ཀརྨ་པ་ཨོ་རྒྱན་ཕྲིན་ལས་རྡོ་རྗེ།
ཁྱོད་ནི་གངས་རིའི་ངོས་ཀྱི་བདུད་རྩིའི་ཆུ་མིག་ཞིག་དང་འདྲ་བར།
ཀུན་ལས་མཐོ་མཐོ་བའི་རྒྱལ་ཁམས་ཤིག་ནས།
འབད་མེད་ཀྱི་རྩོལ་བ་དང་རྒྱུ་མེད་ཀྱི་དུངས་སེམས་ཟབ་མོས།
ལོ་ཟླ་བརྒྱ་ཕྲག་གི་རི་ཐང་ཡོངས་སུ་བརྒལ་ཏེ།
ངེད་ཅག་གི་རེ་བའི་ཞིང་སར་ལྷུང་ལྷུང་དུ་བབས།
ཁྱོད་ཀྱིས་སྐྱེ་བའི་ཕྲེང་བ་དུ་མའི་རིང་བཅངས་བཅངས་པའི་སྨོན་ལམ་ཟབ་མོས།
ང་ཚོར་ཆེས་མི་མངོན་པའི་ས་ནས་དྲོད་འཇམ་དང་འཚོ་བཅུད་བྱིན་ཏེ།
དགེ་སེམས་ཀྱི་ལྗང་མྱུག་གཞོན་ནུ།
དུས་དེ་ནས་ལོ་འདབ་དང་འབྲས་བུ་བཞད་ཅིང༌།
ཐན་སྐམ་དུ་གྱུར་པའི་ས་གཞི་གཡུ་མདོག་གི་ལང་ཚོར་བསྒྱུར།
གངས་དཀར་ཀྱི་རི་བོའི་རྩེ་ནས་དུང་སེང་གི་ངར་སྐད་སྒྲོགས་མ་ཐག
སྐྱ་སིལ་སིལ་གྱི་ཁ་བའི་རྡུལ་ཕྲན་དགུང་དུ་འཕྱུར།
ཆིག་སྟོང་ཆིག་བརྒྱ་བཅུ་ཡི་ལོར་བཞད་པའི་ཁྱོད་ཀྱི་མཚན་སྙན་གདོང་ལྔ་འབར་བའི་གད་རྒྱངས་དེ།
འགྱུར་མེད་ཀྱི་གཟི་བྱིན་དང་མཚུངས་མེད་ཀྱི་བྱིན་རླབས་རྒྱས་བཞིན་དུ།
ལོ་ངོ་དགུ་བརྒྱའི་དུས་ཀྱི་འཁོར་མོ་ཡུག་ཏུ།
དད་སེམས་ཀྱི་སྙིང་ཁ་འགུལ་ཞིང་མ་རིག་པའི་རྨོངས་གཉིད་ལས་དཀྲོག་པས།
རྣམ་རྟོག་གི་རྦ་རླབས་འཁྲུགས་པའི་ཡིད་ཀྱི་མཚོ་མོ་འཇམ་ཐིང་ངེར་སོང་ཞིང༌།
སྐྱེ་འཇིག་གི་ཆོམ་སྒྲས་ཁེངས་པའི་འཇིག་རྟེན་ཡང་ཁུ་སིམ་མེར་གྱུར།
ཁྱོད་ཡོད་པས་ང་ཚོས་ངམ་གནག་གི་འཁོར་བའི་རྒྱ་མཚོར་གདོང་གཏད་ཕོད་ལ།
ཁྱོད་ཡོད་པས་ང་ཚོར་སྡུག་བསྔལ་གྱི་ཐ་མ་ཞིག་ཡོད་པར་རྟོགས།
ཁྱོད་ཀྱི་མཛད་པ་ནི་མཐོན་མཐིང་གི་དབུ་ཞྭའི་མདངས་དང་མཚུངས་པའི་ནམ་མཁའ་དང་ཡོངས་སུ་འདྲེས་ལ།
ཁྱོད་ཀྱི་སྙིང་ཆེན་པོ་ནི། རྔམ་ཆེ་བའི་རླུང་གི་དཀྱིལ་འཁོར་ལྟར་
མི་མཇེད་ཀྱི་ཞིང་འདིར་བར་མེད་དུ་གཡོ་འགུལ་བྱེད།
ཀྱཻ་ཀརྨ་པ། ཕྲིན་ལས་པ།
ང་ནི་ཁྱོད་ཀྱི་ཡོད་ཚད་ཡིན་ལ། ཁྱོད་ནི་ང་ཡི་ཡོད་ཚད་ཡིན།
གོང་གསལ་གྱི་སྙན་རྩོམ་དེ་ནི་ ༧རྒྱལ་དབང་ཀརྨ་པས་ལ་རྩེ་དཔེ་མཛོད་ཁང་གི་སྙན་ངག་གྱེར་ཀློག་གི་འདུ་འཛོམས་ཀྱི་སྐབས་སུ་ལྗགས་ཀློག་གནང་བའི་སྙན་རྩོམ་དེ་རེད་ལགས།
ཡག་པོ་རེད།
འདི་ནི་༸རྒྱལ་བ་ཀརྨ་པ་རང་གིས་བྲིས་པ་ཞིག་ཡིན་ནམ། བརྗོད་གཞི་དེ་ཀརྨ་སྐུ་ཕྲེང་དང་པོ་བྱས་པ་འདྲ་ཞིག་འདུག ཤེས་མཁན་ཚོས་གསུང་རོགས།
ད་ལྟའི་ཀརྨ་པས་ཀརྨ་སྐུ་ཕྲེང་དང་པོར་གསུངས་བ་ཡིན་ཏེ། ལོ་ཚིགས་མ་ངེས་ཀྱང་རྡོར་གདན་དུ་ཀརྨ་སྐུ་ཕྲེང་དང་པོ་འཁྲུངས་ཏེ། ལོ་ངོ་ ༩༠༠ ཕྱིན་པའི་རྗེས་དྲན་ཞིག་ཚོགས་སོང་སྙམ། འགལ་ན་དགོངས་དྭངས།
འདུ་བ་ཡུལ་དུས་དང་བསྟུན་དགོས་ཞེས་དང་། གང་ལ་གང་འདུལ་དེ་ལ་དེ་སྟོན་ཞེས་པའི་དོན་ལ་བསམ་དགོས། གང་བྱུང་བྱང་སེམས་ལ་ཁྲོ་བ་ནི་རང་ཕོང་གི་རྒྱུ་ལས་མ་འདས།
་་་་་་་་་་་་་་ # 4 ཁུ་བྱུག་ལགས་ཀྱིས་མཆན་བཏབ་པ།:
April 15th, 2015 at 5:04 PM
ད་ལྟའི་ཀརྨ་པས་ཀརྨ་སྐུ་ཕྲེང་དང་པོར་གསུངས་བ་ཡིན་ཏེ། ་་་་་་་་་་་་་་
ང་ནི་ཁྱོད་ཀྱི་ཡོད་ཚད་ཡིན་ལ། ཁྱོད་ནི་ང་ཡི་ཡོད་ཚད་ཡིན།
འདིདང་།
ང་ནི་ཁྱོད་ཀྱི་ཡོད་ཚད་རེད་ལ། ཁྱོད་ནི་ང་ཡི་ཡོད་ཚད་རེད།
དེ་གཉིས་གང་དག་ཆེའམ། ལགས།