དཔལ་གློ་བོ་རྒྱལ།
ཐག་རིང་ཡུལ་ན་གནས་པའི་ཕ་སྤུན་ལ།།
མཛའ་བས་སྙིང་གཏམ་གླེང་བའི་དུས་གཅེས་ནས།།
དྲི་མེད་སེམས་ནས་ཚོར་སྣང་བརྗོད་དཀའ་བས།།
རི་མོར་ཕབ་པའི་ངལ་བ་མེད་ན་ཡང་།།
མི་ཚེའི་རིན་ཐང་སྩལ་བའི་ཕ་མ་དང་།།
མཐུན་རྐྱེན་གྲོགས་གྱུར་ཁྱིམ་མཚེས་ལྷག་བསམ་ཅན།།
རྨོངས་སེལ་སློབ་དགེ་རྣམས་ཀྱི་བཀའ་དྲིན་དེ།།
བསམ་ཀྱང་སྐབས་རེ་གནས་ལུགས་དཔྱད་པའི་ཚེ།།
རེ་ལྟོས་རང་ཕྱོགས་གཅེས་པའི་རྐང་གཉིས་དག།
དངོས་དང་བརྒྱུད་ནས་དགའ་བའི་རྣམ་འགྱུར་ནི།།
གཟུགས་དངོས་རྣམ་གསུམ་ཆགས་པའི་སྟོབས་ཤུགས་ཀྱིས།།
བྱུང་ནས་རང་གཞན་ཕུང་བའི་གཤེད་མ་འདྲ།།
ལུང་པ་གཅིག་པའི་ཡག་སྡུག་འདྲེས་མ་དང་།།
རིགས་མཐུན་གཅིག་པའི་ཉེ་རིང་སྡང་བ་དང་།།
སྤྱི་ཚོགས་མཐོ་དམན་ཡོད་པའི་ས་སྒང་ལ།།
རང་སེམས་མ་འཐུལ་སྐྱིད་པོ་མེདཔ་འདྲ།།
ཁ་མཁས་མང་ཡང་སྒོར་མོས་གཡོག་ཏུ་བཀོལ།།
དམ་པ་མང་ཡང་ཤེས་ནས་དད་དམ་མེད།།
བླུན་པོས་བྱེད་ཚུལ་མཐོང་སྣང་ཙམ་ཞིག་ལས།།
ནན་གྱིས་བརྟག་ན་གཅིག་ཏུ་བབ་པ་འདྲ།།
ཐག་རིང་འགྲོ་བ་བདེ་བའི་ཆེད་ཡིན་ཡང་།།
དངོས་བྱུང་གནས་སྟངས་ཤེས་ནས་མ་འཇོན་ན།།
ཤེས་ཐོས་ཙམ་ཞེན་རྒྱལ་ཁམས་བསྐོར་འདོད་ཡིས།།
དགའ་སྐྱོའི་གཏམ་དེ་བསླུ་ཚིག་ཡིན་པ་འདྲ།།
ཤར་ནུབ་ཡུལ་གྱི་མཛེས་པའི་གྲོང་ཁྱེར་དང་།།
ཕ་ཡུལ་གྲོང་གསེབ་ལྷིང་འཇགས་ཡོད་མེད་དེ།།
དངོས་སུ་མྱོང་ནས་ཚོར་བ་མ་ཤར་ན།།
ཧོལ་རྒྱུགས་རྗེས་འཇུག་ཕུང་བས་མནར་བ་འདྲ།།
མཁའ་འགྲོ་ཟེར་ཞོར་བསྟོད་པས་སྙེམས་པ་དང་།།
འདྲེ་ཟེར་སོགས་ཀྱི་སྨད་པའི་ཚིག་དག་ལ།།
བསམ་པས་བབ་ས་གཅིག་ཏུ་ངེས་ན་ཡང་།།
འཁྲུལ་སྣང་བདེན་པར་འཛིན་ལ་མངར་སྐྱུར་འདྲ།།
ཆོས་པའི་མིང་བྱང་ངོམས་པའི་བླ་སློབ་དང་།།
ཁྲི་ལ་འགྱིང་བའི་དཔོན་དང་མཁས་པ་ཡིས།།
བཤད་ཚུལ་ཐ་དད་དོན་ལ་བབ་ཚུལ་གཅིག།
དངོས་ཡོད་མ་ཤེས་དགོས་མེད་ཁུར་པོ་འདྲ།།
བླ་སློབ་དམ་ཚིག་སྒོར་མོས་ཚོད་དཔག་དང་།།
དགེ་སློབ་འབྲེལ་བ་རྣམ་པས་དཔྱོད་པ་དང་།།
ཤ་ཉེ་འབྲེལ་བ་ནོར་གྱིས་འཇལ་བ་སོགས།།
དེ་འདྲ་དེང་དུས་སྤྱི་ཚོགས་ཡོད་པ་འདྲ།།
ཧ་ལམ་ཕལ་ཆེར་ལྷ་ཡུལ་འགྲོ་འདོད་དང་།།
དམྱལ་ཡུལ་འཇིག་ནས་སྐྱབས་ནས་འཚོལ་བའི་སྐབས།།
ཆོས་རྣལ་མ་བྱས་མིང་བྱང་སྐམ་པོ་དེ།།
སྐེ་ལ་བཏགས་ནས་དཔུང་རོགས་འཚོལ་བ་འདྲ།།
ཚན་རིག་རྗེས་འབྲང་སྙེམས་པས་ཕུང་བ་དང་།།
ཆོས་ལ་དད་པ་རྗེས་ལུས་ཐེབས་པ་གཉིས།།
རྨོངས་ནས་སྟོན་པའི་བདེན་ཚིག་རང་ཉིད་མགོན།།
རང་ཡིན་གསུང་པ་མ་ཤེས་གཅིག་པ་འདྲ།།