རྔ་བ་རྒྱལ་ཁམས་པ།
ཀརྨ་པ་ཞེས་པའི་མཚན་སྙན་འཇིག་རྟེན་ཏུ་གྲགས་ནས་ལོ་དགུ་བརྒྱ་ཏག་ཏག་འདས་ཟིན། སྟོབས་འབྱོར་མངའ་ཐང་དང་ཁེངས་དྲེགས་གིས་ཆེས་ཆེར་སྙེམ་པའི་སོག་པོ་ཡོན་རྒྱལ་བོས་ཀྱང་། ཆེ་རྒུའི་ཕྲག་སྒང་དུ་འགྱིང་བའི་རང་གི་སྤྱི་གཙུག་ཐང་དུ་ཕབ་ནས། ཀརྨ་པ་ཞེས་པའི་བོད་ཀྱི་བླ་མ་ཞིག་རང་ཉིད་འཇིགས་པ་ལས་སྐྱོབ་པའི་མགོན་དཔུང་དུ་བསྟེན་མྱོང་། གྲུབ་ཐོབ་ཀྱིས་ཀྱང་མཐུ་དང་རྫུ་འཕྲུལ་མངོན་ཤེས་སོགས། ཚུར་མཐོང་སྐྱེ་བོའི་བསམ་ཡུལ་ལས་འགོངས་པའི་མཛད་འཕྲིན་ངོ་མཚར་ཅན་མང་བོ་བསྟན་པས། བོད་ཀྱི་ཆོས་པ་ཚོའི་ངོ་སོ་དགུང་དུ་བསྟོད་ཡོད་པ་རེད། ཕྱོགས་གཞན་ཞིག་ནས་བསམ་བློ་བཏང་ཚེ། བོད་ཀྱི་སྤྲུལ་སྐུའི་ལམ་ལུགས་དེ་དངོས་གནས་ཡ་མཚན་པོ་ཞིག་ནི་རེད། སྐྱེ་བ་སྔ་མ་ཞེས་པ་ཞིག་ཡོད་པར་འདོད་ཕྱིན་ཆད། སྐྱེ་བ་སྔ་མའི་རྒྱུན་ཐག་ཕྲ་མོ་ལ་བརྟེན་པའི་ལས་བཟང་ངན་དང་། ཁ་རྗེ་དབང་ཐང་ཆེ་ཆུང་ཡང་ཡོད་སྲིད་པ་ནི། གཏན་ཚིག་དང་ཉམས་མྱོང་གི་སྟེང་ནས་ཧ་གོ་རྒྱུ་ཡོད་པ་ཞིག་རེད། དིང་སང་ང་ཚོས་རྒྱན་འཛུགས་པ་ལྟར། སླད་མེད་ཀྱི་ཡང་སྲིད་ལམ་ལུགས་ཀྱིས་ཀྱང་ཕ་རོལ་བོའི་མཚན་སྙན་གྲགས་དང་། རིགས་རུས་མཐོ་དམན་གྱི་ངང་ཚུལ་ལ་མི་བལྟ་བར་དངོས་ཐོག་བདེན་འཚོལ་གྱིས། དཔོན་གཡོག་དང་གྲལ་རིམ་གྱི་སྣང་ཚུལ་ཞེས་པ་རྦད་དེ་གོ་རིམ་ཟློག་བཞིན་ཡོད། དེའི་དཔེ་མཚོན་ཡག་ཤོས་ཤིག་ནི། སོ་ནམས་པའི་བུ་ལྷ་མོ་དོན་གྲུབ་དང་། མདོ་ཁམས་ལྷ་ཐོག་ཁུལ་གྱི་འབྲོག་ཁྱིམ་དཀྱུས་མའི་ཨ་མ་བློ་དགའི་བུ་ད་ལྟའི་ཀརྨ་པ་ལྟ་བུ་རེད། གནས་སྟངས་དེའི་ཐོག་ནས་བལྟས་ན། བོད་ཀྱི་སྤྲུལ་སྐུའི་ལམ་ལུགས་དེར་བརྗོད་མི་ཤེས་པའི་གདུལ་བྱ་འདུལ་བྱེད་ཀྱི་གསང་བའི་ནུས་པ་ཞིག་ནི་ཡོད་ཐག་ཆོད་རེད། ཀརྨ་པ་ཞེས་པ་ནི་འཇིག་རྟེན་འདིར་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་ཟིན་པའི་མཚན་གྱི་རྣམ་པ་ལྗིད་ཁོག་ཆེ་བ་ཞིག་རེད། ཆོས་ཀྱི་རྒྱལ་པོ། ལས་ཀྱི་བྱེད་པོ། ནུབ་ཕྱོགས་དགེ་བའི་སངས་རྒྱས། ཞེས་པའི་ཐ་སྙད་འདི་དག་ནི། ལོ་རྒྱུས་ཀྱིས་ཀརྨ་པར་གདེང་འཇོག་བྱས་པའི་བདེན་དཔང་རི་བོ་ལྟ་བུ་རེ་རེད། ཕྲན་གྲུབ་མཐའ་དགེ་ལུགས་དང་རྙིང་མར་ཕྱོགས་མཁན་ཞིག་ཡིན་པའི་ཆ་ནས། བཀའ་བརྒྱུད་སྤྱི་དང་། བྱེ་བྲག་ཀརྨ་པ་ཞེས་པའི་མཚན་ཐོས་པ་ཙམ་ལས། ཁོང་གི་འཁྲུངས་རབས་རིམ་པའི་རྣམ་ཐར་ལོ་རྒྱུས་དང་། ཀམ་ཚང་བའི་མཐོང་བ་བརྒྱུད་པའི་ཕྱག་བཞེས་ལ་ཆ་རྒྱུས་ཅིའང་མེད། ང་ཐོག་མར་ཀརྨ་པར་དོ་སྣང་བྱུང་བའི་རྒྱུ་མཚན་ནི། ཀརྨ་པས་རྒྱ་ནག་གི་སྲིད་འཛིན་ཅང་རྩེ་མིན་དང་མཇལ་འཕྲད་སྐབས། བླ་མ་སྐུ་ན་ཤིན་ཏུ་ཕྲའང་། བྱིས་པའི་རང་གཤིས་མེད་པར་བློ་སྤོབས་དང་སྒམ་ཚུགས་ཆེ་བའི་ཐོག་ནས་མཇལ་འཕྲད་བྱས་པ་དེ་དང་། ཀརྨ་པས་ཆུ་ཀླུང་ཞིག་གི་འགྲམ་ནས་སྦལ་བ་རྡོ་ཟན་ཞིག་བྲག་དཀྱིལ་ལས་བཏོན་ཏེ་ཐུགས་སྨོན་གནང་བ་ཞིག་གོ་ཐོས་བྱུང་བ་དེ་གཉིས་ཡིན། དུས་ཚོད་ནི་རིམ་པས་འདས་ཤིང་། ངའི་གནས་སྟངས་ལའང་འགྱུར་བ་ཕྱིན་ནས་ཨ་རིར་སླེབས། ཀློག་ཀླད་དང་། བརྙན་འཕྲིན། ཁ་པར་སོགས་འཕྲུལ་ཆས་བཀོལ་སྤྱོད་ལ་བརྟེན་ནས། ཉིན་རེར་སའི་གོ་ལར་ཐེངས་རེར་བསྐོར་བ་རྒྱག་ཐུབ་པའི་ཁོར་ཡུག་ཅིག་ཏུ་འཚོ་བར་རོལ། ཉིན་ཞིག་ངའི་ཆུང་མས་གཞན་ལས་གཡར་བོ་ཞུས་པའི་ཀརྨ་པ་ཨྱོན་འཕྲིན་ལས་རྡོ་རྗེ་ངོས་འཛིན་ཁྲི་སྟོན་གྱི་མཛད་སྒོའི་སྐོར། ཐེ་ཝན་གྱི་རྒྱ་རིགས་རུས་མིང་ཁྲིན་ཞེས་པ་ཞིག་གིས་ཕྱོགས་སྒྲིག་བྱས་པའི་འོད་ལྡེར་བརྙན་ཕབ། མིང་ལ༼སྦས་ཡུལ་ཞང་རི་ལ་འཚོལ་བ༽ཞེས་པའི་གློག་བརྙན་ཞིག་མཐོང་ཞིང་། བཟོ་སྒྲིག་མཁན་གྱིས་གློག་བརྙན་དེ་ཤམ་བྷ་ལར་གྲགས་པའི་བོད་ཀྱི་རང་བྱུང་མཛེས་ལྗོངས་དང་། འཚོ་བ། ཤེས་རིག་གི་ལྟེ་བར་གྱུར་པའི་དགོན་སྡེ་སོགས་རྒྱབ་ལྗོངས་སུ་བླངས་ནས་ལྟ་སྤྲོ་བའི་གློག་བརྙན་སྙིང་རྗེ་བོ་ཞིག་བཟོས་འདུག ངས་གློག་བརྙན་དེ་མཐོང་རྗེས་ཀརྨ་པའི་སྐོར་ལ་ལྷག་པར་ཤེས་འདོད་བྱུང་སྟེ། ས་གནས་ཀྱི་དཔེ་མཛོད་ཁང་མཉུལ་བས། སི་པན་གྱི་བུད་མེད་གསར་འགོད་པ་མིང་ལLea Terhuneཞེས་པ་ཞིག་གིས་བསྒྲིགས་ཤིང་བརྩམས་པ་མཚན་བྱང་དུ “Karmapa the Politics Reincarnation of Tibet” ཞེས་པའི་དཔེ་དེབ་ཞིག་རྙེད་ནས་ཐེངས་ཤས་བཀླགས་པས། ༧ཀརྨ་པའི་རྙོག་འཛིང་ཅན་གྱི་ལོ་རྒྱུས་ཐད་ནས་རྣམ་རྟོག་མང་བོ་ཞིག་ངང་གིས་སེལ་ཞིང་། དངོས་དོན་ལ་ངེས་ཤེས་རྣལ་མ་རེའང་འདྲོངས་ཐུབ་པ་བྱུང་། དེ་ནས་ཀརྨ་པ་སྐུ་གོང་མའི་མཛད་འཕྲིན་སྐོར་དྲི་རྩད་རྟོག་ཞིབ་བྱེད་པར་འབད་བརྩོན་བྱས། ཁོང་གི་རྨད་དུ་བྱུང་བའི་རྣམ་པར་ཐར་བ་ལ་ཡིད་སྨོན་ཡང་ཡང་ཤོར། ཁྱད་པར་དུ་ཡུ་གྲུབ་བརྙན་འཕྲིན་བརྒྱུད་སྐུ་ཕྲེང་བཅུ་དྲུག་པའི་ལོ་རྒྱུས་མཐོང་སྐབས། ང་རང་ཧང་སང་དགོས་པ་ཞིག་བྱུང་བ་ནི། ཀརྨ་པ་འདི་བ་དང་སྐུ་གོང་མའི་ཞལ་ཁྱིམ་དང་། སྤྱན་གཡོ་སྟངས། གསུང་ཉམས། སྐུ་གཟུགས་སྤྱིའི་ཉམས་འགྱུར་སོགས། སྐུ་གོང་མའི་རྣམ་འགྱུར་ཕལ་ཆེར་སྐུ་ཕྲེང་འདི་བའི་སྐུ་ཐོག་ཏུ་གསོན་གཟུགས་ལྟ་བུར་གྲུབ་ཡོད་པ་དེ་མཐོང་བས། ང་ལ་སྐྱེ་བ་སྔ་ཕྱི་ཡོད་པར་མངོན་སུམ་དུ་བསྟན་པ་ལྟ་བུའི་སྣང་ཚུལ་བྱུང་། ཀརྨ་པ་སྐུ་གོང་འོག་འདི་གཉིས་དགུང་ནའི་བབས་ཙམ་ལས་གཅིག་པ་གཅིག་རྐྱང་ཡིན་པའི་ངེས་ཤེས་སྐྱེས། སྤྱིར་ཀརྨ་པའི་ཡང་སྲིད་ཐད་རྩོད་གླེང་སྣ་ཚོགས་པ་ཞིག་བྱེད་བཞིན་པ་མཐོང་ཐོས་བྱུང་ནའང་། སྐུ་གོང་མའི་ཕྱག་ཡིག་དང༧རྒྱལ་དབང་ཐམས་ཅད་མཁྱེན་པའི་རྨི་ལམ་གྱི་གཟིགས་སྣང་གཉིས་རྩེ་མཐུན་བྱུང་འདུག་སྟབས། ཨྱོན་འཕྲིན་རྡོ་རྗེ་འདི་བ་ཀརྨ་པ་སྐུ་ཕྲེང་བཅུ་དྲུག་པ་ཆེན་པོ་བསམ་གཟས་ནས་བོད་སེམས་ཤེས་རིག་འཛིན་སྐྱོང་སྤེལ་བའི་འཕྲིན་ལས་ཀྱི་བྱེད་པོར། དུས་ཚོད་ཛ་དྲག་ཅན་འདི་འདྲར་གཟིགས་ནས་ཕེབས་པ་ཞིག་ཡིན་ནམ་སྙམ་དུ་བདག་ནི་རྟོག ངས་བསམ་གཞིག་བྱས་ཀྱིན་བྱས་ཀྱིན། ཀརྨ་པ་སྐུ་ཕྲེང་བཅུ་དྲུག་པ་དང་། ༧རྒྱལ་དབང་བཅུ་བཞི་བ་ཆེན་པོ་གཉིས་ཀྱི་བར་ཐུགས་བསྐྱེད་སྨོན་ལམ་གྱི་གསང་བའི་དགོངས་འགྲུལ་ཞིག་ཡོད་པ། ངའི་སེམས་ངོར་དབང་མེད་དུ་དྲངས་འོངས། ཆོས་ཕྱོགས་གནས་ཚད་ཀྱི་ཐོག་ནས་བལྟས་ན། བླ་ཆེན་འདི་ཚོར་སྐྱེ་འཆིའི་རང་དབང་ངེས་པར་དུ་ཡོད་དགོས་པ་རེད། གལ་སྲིད་མེད་ན་ནང་བར་ཁས་འཆེ་བའི་ཆོས་པ་སུ་ཞིག་ལ་སྐྱེ་འཆིའི་རང་དབང་ཞིག་ཡོད་སྲིད་དམ། ཀརྨ་པ་སྐུ་ཕྲེང་བཅུ་དྲུག་པ་ཅིའི་ཕྱིར་དགུང་ལོ༥༧ལས་མ་ཕེབས་པའི་སྐུ་ན་གཞོན་དུས་ཤིག་ནས་སྐུ་གཤེགས་ཚུལ་བསྟན་པ་ཡིན་ནམ། གནད་དོན་ནི་ཤིན་ཏུ་གསལ་བོ་ཞིག་སྟེ། འགྲོ་དོན་ཡོད་ན་སངས་རྒྱས་བྱང་སེམས་ཀྱི་སྤྲུལ་བ་འབྱུང་ངེས་ཤིང་། འགྲོ་དོན་མེད་ན་མི་འབྱུང་བ་ནི། ནང་བའི་ཆོས་ཀྱི་གདུལ་བྱ་འདུལ་བྱེད་ཀྱི་ལྟོས་འབྲེལ་ཞིག་རེད། སྐབས་དེར༧གོང་ས་མཆོག་དགུང་ལོ༤༧ཡིན་ཞིང་། ཁོང་གི་མཛད་པ་འཕྲིན་ལས་འཛམ་གླིང་ཐོག་དར་ཁྱབ་ཆེན་པོར་འགྲོ་བཞིན་པའི་སྒང་ཞིག་ཡིན་སྟབས། ཀརྨ་པ་སྐུ་ཕྲེང༡༦པས་རང་ཉིད་ཀྱི་མཇུག་མ་གྲུབ་པའི་མཛད་འཕྲིན་ཕལ་ཆེར་ཅམ་འཇོག་གིས། བོད་ཀྱི་གནས་བབ་དང་འཛམ་གླིང་གི་མ་འོངས་པར་ཐུགས་གཞིག་ཆེན་པོ་ཞིག་གནང་རན་པའི་དུས་ལ་བབ་ཡོད། དེར་བརྟེན་ཀརྨ་པ་སྐུ་ཕྲེང༡༦པ་སྔ་བོ་ཞིག་ནས་སྐུ་གཤེགས་པའི་ཚུལ་བསྟན་ཏེ། ༧གོང་ས་མཆོག་དང་ཁོང་གི་བར་ཡུལ་དུས་གནས་སྐབས་ལ་དཔགས་པའི་མཛད་འཕྲིན་སྐྱོང་རེས་ཀྱི་གསང་བའི་ཐུགས་སྨོན་ཞིག་ཡོད་པ་དེ་འགྲུབ་པའི་གྲ་སྒྲིག་གནང་ཡོད། ད་ལྟ༧གོང་ས་མཆོག་དགུང་གྲངས༨༠དང༧རྒྱལ་དབང་ཀརྨ་པ་དགུང་གྲངས༢༩སླེབས་ཡོད་སྟབས། ཁོང་རྣམ་གཉིས་ཀྱི་ཐུགས་བསྐྱེད་སྨོན་ལམ་དེ་དུས་བཏབ་པ་ལྟར་ཏག་ཏག་གནད་ཐོག་ཏུ་འཁེལ་ཡོད་པ་རེད། དཔལ་ལྡན་ཟླ་བ་གྲགས་པས། ཇི་ལྟར་རྒྱ་མཚོ་རོ་དང་ལྷན་ཅིག་དང༌། །བཀྲ་ཤིས་རྣ་ནག་མ་དང་ལྷན་ཅིག་བཞིན། ། ཞེས་གསུངས་པ་ལྟར། ཆོས་ཆེ་སར་བར་ཆད་ཀྱང་ཆེན་པོ་འབྱུང་གི་ཡོད་པས། ཀརྨ་པའི་མཛད་འཕྲིན་ཕྱི་ཕྱོགས་སུ་མཆེད་པར་དཀའ་ངལ་སྣ་ཚོགས་ཤིག་འཕྲད་ཀྱིན་ཡོད་ཀྱང་། འགལ་རྐྱེན་དུ་སྣང་བ་དེ་དག་ལེགས་པར་བསམས་ན་ནི། ཁོང་གི་མཐུན་རྐྱེན་དུ་གྱུར་འདུག་སྟེ། བླ་སྤྲུལ་དུ་མིང་བཏགས་པའི་དེང་དུས་བོད་པ་རེ་ཟུང་ལྟར། བླ་སྤྲུལ་གྱི་མིང་ཞིག་ལོན་འཕྲལ་རང་རྒྱུད་མ་སྨིན་གོང་ནས། རྒྱ་དཀར་ནག བོད་དང་སོག་པོ། ཨ་རི། ཡོ་རོབ་སོགས་སུ་དབང་སྐུར། རྒྱུད་བཤད། མན་ངན་གནང་བའི་ཁུར་འཛིན་པ་ནི། ཇི་སྐད་དུ། རང་ཉིད་མ་གྲོལ་གཞན་སྒྲོལ་གདམས་པ་མེད།། རང་ཉིད་མི་ཤེས་གཞན་སློབ་འཆད་རྩོམ་མེད།། རང་ཚོད་མ་རྟོགས་དུས་གསུམ་རིག་པ་མེད།། འབྲོག་རིའི་དགེ་སྦྱོང་དེ་ལ་བདག་ཕྱག་འཚལ།། ཞེས་པའི་དོན་ལས་གཞན་པའི་དགག་དགོས་ཅིའང་ཡོད་པར་མི་སྣང་ལ། འོན་ཏེ། ངས་ཤེས་ཚོད་ཅིག་ལ། ཀརྨ་པ་འདི་བ་ནི་བཀག་རྒྱ་ཅན་གྱི་འདས་པའི་མི་ལོ་བཅོ་ལྔའི་རིང་། ༧གོང་ས་མཆོག་གིས་གཙོས། གྲུབ་མཐའ་རིས་མེད་ཀྱི་བླ་མ་དགེ་བའི་བཤེས་གཉེན་ཚད་དང་ལྡན་པ་དུ་མའི་ཞབས་ལ་གཏུགས་ཏེ་ཐུབ་བསྟན་སྤྱི་དང་། ཁྱད་པར་ཀམ་ཚང་རང་ལུགས་ཀྱི་མཐོང་བ་བརྒྱུད་པའི་ཕྱག་བཞེས་ཕལ་ཆེར་དགོངས་པར་གསལ་ཞིང་། ཕྱི་དགུང་ནའི་བབ་དང་ནང་ལུང་རྟོགས་ཀྱི་ཡོན་ཏན་ཚད་ལོན་ཙ་ན། ལས་སྨོན་རྟེན་འབྲེལ་གྱི་ཆོས་ཉིད་དུས་སུ་སྨིན་ནས། འགྲོ་འདུལ་དུས་བབ་ཀྱི་སྒོ་མོ་རྒྱ་ཆེར་འབྱེད་པའི་མགོ་རྩོམ་གྱིན་ཡོད། ༧གོང་ས་མཆོག་ཕུད་པའི་སའི་གོ་ལའི་ནང་བསྟན་ཆོས་ལུགས་ཀྱི་དབུ་ཁྲིད་ཁྲོད། ཀརྨ་པ་ནི་ཤུགས་རྐྱེན་ཆེ་ཤོས་དང་གདུལ་ཞིང་མང་ཤོས་ཀྱི་བླ་མར་ཆགས་སྲིད་པ་འདྲ་སྟེ། འཛམ་གླིང་འདིར་ནང་བའི་རྒྱལ་ཁབ་ཆེ་ཤོས་ཤིག་ནི། རྒྱ་ནག་རྒྱལ་ཁབ་ཡིན་ཞིང་རྒྱ་མི་རིགས་རྣམས་ནི། ཆོས་ཀྱི་རྒྱལ་བོ་རིན་པོ་ཆེའམ། ཀརྨ་པ་ཞེས་ལབ་དུས་སངས་རྒྱས་གསོན་པོ་ཞིག་དང་། ཀརྨ་པ་ཞེས་པའི་མཚན་ཙམ་ཐོས་ནའང་སྐྱེ་བ་བདུན་ལ་ངན་སོང་ཡོད་པ་མ་རེད། ཅེས་བསམ་ཡུལ་ལས་འདས་པའི་དད་གུས་དང་། བརྩི་མཐོང་ཆེན་པོ་བྱེད་ཀྱིན་འདུག གནས་ཚུལ་དེ་ལས་མཐོང་ཐུབ་པ་ཞིག་ནི། ཀརྨ་པའི་འདུལ་ཞིང་རྒྱ་མི་རིགས་དང་། རྒྱ་རིགས་དར་ཁྱབ་ཏུ་སོང་བའི་འཛམ་གླིང་ཡུལ་གྲུ་སོ་སོར་ཁྱབ་ཡོད་པར་ཤུགས་ཀྱིས་རྟོགས་ཐུབ་པ་ཞིག་རེད། ད་རེབ༧རྒྱལ་དབང་ཀརྨ་པ་མཆོག་གི་ཆིབས་བསྒྱུར་ཐད་ནས་བསམ་ཚུལ་རོབ་ཙམ་ཞུས་ན། ཆིབས་བསྒྱུར་འདིར་ལོ་རྒྱུས་ཀྱི་དོན་སྙིང་ཆེན་པོ་ལྔ་ལྡན་ཡོད་པར་འདོད། གཅིག ཆིབས་བསྒྱུར་འདི་ཁོང་བཙན་བྱོལ་དུ་ཕེབས་ནས་ད་བར་ཕྱིའི་རྒྱལ་ཁབ་ཅིག་ཏུ་འགྲུལ་བཞུད་ཀྱི་དུས་ཡུན་རིང་ཤོས་དེར་ཆགས་ཡོད། དུས་ཡུན་དེའི་རིང༧དཔལ་རྒྱལ་དབང་ཀརྨ་པ་མཆོག་གི་མཚན་གནས་རྗེས་འབྲེལ་གྱི་ཡུལ་གྲུ་སོ་སོའི་དད་ལྡན་སེར་སྐྱ་གང་མང་ཞིག་གིས། རིང་ནས་ཡིད་ལ་བརྣགས་པའི་རེ་འདོད་མངོན་དུ་གྱུར་ཡོད་སྟབས། ཁོང་ཚོར་ལྟོས་ན་སྐོམ་པས་གདུངས་པ་ལ་ཡན་ལག་བརྒྱད་ལྡན་གྱི་མཚོ་ཆེན་གློ་བུར་དུ་བརྡོལ་བ་ལྟ་བུའི་བགོ་སྐལ་རྨད་དུ་བྱུང་བ་ཞིག་བྱུང་ཡོད་པ་དང་། བླ་མའི་ངོས་ནས་བལྟས་ན། སྐུ་ཕྲེང་སྔ་ཕྱིའི་མཛད་འཕྲོ་མུ་མཐུད་སྐྱོང་ཐུབ་པའི་གོ་སྐབས་གང་ལེགས་ཤིག་དམ་འཛིན་བྱུང་ཐུབ་པས་མ་ཚད། ཁོང་གི་མ་འོངས་པའི་འཕྲིན་ལས་ཀྱི་ཁ་ལོ་བསྒྱུར་ཕྱོགས་ལ་ཉམས་མྱོང་རང་བཞིན་གྱི་དམིགས་སྒྲོམ་ཡང་བཟོ་འགོད་གནང་ཐུབ་པ་བྱུང་ཡོད། གཉིས། ཆིབས་བསྒྱུར་གྱི་དབུ་འཛུགས་སྟངས། གུས་པས་མཐོང་ཐོས་ཤིག་ལ། ༧རྒྱལ་དབང་ཀརྨ་པ་མཆོག་གི་ཐེངས་འདིའི་ཨ་རིའི་འགྲུད་བཞུད་ཀྱི་དབུ། རྒྱལ་ཁབ་འདིའི་མངའ་སྡེར་གཏོགས་པའི་མཚོ་གླིང་། ཧ་ཝ་ཡས་ནས་མགོ་བརྩམས་ཡོད་པ་ཞིག་ཡིན་པ་འདྲ། དེ་ལྟར་ན། མཚོའི་གླིང་མ་དེ་དག་ཏུ་འཚོ་སྡོད་བྱེད་པའི་མི་རྣམས་ནི། ལོ་རྒྱུས་ཀྱི་ངོས་ནས་བལྟས་ན། ཕོ་ལིའི་ནི་ཤིའི་ཡན་ཞེས་ཞི་བདེ་རྒྱ་མཚོའི་མཚོ་ཚལ་དང་། གླིང་ཕྲན་གཞན་པ་དག་ལས་འོང་པའི་མི་རིགས་ཕྱོགས་འདུ་བྱས་པ་ལས་གྲུབ་པ་ཞིག་ཡིན་པ་དང་། དེ་དག་རང་རང་གི་ཡུལ་སྲོལ་གོམས་གཤིས་མི་འདྲ་བ་དང་། རང་ཚུགས་ཅན་གྱི་རྒྱལ་ཕྲན་མང་བོ་ཞིག་བྱུང་བའི་ལོ་རྒྱུས་ཡོད་ཀྱང་། རང་ཉིད་གཞན་འོག་ཏུ་ཤོར་ཁར་ལུང་པའི་འཛུགས་སྐྲུན་དང་། ཤེས་ཡོན་ཡང་ཡར་བསྐྱེད་དེ་ཙམ་མེད་པས། ཨ་རིའི་སྐམ་ས་དང་གྲོང་ཁྱེར་ཆེ་ཁག་ལ་ལྟོས་ན་ད་དུང་རྗེས་ལུས་ཀྱི་རྣམ་པ་ཤུགས་ཆེན་པོ་མངོན་པ་མ་ཟད། ཡུལ་བདག་དངོས་ནི་རང་ཡུལ་ནས་གཞན་གྱི་གཡོག་པོ་དང་། གྲལ་རིམ་གཉིས་པ་དང་གསུམ་པའི་གྲས་སུ་ལྷུང་བཞིན་ཡོད། ༧ཀརྨ་པའི་མཁྱེན་བརྩེའི་འོད་སྣང་ཐོག་མར་མཚོ་གླིང་དེར་ཤར་བ་ནི། ཀརྨ་པ་ཉམ་ཆུང་སྐྱེ་འགྲོའི་མགོན་དཔུང་དུ་བཞེང་རྒྱུ་ཡིན་པ་ངང་གིས་མཚོན་པ་མ་ཟད། མཚོ་གླིང་དེར་འགྲུལ་བཞུད་གནང་བ་ལས། བོད་གངས་ཅན་པའི་ལས་དབང་དང་། བདེ་སྡུག་ལ་ལྷག་པར་ཡང་རྗེས་སུ་ཆགས་པའི་དགོངས་ཚོར་གཏིང་ཇེ་ཟབ་ཏུ་ཕྱིན་ཡོད། གསུམ་པ། ཤེས་ཡོན་གྱི་ལྟེ་གནས་ཁག་ནི། མིའི་རིགས་ཀྱི་ཡར་ཐོན་སྤྱི་ཚོགས་སྐྱེ་འཕེལ་གྱི་ཨ་མ་ལྟ་བུ་ཡིན། གལ་སྲིད་ཤེས་རིག་གི་བསྟི་གནས་ཚད་ལྡན་ཞིག་ཡིན་ཚེ། དེས་གོ་ལ་ཧྲིལ་བོའི་བདེ་སྡུག་གི་གནས་བབ་ལ་སྟངས་འཛིན་བྱེད་སྲིད། ཐེངས་འདིར༧རྒྱལ་དབང་ཀརྨ་པ་མཆོག འཛམ་གླིང་ན་སྙན་པའི་གྲགས་པ་འབྲུག་ལྟར་གྲགས་པའི་ཨ་རིའི་གཙུག་ལག་སློབ་ཆེན་ཁག་ཏུ་མཛད་འཆར་བསྐྱངས་ཐུབ་པ་ནི། འཛམ་གླིང་སྤྱི་དོན་དང་། བོད་པའི་དགོས་དོན། ཀརྨ་པའི་མཚན་དོན་བཅས་པར་དོན་སྙིང་ཆེན་པོ་ལྡན་ཡོད། དེང་རབས་ཀྱི་ཆེས་སྟབས་ཀ་བདེ་ཞིང་མྱུར་ཤུགས་འཛོམས་པའི་འགྲིམ་འགྲུལ་གྱི་བརྒྱུད་ལམ་ཁག་ནས། བོད་ཀྱི་ནང་བའི་བླ་ཆེན་ཞིག་གིས། ཕྱི་སྣོད་འཇིག་རྟེན་དང་། ནང་བཅུད་སེམས་ཅན་བར་གྱི་ལྟོས་བཏགས་ཀྱི་རང་བཞིན་དང་། ཆོག་ཤེས་བྲལ་བའི་འགྲོ་བ་མིའི་གཤིས་སྤྱོད་ལས་བྱུང་བའི་སྐྱེ་ཁམས་ཁོར་ཡུག་ལ་ཐེབས་པའི་ཚབས་ཆེན་རང་བཞིན་གྱི་གནོད་སྐྱོན། འཕྲལ་སེལ་རང་དོན་ལས། སྤྱི་དོན་ཕུགས་རྒྱང་མཐོང་མ་ཐུབ་པའི་ང་ཚོའི་མཐོང་རྒྱ། བདེ་སྐྱིད་ཀྱི་འཚོ་བ་ཞེས་པ་ནི། སྐྱེ་ཁམས་ཁོར་ཡུག་ཡག་པོ་ཞིག་དང་། མེད་ན་མི་འབྱུང་བའི་འབྲེལ་བ་དམ་ཟབ་ཡོད་པའི་གལ་ཆེན་རང་བཞིན་གྱི་གནས་ལུགས་སོགས། ཉམས་ཞིབ་དང་གཏན་ཚིགས་ཀྱི་ལམ་ནས་འགྲེལ་བཤད་གནང་བའི་རིན་ཐང་བྲལ་བའི་བཀའ་སློབ་དག་གིས། སྐྱེ་ཁམས་ཁོར་ཡུག་ཐད་མི་གྲངས་ཁྲི་སྟོང་མང་བོར་ཛ་དྲག་གི་ཉེན་བརྡ་དང་། རྒྱུན་ཤེས་ཀྱི་གོ་རྟོགས། ཚོར་ཤུགས་རྣོན་པོ་བསྐྲུན་ཐུབ་ཡོད་པ་རེད། བཞི། ཀརྨ་པར་ཐེངས་འདིར་འཛམ་གླིང་ནང་གཙུག་ལག་སློབ་ཆེན་གྱི་ཡང་རྩེ་ལྟ་བུར་གྱུར་པའི་ཨ་རིའི་ཡེལ་གཙུག་ལག་སློབ་ཆེན་གྱིས(Yale University)ཁོར་ཡུག་སྲུང་སྐྱོབ་དང་འབྲེལ་བའི་ཆེ་བསྟོད་གཟེངས་རྟགས། ཡེལ་ཆབ་ཧྥིའི་ལོ་ཤེབ “Yale Chubb Fellowship”ཞེས་པའི་གཟེངས་རྟགས་དང་། ཁ་ལི་ཧྥོར་ནིའི་ཡའི་རེ་སྒྲི་ལན་སྒྲི་སློབ་གྲྭ་ཆེན་མོསUniversity of Redlandsམཁས་དབང་འབུམ་རམས་པའི་ཆེ་བསྟོད་གཟེངས་རྟགས་འབུལ་ལམ་ཞུས་འདུག (Honorary Doctor of Humane Letters degree)གཟེངས་རྟགས་འདི་དག་ནི། ༧རྒྱལ་དབང་ཀརྨ་པ་སྐུ་གོང་མའི་ཐུགས་བསྐྱེད་དང་། བོད་མི་མང་གི་ལས་དབང་ལ་བཏབ་པའི་མ་འོངས་བརྡ་རྟགས་ཤིག་ཡིན་སྲིད། ༧རྒྱལ་དབང་ཀརྨ་པས་ཡེལ་དང་ཕི་རིན་སི་ཁྲོན་གཙུག་ལག་སློབ་ཆེན་དུ་མཛད་འཆར་གྱི་ལས་གཞི་འགའ་ཞིག་མགོ་ཚུགས་ཟིན་པ་ནི། འབྱུང་འགྱུར་ཁོང་གི་གོ་ལ་རང་བཞིན་གྱི་རླབས་ཆེ་བའི་དགོངས་བཞེས་ཁག ཁ་ཕྱོགས་ཡོད་པ། རྨང་གཞི་ཡོད་པ། ཐབས་ཤེས་ལེགས་པ་བཅས་ཀྱི་ལམ་བུ་སྲ་བརྟན་ཞིག་གི་སྒང་ཕེབས་བཞིན་ཡོད་པ་གསལ་སྟོན་གནང་ཡོད། ད་དུང་སློབ་ཆེན་གཞན་ཁག་ཏུ་མཛད་འཆར་རྒྱ་བསྐྱེད་བོད་སེམས་ཤེས་རིག་གི་ནུས་པ་དང་། རིན་ཐང་ཐད་གཏན་འབེབས་རང་བཞིན་གྱི་གོ་གནས་དང་གདེངས་འཇོག་ཐོབ་ཐབས་ལ་འབད་བརྩོན་དགོངས་བཞེས་གནང་བཞིན་ཡོད་པ་ནི་དོགས་པ་བྱ་མ་དགོས་པ་རེད། ལྔ་བ། ཀརྨ་པ་ཐེངས་འདིའི་ཆིབས་བསྒྱུར་བརྒྱུད་ནས། འཛམ་གླིང་ན་དྲྭ་རྒྱའི་ཚོང་ར་ཆེ་ཤོས་གྷོ་གྷལ་དང་། ངོ་དེབ་གཉིས་ཀྱི་སྐུ་མགྲོན་དུ་ཕེབས་ཡོད། བོད་ཀྱི་སྲོལ་རྒྱུན་ཤེས་རིག་གི་ཚེ་སྲོག དུས་རབས་གསར་བའི་མཁའ་དབུགས་ཀྱི་ངོགས་ལེགས་པར་འཚོ་ཞིང་གནས་ཐུབ་པའི་དོན་ཆེན་ལ་ཐུགས་ཁུར་གནང་མཁན་ཞིག་དང་། ཚན་རིག་གིས་བརྟོལ་བཞིན་པའི་ངོ་མཚར་བའི་གསང་བ་མང་བོ་མཁྱེན་འདོད་ཡོད་མཁན་ཞིག་གི་ངོས་ནས་བལྟས་ན། གོ་སྐབས་དེ་ནི་ཅི་འདྲའི་དོན་སྙིང་ལྡན་ཞིང་རིན་ཐང་ཆེ་བ་ཞིག་རེད་ཨང་། ཁོང་གིས་ནུས་ཤུགས་གཅིག་ལ་བརྟེན་པའི་འཕྲུལ་ཆས་ཀྱི་མ་ལག་མི་འདྲ་བ་རེ་རེ་ནས། སྟབས་བདེའི་བཀོལ་སྤྱོད་ཀྱི་རྣམ་གྲངས་སྣ་ཚོགས་ཀྱིས། གོ་ལ་ཧྲིལ་བོར་སྟངས་འཛིན་བྱེད་བཞིན་ཡོད་པ་དང་། དེ་དག་གི་རྩ་བ་སེམས་གསལ་རིག་གི་རང་བཞིན་ལས་བྱུང་བ། སེམས་གསལ་རིག་གི་རང་བཞིན་དེའང་སེམས་ཉིད་ཐོག་མ་དང་མཐའ་མ་མེད་པའི་ཆོས་ཀྱི་དབྱིངས་ལས་བྱུང་བ་སྟེ། དངོས་ཁམས་དང་སེམས་ཁམས་ཀྱི་ཐ་མའི་གཏུག་ས་དེའང་ཆོས་ཀྱི་དབྱིངས་ལ་ཐུག་ཡོད་པའི་ངོ་མཚར་བའི་གསང་བ་ཆེན་པོར་ཐུགས་དགོངས་ཇེ་ཟབ་ཏུ་ཕྱིན་ཡོད་པ་སྨོས་མ་དགོས། ༧རྒྱལ་དབང་ཀརྨ་པའི་ཆོས་ཕྱོགས་ཀྱི་མཛད་སྒོ་འགའ་ཞིག་ལ་རང་ཉིད་དངོས་སུ་ཞུགས་ཐུབ་པའི་སྐལ་བཟང་མྱོང་ཚོར་ཅུང་ཟད་གླེང་ན། ༧ཀརྨ་པ་ནི་ལུང་གི་ཁ་འཛིན་ལས་རིགས་པའི་ཁ་འཛིན་ཤུགས་ཆེན་པོ་ཞིག་ཡིན་པ་དང་། རྟོག་ལྗོངས་ལས་དངོས་བཀོད་གཙིགས་སུ་འཛིན་མཁན། རང་གི་ལྟ་དགོངས་ལས་གཞན་གྱི་མོས་ཁམས་རྩ་ཆེར་བརྩི་བ། མཁས་པའི་སྤྲོས་བཤད་ལས་ཉམས་མྱོང་དོན་བཤད་ལ་མཁས་པ། གང་གསུང་ཕལ་ཆེར་གནད་ཐོག་ཏུ་ཧྲིལ་གྱིས་འདྲིལ་འགྲོ་བ་ཞིག་རེད་སྙམ། དྲི་བ་དྲི་ལན་ལ་ཐུགས་སྣང་ཆེ་ཞིང་། དྲི་བ་འདོན་མཁན་ཕལ་ཆེར་ལ་གོ་སྐབས་གཅིག་མཚུངས་སུ་སྤྲོད་ཅི་ཐུབ་བྱེད་པ། བཀའ་ལན་གནང་ཚེ་སྤྱན་གཉིས་ནམ་མཁར་ཡང་ཡང་གཟིགས་ཤིང་། གང་གསུངས་པ་རྣམས་དགོངས་པ་མཐོན་པོའི་དབྱིངས་ཤིག་ནས་གསུང་གིན་ཨེ་ཡོད་སྙམ་པའི་ཚོར་བ་ཞིག་ངང་གིས་དྲངས་འོངས། ད་ལོ་འདིར་ཕྲན༧ས་སྐྱ་རིག་འཛིན་དང་། ༧ཀརྨ་པ་རྣམ་གཉིས་ཀྱི་བཀའ་ཆོས་ལ་བཅར་རྒྱུའི་སྐལ་བཟང་ཤར་བ་རེད། ང་ལ་སེམས་ཚོར་ལྕི་མོ་ཞིག་བྱུང་བ་ནི། བླ་མ་རྣམ་གཉིས་ནི་བོད་པ་དང་། བོད་པའི་བླ་ཆེན་རེད། གསུང་རྒྱུའི་ཆོས་ཀྱང་བོད་བརྒྱུད་ནང་བསྟན། དེ་ལས་གསང་བ་སྔགས་ཀྱི་ཆོས་སྐོར་རེད། བཀའ་ཆོས་ཀྱི་ཞབས་ཞུའི་གྲས་སུ་བོད་པ་ཤིན་ཏུ་ཉུང་ཞིང་། ཕལ་ཆེར་རྒྱ་རིགས་ཆོས་གྲོགས་དང་། ཕྱི་རྒྱལ་ཆོས་གྲོགས་ཚོ་རེད། དེ་བཞིན་ཆོས་རའི་ཞལ་འདོན་གསུང་སྐབས་ཀྱང་། རྒྱ་མིན་བོད་མིན་གྱི་ཚིག་རབ་རིབ་དང་གདངས་ལྡབ་ལྡིབ་ཅིག་གི་འོག་ཞལ་འདོན་གསུང་བཞིན་འདུག དེ་བཞིན་བཀའ་ཆོས་ཀྱི་ཐོག་མཐའ་བར་གསུམ་དུ་གཏོང་བཞིན་པའི་རོལ་དབྱངས་དང་། ཞལ་འདོན་ཁག་ཀྱང་བོད་བརྒྱུད་ནང་བསྟན་གྱི་མཛད་སྒོ་ཞིག་ལ་ལྟོས་ན། དེ་ཙམ་གྱིས་བརྗིད་ཆེན་པོར་ཚོར་མ་སོང་། མི་ཚོགས་ལའང་དོ་སྣང་དེ་ཙམ་བསྐྲུན་ཐུབ་ཀྱི་མི་འདུག བྱུང་ན། གསུང་ཆོས་ཀྱི་དབུ་ཞབས་དག་ཏུ་བོད་རང་གི་སྲོལ་རྒྱུན་ལྟར་གྱི་བརྗིད་ཆེ་ལ། གཏིང་ཟབ་པའི་འདོན་རྟ་དབྱངས་ཏེ། དཔེར་ན། རྒྱུད་སྟོད་པའི་ནག་པོ་ཆེན་པོ་དང་། གཤིན་རྗེ་གཤེད་ལྟ་བུའི་གདངས་གཏོང་ཐུབ་ཚེ། དེ་ལ་ཧི་མ་ལ་ཡའི་རི་ཀླུང་ནས་ཁྱེར་ཡོང་བའི་བྱིན་རླབས་ཀྱི་ཚན་ཁ་དང་། ནུས་ཤུགས་ཀྱི་རླབས་མི་འདྲ་བ་ཞིག་ཡོད་པ་རེད། དེ་བཞིན་སྐབས་སྐབས་སུ་བོད་རང་གི་གངས་ལྗོངས་དང་། སྦས་ཡུལ། མཛེས་ཤིང་ཡིད་དུ་འོང་བའི་རི་ཆུ་ནགས་ཀློང་རྒྱབ་ལྗོངས་སུ་བཀོད་པའི་བླ་མ་དང་། མཁས་ཆེན། རྣལ་འབྱོར་བ། གྲུབ་ཐོབ་ལྟ་བུའི་ལོ་རྒྱུས་རྣམ་ཐར་རེ་བསྟན་ཐུབ་པ་བྱུང་ན་ཤིན་ཏུ་ཡག་པོ་འདུག དཔེར་ན། ཐེངས་འདིའི་མི་འཁྲུགས་པའི་བཀའ་དབང་སྐབས། རྒྱ་མིན་བོད་མིན་གྱི་རོལ་གདངས་ཤིག་བཏང་རུང་། མི་ཚོགས་ཁ་བརྡར་གཡེངས་ནས་དོ་སྣང་ཅིའང་འདྲེན་མ་ཐུབ། ༧རྒྱལ་བ་ཀརྨ་པ་ངོས་འཛིན་ཇི་ལྟར་གནང་བའི་ལོ་རྒྱུས་སྐོར་གྱི་གློག་བརྙན་བརྗིད་ཆགས་པོ་དེ་སྟོན་སྐབས། ཞི་གནས་སྒོམ་པ་ལྟར་ཆོས་ཞུ་བ་ཚང་མ་གློ་བུར་དུ་འཇམ་ཐིང་ངེར་བཏང་སྟེ། ༧ཀརྨ་པ་དངོས་འཛིན་གྱི་གློག་བརྙན་ནང་སེམས་ཐིམ་སོང་བ་ལྟ་བུ་རེད། ངས་དོན་དག་འདི་གལ་ཆེན་པོར་མཐོང་གི་ཡོད། བོད་བརྒྱུད་ནང་ཆོས་དང་འབྲེལ་བའི་མཛད་སྒོ་ཆེ་ཁག་ལ། བོད་པ་རང་གི་དྲི་མ་མ་ཡལ་བའི་གདངས་དང་ཞལ་འདོན། སྐུ་གསུང་ཐུགས་རྟེན་སོགས་འགྲེམས་སྟོན་ཐུབ་པ་ཡིན་ན། ཆོས་ཞུ་བ་ཚོར་བོད་བརྒྱུད་གསང་ཆེན་སྔགས་ཀྱི་ཞིང་ཁམས་ཤིག་གམ། གསང་བ་བསམ་གྱིས་མི་ཁྱབ་པའི་དཀྱིལ་འཁོར་བྱིན་ཅན་ཞིག་གི་ནང་འཇུག་བཞིན་པ་ལྟ་བུའི་ཚོར་སྣང་སླེབས་ཐུབ་ཀྱི་རེད། ལར་ནས་ད་རེབ་ཀྱི༧རྒྱལ་དབང་ཀརྨ་པ་ཨ་རིར་གདན་འདྲེན་བྱེད་མཁན་གྱི་ལས་ཀྱི་སྣེ་མོར་གཏོགས་པ། ༧ཀརྨ་པའི་མཛད་འཕྲིན་ལ་གཞོགས་འདེགས་ཟླ་མེད་སྒྲུབ་མཁན། གནས་ནང་བླ་མ་ཚེ་དབང་དང་། བླ་མ་ཚུལ་ཁྲིམས་རྣམ་གཉིས་ཀྱིས་སྐུ་ངལ་མང་བོ་ཞིག་ཐུགས་སྟོབས་ཀྱི་དད་དཔུང་བརྟན་པོས་ཕྲག་ཏུ་བླངས་ཏེ། ༧དཔལ་རྒྱལ་བ་ཀརྨ་པའི་མཛད་འཕྲིན་ལ་འཕྱར་གྲུ་མཉམ་འདེགས་གནངས་དང་གནང་བཞིན་ནི། སྐྱེས་པུ་དམ་པའི་རྣམ་ཐར་བསྔགས་བརྗོད་ཀྱི་མེ་ཏོག་ཡང་ཡང་འཐོར་འོས་པ་ཞིག་རེད། འཇམ་དཔལ་དབྱངས་ཀྱི་བཀའ་དབང་ཞུ་བའི་བར་གསང་ཞིག་ཏུ། ཀརྨ་ཐེག་གསུམ་ཆོས་གླིང་གི་གཞི་འཛིན་བླ་མ། སྡེ་སྣོད་འཛིན་པ་བླ་མ་ཚུལ་ཁྲིམས་མཆོག་གི་ཐུགས་བཀོད་འོག ནད་ཚབས་ཆེན་གྱི་དཀའ་ངལ་ཡོད་པའི་སྐྱེ་བོ་ཉམ་ཐག་ཁ་ཤས་ལ༧ཀརྨ་པར་དམིགས་བསལ་མཇལ་བཅར་གྱི་གོ་སྐབས་ཤིག་བསྐྲུན་ཅིང་། ངའི་བུའང་ནད་གཞི་ལས་དྲག་མ་ཐག་པ་ཞིག་ཡིན་པས། ངའི་ཁྱིམ་ཚང་ལའང་མཇལ་ཁའི་གོ་སྐབས་ཤིག་ཐོབ། ང་ཚོས་ཁང་བ་ཞིག་ཏུ་ཁོང་དུས་ཚོད་སྐར་མ༢༠ཙམ་ངང་སྒུག་བྱེད་མུར། ༧ཀརྨ་པ་ཕེབས་བྱུང་། སྐུ་གཞོན་ཉམས་རྒྱས་ཤིང་གཟི་བརྗིད་ཆེན་པོ་རེད། བླ་མའི་སྐུ་ངའི་མིག་ནང་དུ་མི་ཤོང་བ་ལྟ་བུའི་ཚོར་སྣང་བྱུང་། སྣང་ཚུལ་དེ་འདྲ་ང་སྔོན་མར་ཀུན་གཟིགས་པན་ཆེན་རིན་པོར་ཆེར་མཇལ་སྐབས་ཀྱང་སྐྱེས་མྱོང་། མི་མངོན་པའི་བྱིན་རླབས་ཀྱི་ནུས་ཤུགས་ཤིག་ཀྱང་ཁོང་གི་མཐའ་སྐོར་ན་ཡོད་པ་ཚོར། བླ་མས་ཕྱག་ནས་གཏོར་ཏེ་བྱིན་འབེབས་གནང་རྗེས། ང་ཚོ་མི་ཚང་རེ་རེ་ཁོང་གི་འཁྲིས་སུ་བཅར་ནས་མཉམ་པོར་པར་བླངས། ང་ཁོང་དང་ཉེ་སར་བཅར་ནས་པར་ལེན་སྐབས། སྲིད་པའི་གངས་རྒན་བརྗིད་པོ་ཞིག་གི་འདབས་ནས་པར་ལེན་བཞིན་ཡོད་པའི་ཚོར་སྣང་སྐྱེས། སྤྱིར་ང་ལ་མཚོན་ན་བླ་མ་སྐྱེས་ཆེན་དང་མཉམ་པོར་པར་ལེན་རྒྱུ་དེ་ཙམ་དགའ་བོ་མེད། པར་དེ་ཡར་མཆོད་སྟེགས་སུ་བཞག་ན་ནང་ལ་སྐྱེ་བོ་ཐ་མལ་བ་ཡོད་པས་མི་རུང་། དཀྱུས་མའི་པར་དང་མཉམ་པོར་བཞག་ན། ནང་ན་བླ་མ་ཡོད་པས་སྟེང་དུ་འགོམ་ཡུག་སོགས་བྱུང་ཚེ་ཉེས་པ་བསགས་པ་ཡིན། གང་ལྟར་ངས་གཏམ་སྙོག་གཡོས་བླུག་མ་དེ་འདི་ནས་རྫོགས་པར་བྱས་སོ།། ཞུ་དག་སོང་མེད་པས་དགོངས་འགལ་མེད་པར་ཞུའོ།།
དཔྱོད་ལྡན་གྱི་དྲ་གྲོགས་རྔ་བ་རྒྱལ་ཁམས་པས་༧རྒྱལ་དབང་ཀརྨ་པའི་ཆིབས་བསྒྱུར་འབྲེལ་བའི་དགོངས་ཚུལ་གཏིང་ཟབ་མོ་ཞིག་སྤེལ་འདུག་པ་དེས་གློ་མགུ་བར་མ་ཟད། ལོ་རྒྱུས་ཀྱི་བཅུད་མ་བོར་ཞིང་། དུས་རབས་ཀྱི་འགྲོས་མ་དོར་བའི་ཟླ་མེད་པའི་ལེགས་བཤད་འགའ་རེ་ཡང་རྙེད་པས་བཀའ་དྲིན་མི་ཆུང་བ་ཞུ། སླད་ནས་ཀྱང་གློག་རིན་ཡོད་པའི་རྩོམ་ཡིག་འདི་འདྲ་བ་མང་ཙམ་ང་ཚོའི་མིག་སྔར་བཤམས་ཐུབ་པའི་རེ་བ་ཡོད།
་་་་་་་་་་་་་་་་ སླད་མེད་ཀྱི་ཡང་སྲིད་ལམ་ལུགས་ཀྱིས་ཀྱང་ཕ་རོལ་བོའི་མཚན་སྙན་གྲགས་དང་། རིགས་རུས་མཐོ་དམན་གྱི་ངང་ཚུལ་ལ་མི་བལྟ་བར་དངོས་ཐོག་བདེན་འཚོལ་གྱིས། དཔོན་གཡོག་དང་གྲལ་རིམ་གྱི་སྣང་ཚུལ་ཞེས་པ་རྦད་དེ་གོ་རིམ་ཟློག་བཞིན་ཡོད།
དེའི་དཔེ་མཚོན་ཡག་ཤོས་ཤིག་ནི། སོ་ནམས་པའི་བུ་ལྷ་མོ་དོན་གྲུབ་དང་། མདོ་ཁམས་ལྷ་ཐོག་ཁུལ་གྱི་འབྲོག་ཁྱིམ་དཀྱུས་མའི་ཨ་མ་བློ་དགའི་བུ་ད་ལྟའི་ཀརྨ་པ་ལྟ་བུ་རེད།
གནས་སྟངས་དེའི་ཐོག་ནས་བལྟས་ན། བོད་ཀྱི་སྤྲུལ་སྐུའི་ལམ་ལུགས་དེར་བརྗོད་མི་ཤེས་པའི་གདུལ་བྱ་འདུལ་བྱེད་ཀྱི་གསང་བའི་ནུས་པ་ཞིག་ནི་ཡོད་ཐག་ཆོད་རེད། ་་་་་་་་་་་་་་་
་་་་་་་་་་ སྤྱིར་ཀརྨ་པའི་ཡང་སྲིད་ཐད་རྩོད་གླེང་སྣ་ཚོགས་པ་ཞིག་བྱེད་བཞིན་པ་མཐོང་ཐོས་བྱུང་ནའང་། སྐུ་གོང་མའི་ཕྱག་ཡིག་དང༧རྒྱལ་དབང་ཐམས་ཅད་མཁྱེན་པའི་རྨི་ལམ་གྱི་གཟིགས་སྣང་གཉིས་རྩེ་མཐུན་བྱུང་འདུག་སྟབས།
ཨྱོན་འཕྲིན་རྡོ་རྗེ་འདི་བ་ཀརྨ་པ་སྐུ་ཕྲེང་བཅུ་དྲུག་པ་ཆེན་པོ་བསམ་གཟས་ནས་བོད་སེམས་ཤེས་རིག་འཛིན་སྐྱོང་སྤེལ་བའི་འཕྲིན་ལས་ཀྱི་བྱེད་པོར། karmapa 2དུས་ཚོད་ཛ་དྲག་ཅན་འདི་འདྲར་གཟིགས་ནས་ཕེབས་པ་ཞིག་ཡིན་ནམ་སྙམ་དུ་བདག་ནི་རྟོག ་་་་་་་་་་་་་་་་་
་་་་་་་་་་་ ད་ལོ་འདིར་ཕྲན༧ས་སྐྱ་རིག་འཛིན་དང་། ༧ཀརྨ་པ་རྣམ་གཉིས་ཀྱི་བཀའ་ཆོས་ལ་བཅར་རྒྱུའི་སྐལ་བཟང་ཤར་བ་རེད། ང་ལ་སེམས་ཚོར་ལྕི་མོ་ཞིག་བྱུང་བ་ནི། བླ་མ་རྣམ་གཉིས་ནི་བོད་པ་། བོད་པའི་བླ་ཆེན་རེད། གསུང་རྒྱུའི་ཆོས་ཀྱང་བོད་བརྒྱུད་ནང་བསྟན། དེ་ལས་གསང་བ་སྔགས་ཀྱི་ཆོས་སྐོར་རེད། བཀའ་ཆོས་ཀྱི་ཞབས་ཞུའི་གྲས་སུ་བོད་པ་ཤིན་ཏུ་ཉུང་ཞིང་། ཕལ་ཆེར་རྒྱ་རིགས་ཆོས་གྲོགས་དང་། ཕྱི་རྒྱལ་ཆོས་གྲོགས་ཚོ་རེད། ་་་་་་་་་་་་་་
་་་་་་་་་་་་་་་་་་་་ ནད་ཚབས་ཆེན་གྱི་དཀའ་ངལ་ཡོད་པའི་སྐྱེ་བོ་ཉམ་ཐག་ཁ་ཤས་ལ༧ཀརྨ་པར་དམིགས་བསལ་མཇལ་བཅར་གྱི་གོ་སྐབས་ཤིག་བསྐྲུན་ཞིང་། ངའི་བུའང་ནད་གཞི་ལས་དྲག་མ་ཐག་པ་ཞིག་ཡིན་པས། ང་ཚོ་ཁྱིམ་མི་གསུམ་ལའང་མཐལ་ཁའི་གོ་སྐབས་རེག
ང་ཚོས་ཁོང་གི་མཇལ་ཡུལ་ནས་དུས་ཚོད་སྐར་མ༢༠ཙམ་ངང་སྒུག་བྱེད་མུར། ༧ཀརྨ་པ་ཕེབས་བྱུང་། སྐུ་གཞོན་ཉམས་རྒྱས་ཤིང་གཟི་བརྗིད་ཆེན་པོ་རེད། བླ་མའི་སྐུ་ངའི་མིག་ནང་དུ་མི་ཤོངས་པ་ལྟ་བུའི་ཚོར་སྣང་བྱུང་།
སྣང་ཚུལ་དེ་འདྲ་ང་སྔོན་མར་ཀུན་གཟིགས་པན་༼པཎ་༽ཆེན་རིན་པོར་ཆེར་མཇལ་སྐབས་ཀྱང་སྐྱེས་མྱོང་། ་་་་་་་་་་་་་་་་་་
པན་ཆེན་དང་། བྱས་ཀྱིན་བྱས་ཀྱིན་འབྲི་སྟངས་གཉིས་ནོར་མི་འདུག་གམ། ལགས། རྔ་པ་ལགས།། །།
བཀའ་དྲིན་ཆེ། ཚང་མ་བཀླགས་ཟིན། ཡག་པོ་བྲིས་འདུག བློ་མགུ་བ་ཞིག་བྱུང་།
རྒྱུད་ཡོད་ཀྱི་གཏམ་ཞིག་བཤད་ན། རྔ་བ་རྒྱལ་ཁམས་པར་གུས་འདུད་ཡོད། སྐབས་རེར་ཚོར་བའི་རྗེས་སུ་འབྲང་ཆེ་བ་ལས་རྫུན་མི་བཤད་པའི་ཡིད་ཆེས་ཡོད། རྒྱལ་ཁམས་པ་ཁྱོད་སི་ཏུའི་སྐུ་སྐྱེ་བཞེས་དུས་ཀརྨ་པ་དང་འབྲེལ་བ་ཆགས་པ་ཡིན་སྲིད། ལས་དང་སྨོན་ལམ་ཞིག་ཡོད་ལས་ཆེ། ཐུགས་བསྐྱེད་དམ་བཅའ་བདག་གིར་བཞེས་ཏེ་སི་ཏུ་རིན་པོ་ཆེ་དང་། ཞྭ་དམར་སྐུ་མཆེད་འཇིགས་མེད་རིན་པོ་ཆེ་དང་ཁྱོད་ཅག་གནས་གཅིག་ཏུ་འཚོགས་ཏེ་བཀའ་བརྒྱུད་ནང་འགྲིགས་ཤིག་ཨེ་ཐུབ་གཟིགས་རོགས། དེ་བྱུང་ན་ལོ་རྒྱུས་ཀྱི་གཟི་བརྗིད་རེད། །
བཀླགས་པ་ཡིན།་ཧ་ཅང་གི་ཀློག་རིན་ཡོད་པ་ཞིག་བྲིས་འདུག ཆོས་རྒྱུད་དང་ཆོལ་ཁའི་ཆ་ནས་འདི་འདྲ་བྲིས་པ་ལས་སླ་མོ་མ་རེད། ངོ་མ་ཡིན། དེང་སང་གི་དྲྭ་འབུ་ཚོའི་ནད་ཡམས་དེར་བལྟས་ན་མི་རིགས་ལ་ཕན་པའི་ཀློག་རིན་ཡོད་པ་ཞིག་འབྲི་མཁན་རྙེདཧ་ཅང་དཀོན། ཁ་དྲོ། ཚེ་རིང་ལོ།
བྲིས་ནོ་ཡག་གི དོན་སྙིང་ཡོད་གི
རྔ་བ་རྒྱལ་ཁམས་པར་ཕེབས་བསུ་ཞུ། ད་ཐེངས་ཀྱི་རྩོམ་ཡིག་འདི་བྲེལ་བས་བྲིས་འདུག་ཀྱང་། ཨམ་སྐད་ནང་༼ཤིག་ཧྲ་གི༽ཟེར་རྒྱུ་ཡིན། ཆོས་ལུགས་རིས་སུ་མ་བཅད་པ་ལེགས་ཚོགས་ཆེ། ལྷག་ཏུ་བོད་ཀྱི་བླ་ཆེན་ཉི་ཟླ་ལྟ་བུ་རྣམས་སངས་རྒྱས་གཅིག་དང་བསྟན་པ་གཅིག་ཏུ་ཉམས་བཞེས་མཛད་བཞིན་པས། ཅིས་ཀྱང་བོད་ཀྱི་ཆོས་བརྒྱུད་ཆེན་པོ་དག་ལ་རིས་མེད་མཛད་དགོས་པ་དེ་གདུལ་བྱར་ལྷག་ཏུ་སྨན་ཏེ། ༸གོང་ས་ལྔ་ཆེན་པོ་དང་བཅུ་བཞི་པ་ཆེན་པོ། སེམས་དཔའ་ཆེན་པོ་ཁུ་ནུ་བླ་མ་རྣམས་ལ་ས་དགེ་བཀའ་རྙིང་ཡོངས་ཀྱིས་མགོན་དུ་བཀུར་བའི་ཕྱིར་རོ། །
ཧ་ཧ་ཧ། མཁས་ཆེན་དྲི་མེད་ལྷག་བསམ་ལགས། ཁྱེད་ཀྱིས་ཅི་ཞིག་གསུང་གིན་ཡོད། ང་མི་དཀྱུས་ཆོས་འཇིག་གི་འཁོས་ཀ་ཅིའང་མེད་མཁན་ཞིག་གིས། ཀརྨའི་བུ་ཆེན་གཉིས་ཀྱི་དཀའ་ངལ་ཅི་ལྟར་སེལ་དགོས་པ་རེད། དེ་ནི་སྟག་སེང་གི་བར་དུ་འབུ་གྲོག་མ་རྒྱུ་བ་དང་མཚུངས་སོ།། གལ་སྲིད་ལོ་རྒྱུས་ཐོབ་ཐང་ཞིག་རྩོད་ཀྱིན་ཡོད་ན་ནི། དེ་ནི་འཁོར་བའི་ནང་གི་དགྲ་འདུལ་གཉེན་སྐྱོང་གི་བྱ་བ་ཞིག་ལས་ཅིའང་མ་ཡིན་པར་འདོད། བུ་ཆེན་གཉིས་ཀ་བྱང་ཆུབ་སེམས་དཔའ་བསྟན་འགྲོའི་དོན་དུ་ཕེབས་པ་རེ་ཡིན་རྒྱུ་རེད། གལ་སྲིད་དེ་ཡིན་ན་རྩོད་པ་ཆོས་ཕྱོགས་སུ་ངང་གིས་ཞི་འགྲོ་བ་མ་ཟད། མཇུག་འབྲས་ཀྱང་ཡག་པོ་ཞིག་ཡོང་གི་རེད་སེམས་བཞིན་ཡོད། བཀྲ་ཤིས་པ་ཞིག་ནི། ༧ཀརྨ་པའི་འོས་སྤྲུལ་གཉིས་རང་ངོས་ནས་ཕན་ཚུན་ཐོབ་ཤོར་ལྟ་བུའི་ཁ་དབང་ཅིའང་རྩོད་ཀྱི་མེད་པ་དེ་ཡིན། མཐུན་བསྒྲིལ་ནི་ང་ཚོའི་སྲོག་རྩ་ཡིན། ཐུགས་མཐུན་ཁྲིམས་གཙང་ནི་བསྟན་འགྲོའི་མཛེས་རྒྱན་རེད། དྲི་མེད་ལྷག་བསམ་ཅན་ཁྱེད་ཀྱིས་མཛད་ཁུར་དེ་ལྟར་སྐྱོང་དང་། ང་ཚོས་ཉིད་ལ་ཁ་མིག་ཡར་ལྟོས་བྱ་ངེས།
དྲི་མེད་ལྷག་བསམ་ལགས། ཕྲན་ནི་དངོས་པོ་དང་སེམས་གཉིས་ལས། སེམས་གཙོ་བོར་འཛིན་མཁན་ཞིག་ཡིན་པས། ངས་བྲིས་པའི་རྩོམ་ཡིག་རྣམས་སུ་སེམས་ཚོར་ཤུགས་ཆེན་པོ་འདྲེས་ཡོད་པ་རེད། འོན་ཀྱང་། དེ་ནི་མི་དཀྱུས་ཤིག་གིས་བསམ་བློའི་རང་དབང་བེད་སྤྱད་ནས་བྲིས་པ་ཞིག་ལས་ཅིའང་མ་ཡིན། སེམས་ལ་གང་དྲན་བཞག་པ་དེ་སྦས་སྐོང་མེད་པར་ཐད་ཀར་འབྲི་བཞིན་ཡོད། ངས་ངོས་ནས་དེ་ལ་བལྟ་ཀློག་གི་རིན་ཐང་ཞིག་ཡོད་པ་རེད་བསམས། ཉིད་ཡང་ཡང་དྲྭ་རྒྱར་ཕེབས་ནས་མཆན་པ་དཀྱུས་མ་ཞིག་གི་ཚུལ་དུ་རིན་ཐང་གཞལ་མེད་ཀྱི་ལེགས་བཤད་སྤེལ་བཞིན་ནི། ང་ཚོའི་རྒྱན་དང་བསོད་ནམས་རེད་སྙམ། བཀའ་དྲིན་ཆེ།
ཀརྡོ་ལགས། ཁྱེད་ཀྱིས་རྟག་པར་དྲྭ་རྩོམ་ཁག་གི་བསམ་བློའི་ལྟེ་བ་ཟུར་འདོན་དང་། དག་བཅོས། ཟུར་དཔྱད་བཅས་གནང་བཞིན་པ་ནི། བཀའ་དྲིན་ཆེ་ཞུའོ།། ཁྱེད་ཀྱི་དགོངས་འཆར་དག་ལ་བསམ་བློ་གཏོང་རྒྱུ་འདུག་གོ།
དྲྭ་གྲོགས་མཁན་པོ་རྫ་ཚང་དང་། སྦྱིན་པ། ཁུ་བྱུག ཕ་ཡུལ་གཅིག་པའི་མ་མཐོང་རྒྱང་རིང་གི་གྲོགས་པོ་ཨ་འདུས་སྐལ་བཟང་རྒྱ་མཚོ་བཅས། ཁྱེད་རྣམ་པའི་དགོངས་ཚུལ་དང་། ལེགས་གསོལ་ངས་མཐོང་སྟེ་སེམས་དགའ་ནས་ཡོད་དོ།། ཐུགས་རྗེ་ཆེ།
རྔ་བ་རྒྱལ་ཁམས་པ་ལེགས། ངས་ནི་ཁྱོད་སྦས་པའི་རྣལ་འབྱོར་པ་ཞིག་ཡིན་བསམ་ཡོད། ཁྱོད་ཀྱི་སེམས་ཚོར་གྱིས་བྲིས་པའི་རྩོམ་ཡིག་གིས་སེམས་ཅན་རྣམས་ཀྱི་བསམ་བློ་ལ་འགྱུར་བ་ངེས་ཅན་ཞིག་ཐེབས་པ་སྨོས་མ་དགོས་ལ། རྩོམ་པ་པོའི་སྨྱུ་གུ་དང་། བསམ་བློ་བའི་འཆར་འགོད་ནི་དྲག་ཆས་ལྡན་པའི་དམག་ཁྲི་ཚོ་ཞིག་ལས་སྟོབས་ཤུགས་ཆེ། འཇིག་རྟེན་འདི་བསམ་བློ་པ་དང་སྨྱུག་ཐོགས་པའི་རྩེད་མོའི་དོ་ར་ཡིན་པས་ཁྱོད་ནི་མཐུ་སྟོབས་ཀྱི་བདག་པོ་ཞིག་ཡིན། །མཐུན་སྒྲིལ། ཆིག་སྒྲིལ། དཔུང་སྒྲིལ་། སྟོབས་སྒྲིལ་གྱི་ང་ཚོའི་མིག་ལམ་གྱི་སྒང་བ་བོད་ཀྱི་ཆོས་དང་རིག་གཞུང་ལ་ཕྱོགས་སུ་མ་ལྷུང་པའི་ཕན་པ་སྒྲུབ་རྒྱུ་དེ་ཐུགས་ནས་མི་འདོར་བར་མཁྱེན། །
རྔ་བ་རྒྱལ་ཁམས་པས་སྐད་ཆ་དྲངས་པོ་གསུངས་འདུག ང་ཡང་ཀརྨ་པ་དང་ཆོས་རྒྱུད་མི་གཅིག་ལ་ཁོང་གི་མདུན་ནས་བཀའ་ཆོས་སོགས་གང་ཡང་ཞུ་མ་མྱོང་མོད། ཁོང་གི་མཛད་སྤྱོད་དང་མི་གཞི་ལ་ཧ་ཅང་དགའ། བོད་པ་ཚོས་ཆོས་རྒྱུད་དང་ཆོལ་ཁའི་ཞེན་ཁོག་དེ་རྒྱབ་ལ་གཡུག་ནས་ནོར་བུ་རང་ལ་ཡོད་དུས་ནོར་བུའི་ནོར་ཉམ་ཆོད་ཐུབ་ན། མ་འོང་པར་གོང་ས་མཆོག་གི་རྒྱལ་ཚབ་མ་བཀོས་པའི་མི་དང་མ་བཙུགས་པའི་ཤིང་ནི་བླ་མ་འདི་པ་ཚང་ཁོ་ན་རེད།
དཔྱོད་ལྡན་གྱི་དྲ་གྲོགས་རྔ་བ་རྒྱལ་ཁམས་པའི་རྩོམ་ཡིག་འདིས་བདག་ལ་མཚོན་ན། ཞེ་དྲག་མི་མཐོང་བའི་མིག་དེའི་སྟེང་དང་གཙང་གི་མིག་ཤེལ་ཞིག་བསྐོན་པ་དང་འདྲ་བར་གྱུར་ཡོད་དེ། དེས་བརྗོད་གཞི་༧རྒྱལ་དབང་ཀརྨ་པ་དང་འབྲེལ་བའི་གནད་དོན་མང་པོ་ཞིག་གི་ཐད་བསམས་གཞིགས་ཀྱི་འཇིག་རྟེན་ཟབ་མོ་ཞིག་བསྐྲུན་སོང་བས། ང་ལ་མཚོན་ན། མི་སྒེར་གྱི་ལྟ་ཚུལ་དང་འབྲེལ་བའི་རྩོམ་ཡིག་འདི་འདྲ་ཀློག་རྒྱུར་ཧ་ཅང་དགའ་མཁན་ཞིག་ཡིན། མདོར་ན། ༧རྒྱལ་དབང་ཀརྨ་པ་ནི་བོད་ནས་འཁྲུངས་ཤིང་། བྱེས་ནས་འཚར་བའི་བླ་ཆེན་ཞིག་ཡིན་པས། ཁོང་གི་མི་ཚེའི་བརྒྱུད་རིམ་ཁྲོད་ཐོབ་པའི་ཉམས་མྱོང་དེས་ནམ་ཡང་། རང་ཉིད་༧གོང་ས་༧མཆོག་གི་འཇིག་རྟེན་སྤྱི་སྨན་གྱི་བཞེངས་ཕྱོགས་བླ་ན་མེད་པ་དེར། སྙིང་རྗེ་དང་ཤེས་རབ་ཟུང་འབྲེལ་གྱིས་བཞེངས་ཏེ། སྤོབས་པ་ཆེན་པོས་ཕེབས་རྒྱུའི་ཐུགས་རེ་ཡོད་པ་མཇལ་དུས། བོད་ཞེན་ཅན་གྱི་མི་ཞིག་ཡིན་ཕྱིན་སུས་ཀྱང་དབུ་ཞབས་དཔུང་འདེགས་ཀྱིས་དགའ་བསུ་དང་། རེ་སྤོབས་བྱེད་དགོས་པ་ལས། སྐབས་འདིར་མི་སྒེར་གྱི་ཆོས་ལུགས་གང་ཞིག་ཡིན་པའི་སྐད་ཆ་དག་ལ་ནི་དེ་ཙམ་བློ་མགུ་བོ་མ་བྱུང་ངོ་། །
ད་དཀའ་རྒྱུ་རེད། མི་ལོ་དགུ་བརྒྱའི་སྔོན་དུ་བསྐྲུན་པའི་བླ་དྲགས་ལམ་ལུགས་དེ་དེང་རབས་ཅན་གྱི་དུས་ཚོད་འདིར་སྣ་ཇི་ལྟར་འཐེན་རུང་ཁ་ནང་དུ་སླེབས་དཀའ་མོ་རེད།
ཁམས་བཟང་། ཞིབ་ཏུ་བལྟས་པ་ཡིན། རྩོམ་ཉམས་ཀྱི་ཐོག་ནས་ཚིག་རྙོག་མེད་པར་ཆེན་པོའི་རྩོམ་ཉམས་གསལ་འདུག་པར་མ་ཟད། གསར་རྙིང་གི་ཁྱད་ཆོས་གཉིས་གཅིག་ཏུ་དྲིལ་བའི་ཡོན་ཏན་དམིགས་བསལ་བ་ཞིག་ལྡན། ནང་དོན་གྱི་ཐད་ནས་ལོ་དགུ་བརྒྱའི་གོང་གི་ཀརྨ་པའི་མཛད་འཕྲིན་དབུ་འཛུགས་ནས་བཟུང་སྟེ་ད་ལྟའི་ཀརྨ་པ་འདི་བ་ལ་ཐུག་གི་བར་གྱི་གནས་ཚུལ་སྤྱི་ཁྱབ་པ་ཞིག་དང་། བྱེ་བྲག་ཀརྨ་པ་འདི་བའི་མངོན་རྟོགས་དང་མཛད་འཕྲིན་གསལ་རྗེན་དུ་བཏོན་འདུག ཡུལ་སྐད་འགའ་ཤས་བསྲེས་འདུག་པ་སྐྱོན་དུ་མཐོང་མཁན་ཡོད་སྲིད་ཀྱང་། ང་ལ་མཚོན་ན་ཡུལ་སྐད་དེ་དག་མཛེས་པའི་ཕུལ་དུ་སོན་པའི་ཕྲ་རྒྱན་རེར་སྣང་ཞིང་། མཛེས་སྡུག་འབར་བའི་ཕྲ་རྒྱན་གྱིས་སྤྲས་པའི་རྩོམ་ཡིག་དེ་ཕྱོགས་མང་པོ་ནས་རང་བྱུང་བབ་ཆགས་ཀྱི་གཙང་པོ་ཞིག་དང་འདྲ་བར་ཡིད་དུ་འབབ་ཅིང་། ཤེས་རིག་གི་ཆར་ཐན་བྱུང་བའི་མི་མང་དག་ཅིག་ལ་སྨན་མཆོག་གི་ནུས་པ་ལྡན་པ་ཞིག་རེད། དེང་སང་དྲ་ཐོག་ཏུ་ཁ་འཁྲུག་གཏོར་བརླག་ཤ་སྟག་ཤོད་མཁན་མང་ཡང་། འདི་འདྲའི་དོན་སྙིང་ཅན་གྱི་རྩོམ་ཡིག་འབྲི་མཁན་ཤིན་ཏུ་དཀོན། ཁྱེད་ཀྱི་རྩོམ་ཡིག་མང་ཆེ་བར་རིག་གནས་སྤྱི་ཁྱབ་ཀྱི་ཁྱད་ཆོས་ཤིག་དང་། ཕྱོགས་ལྷུང་དུ་མ་སོང་བར་གང་མཐོང་བའི་དོན་དངོས་བརྗོད་པའི་དྲང་ཚུགས། དགེ་མཚན་བརྗོད་པ་དང་མཉམ་དུ་སྐྱོན་དུ་མཐོང་བའི་སྣང་ཚུལ་དེ་ཡང་ཤ་ཚའི་ཐོག་ནས་བརྗོད་པ་སོགས་ཀྱི་ཁྱད་ཆོས་སྣ་ཚོགས་ལྡན་པས་བཀའ་དྲིན་ཞུ།
ལགས་རེད།
ཅོད་པན་དང་། པཎ་ཆེན་ནོར་ཉེན་ཡོད། བྱ་ཡིན་དང་། བྱེད་ཀྱིན་ནམ། བྱས་ཀྱིན་སོགས་མི་དགོས་པར། བྱེད་བགྱིན་ཞེས་པའི་གིན་ཀྱིན་གིན་འིན་ཡིན་རྣམས་ལ། གསར་གཏོད་བགྱིན་གཅིག་གིས་འཐུས་ན་སྙམ་ནས། ལས་འགུལ་མང་པོ་བརྩམས་ཟིནད་ཏོ།། རྔ་པ་རྒྱལ་ཁམས་པ་ལགས།། །།
དད་པ་མེད་པའི་མི་རྣམས་ལ།
དཀར་པོའི་ཆོས་རྣམས་མི་སྐྱེ་སྟེ།
ས་བོན་མེ་ཡིས་ཚིག་པ་ལ།
མྱུ་གུ་སྔོན་པོ་ཇི་བཞིན་ནོ།།
ཞེས་དང་།
ཆོས་རྣམས་རྐྱེན་བཞིན་ཏེ།
འདུན་པོའི་རྩེ་ལ་རབ་ཏུ་གནས།
་
ཞེས་གསུངས་པ་ལྟར་རྔ་པ་རྒྱལ་ཁམས་པ་བོད་རིག་གཞུང་དང་། བོད་ཀྱི་བླ་མ་དམ་པ་རྣམས་ལ་བཅོས་མིན་གྱི་དད་པ་དག་སྣང་གི་ས་བོན་ལ་འབྲས་བུ་བཟང་པོ་འབྱུང་བ་གདོན་མི་ཟ་བ་ཡིན། འོན་ཀྱང་རྩོམ་ཡིག་གི་སྐད་ཀྱི་ཆ་ནས་བོད་ཀྱི་ཆོས་སྐད་དང་རང་གི་ལུང་པའི་ཁ་སྐད་འདྲེས་མ་ལྟ་བུར་སྣང་། ལ་དྭགས་པ་ཆོས་སྐད་ལ་སྦྱངས་པ་ཞིག་གིས་ཇི་ཙམ་གོ་བཤད་མི་ཤེས་པ་ལྟར་བུར་ཆགས། ཕལ་ཆེར་ལོ་ངོ་དྲུག་ཅུ་མ་ཟིན་གོང་དུ། ཝཱ་རཱ་ཎ་སཱིར་རྒྱ་གར་དམར་ལུགས་པ་ཞིག་གི་དེབ་ཚོང་ཁང་བརྒྱུད་རྒྱ་ནག་དམར་ལུགས་ཀྱི་མི་དམངས་བརྙན་དཔར་རིན་མེད་དུ་བླངས་ནས་ཀློག་པ་ན། ལ་དྭགས་སློབ་གྲྭ་པ་ཆོས་སྐད་ལེགས་པར་སྦྱངས་པ་ཞིག་གིས་ཀློག་པ་ན་གོ་རྟོགས་མི་འདུག་ཅེས་བཤད། ཁོ་བོས་བོད་བཀྲ་ཤིས་ལྷུན་པོར་སྡོད་སྐབས་སུ་རྒྱ་དམར་ལུགས་མི་དམངས་བརྙན་དཔར་སོགས་ཀློག་མྱོང་བ་ཡིན་པས་ཇི་ལྟ་བ་བཞིན་མི་གོ་ཡང་ཕལ་ཆེ་བ་དག་གོ་རྟོགས་ཡོད་པ་ཁུངས་སུ་བཞག་གོ །
རྔ་པ་རྒྱལ་ཁམས་པ་མཆོག་གིས་ཐེངས་ཞེས་པ་ལན་མང་དུ་བཀོལ་བ། དཔེར་ན། ཐེངས་འདིར༧རྒྱལ་དབང་ཀརྨ་པ་མཆོག ཅེས་དང་། ཐེངས་ཤས་བཀླགས་པས། དཔེ་དང་པོར་༧རྒྱལ་བ་སྐུ་འཕྲེང་བརྒྱད་པའི་དུས་ལ་ཐེངས་ཞེས་པ་ཡོངས་གྲགས་མེད་པས། ཐེངས་འདིར། ཞེས་པར་ སྐབས་འདིར་ཞེས་པ་བྲིས། ཐེངས་ཤས་བཀླགས་པས། ལ་དྭགས་ལྟ་བུར་ཐེངས་ཞེས་པ་མེད་པས། ལ་དྭགས་པ་ཞིག་གིས་ལན་ཤས་བཀླགས། ཞེས་ཟེར་བ་གདོན་མི་ཟ།
ཐེངས་ཞེས་པ་དེ་ཡང་། འཇིག་རྟེན་བསོད་ནམས་བློ་གྲོས་ཐང་འགའ་འབྱུང་།། ཞེས་པ་ལྟ་བུ་སོགས་ན་ཡོད་པའི་ཐང་ཞེས་པ་ཁ་སྐད་འགྱུར་བའི་དབང་གིས་ཐེངས་ཞེས་མ་དག་རྒྱུན་འབྱམས་སུ་སོང་བའི་ཆོས་སྐད་དུ་མེད་པའི་སྒྲ་ཞིག་སྟེ། བོད་སྤྱིའི་སྐད་སྲུང་བར་བཞེད་པ་རྣམས་ཀྱིས་འདི་དག་གི་རིགས་ལ་དོགས་ཟོན་དགོས་སོ།
འདིར་ཡང་གཟིགས་པར་འཚལ། བོད་ཀྱི་གསོ་བ་རིག་པའི་སྐོར་ལ་སྙན་གསན་ཡག་པོ་ཞིག་ཞུས་སོང་། བོད་རིགས་གཞོན་སྐྱེས་ཚོས་བསམ་བློ་ཡག་པོ་ཐོངས། https://www.youtube.com/watch?v=M2I6-B7OKXY
དཔྱོད་ལྡན་རེ་མདོ་སེངྒེས་དབྱེ་འབྱེད་དང་། དཔྱད་བསྡུར། གདེང་འཇོག་རང་བཞིན་གྱི་མཆན་བཏབ་པར། ཐུགས་རྗེ་ཆེ་ཞེས་ཞུའོ།། ཉིད་ནི་ཕ་ཡུལ་གངས་ལྗོངས་ནས་ཕེབས་ཏེ། འཕགས་ཡུལ་ཚ་ལྗོངས་ནས་འཚར་ལོངས་བྱུང་བའི་མི་རབས་གསར་བའི་ཁྲོད། རྟག་བརྟན་འགྱུར་མེད་ཀྱི་ཤེས་ལྡན་མིག་དཔེར་འོས་པ་ཞིག་ཡིན་པ་ངས་ཤེས་སོ།། ང་ནི་ཁྱེད་ལ་སྨོན་ནོ།། སླར་ཡང་ཐུགས་རྗེ་ཆེ་ཞུ།