ང་ནི་སྲིད་གཞུང་གི་སྒོ་འགྲམ་དུ་འབར་བའི་གྲྭ་པ་དེ་ཡིན།
ངས་བྱིས་པ་བསམ་མེད་ཅིག་ལ་ནུ་མ་ལྡུད་མཚམས་བཞག་ཡོད།
ངས་བླ་མ་གསེར་ཞྭ་ཅན་གྱི་གསུང་ཆོས་ཉན་མཚམས་བཞག་ཡོད།
ངས་ཕ་མ་བྱང་སེམས་ཅན་གྱི་བཀའ་དྲིན་འཇལ་མཚམས་བཞག་ཡོད།
ངས་ཕོ་གསར་དར་མ་ཞིག་ལ་སྙིང་གཏམ་གླེང་མཚམས་བཞག་ཡོད།
ངས་ཨ་མྱེས་རྒས་འཁོགས་ཤིག་གི་ཕུང་པོ་འཁུར་མཚམས་བཞག་ཡོད།
ཁྱེད་ཅག་གིས་ང་ཚོ་གཅིག་རེ་གཉིས་རེ་བྱས་ནས་འབར་བ་མཐོང་བྱུང་ངམ།
ཁྱེད་ཅག་གིས་ང་ཚོའི་གཅིག་གྲགས་གཉིས་གྲགས་ཀྱི་འབོད་སྒྲ་ཐོས་བྱུང་ངམ།
ང་ཚོ་ཤི་མེད།
ང་ཚོ་ད་དུང་ཡང་ཤི་མེད།
ང་ཚོ་ནི་བོད་མི་ས་ཡ་དྲུག་གི་སྙིང་ཁོང་གི་རེ་སྒུག་དྲོན་མོ་དེ་ཡིན།
ང་ཚོ་ནི་རང་དབང་རང་བཙན་གྱི་ཁ་གཡང་གསོན་པོ་དེ་ཡིན།
ང་ཚོ་ནི་གཞིས་བྱེས་ལྷན་འཛོམས་ཀྱི་དགོད་སྒྲ་གསར་པ་དེ་ཡིན།
ང་ཚོ་ནི་རྒྱ་གཞུང་གི་རྩ་ཁྲིམས་སུ་གསལ་བའི་རང་སྐྱོང་གི་ཡིག་ཆ་དེ་མིན།
ང་ཚོ་ནི་བོད་མིའི་སྒྲིག་འཛུགས་ཀྱིས་གླེང་བའི་ལམ་དབུ་མ་དེ་མིན།
ནམ་ཞིག་པོ་ཏ་ལའི་མདུན་དུ་བོད་ཀྱི་རྒྱལ་དར་རླུང་གིས་སྐྱོད་དུས།
ནམ་ཞིག་རྒྱལ་གླུ་གསར་པས་བོད་ཀྱི་ལྷིང་འཇགས་དཀྲོགས་དུས།
ང་ཚོས་སླར་ཡང་བོད་མི་རེ་རེའི་སྐྱེ་བ་བླངས་ཏེ།
བོད་མི་ངོ་མ་ཞིག་བྱ་འདོད།
ཁྱེད་ཅག་གིས་མཁྱེན་བྱུང་ངམ།
ཁྱེད་ཅག་གིས་གསན་བྱུང་ངམ།
ང་ཚོས་ཁྱེད་ལ་བལྟས་ནས་བསྡད་ཡོད།
ང་ཚོས་ཁྱེད་ལ་ཉན་ནས་བསྡད་ཡོད།
ང་ཚོ་ཤི་མེད།
ང་ཚོ་ད་དུང་ཡང་ཤི་མེད།