____མགལ་དུམ།
གཏམ་གྱི་ཐོག་མ། ___(ཀླད་ཀྱི་སྐད་ཆ་ནི་སྦུབས་ཀྱི་ཡང་སྙིང་ཡིན།)
བདག་གིས་གསལ་པོར་དྲན་གྱིན་པ་ཞིག་སྟེ། དེ་རིང་ནི་ཁོ་བོ་མཐོ་སློབ་ཏུ་འབྱོར་ཏེ་ཉི་མ་བཞི་བརྒྱ་བདུན་ཅུ་དོན་དྲུག་དང་དུས་ཚོད་ཆིག་ཁྲི་བཞི་བརྒྱ་ཉི་ཤུ་རྩ་བཞི་རེད་འདུག་ལ། སྐར་མ་ནི་དེ་ལས་ལྡབ་འགྱུར་དྲུག་ཅུ་ཡིས་མང་དུ་བརྒལ་འདུག ཁོར་ཡུག་འདི་ལའང་ཆ་རྒྱུས་གང་འཚམ་ཞིག་ལོན་ཡོད་པ་མ་ཟད། རང་ཁྱིམ་ཞིག་གི་ཞེན་པས་ཀྱང་ཟིན་གྱིན་འདུག དེ་གས་ཡིན་ནམ། མཚམས་མཚམས་སུ་སཱ་ར་མཐོ་སློབ་ཅེས་གཞན་དང་གཞན་གྱིས་བསྟོད་བསྔགས་དང་དགའ་བསུ་ཞུས་དུས་སེམས་པ་འདི་དགའ་དྲགས་ཏེ་ཚོད་ཚོད་ལ་དགོད་ཀྱིན་འདུག་ལ། ལན་རེར་ངོ་ཤེས་གྲོགས་པོ་(ཏཱ་ལའི་བླ་མ་མཐོ་སློབ་དང་ཝ་ཎཱ་མཐོ་སློབ།སུ་ཇཱ་དང་ཕྱི་རྒྱལ་སོགས་སུ་ཡོད་པའི་སྔོན་གྱི་སློབ་གྲོགས་དང་གྲོགས་པོ།)དག་ལའང་བདག་གི་མཐོ་སློབ་(སཱ་ར་མཐོ་སློབ་)ནི་ཤིན་ཏུ་རབ་ཏུ་ནས་ལེགས་ཚུལ་དང་ཁྱེད་ཅག་ནི་དེ་ལས་ལྡོག་སྟེ་མཐོ་སློབ་ཀྱི་མིང་ཙལ་ལས་མེད་པ་དང་ནམ་ཡང་ཁྱེད་ཅག་མི་རིགས་ལ་ཞབས་འདེགས་བྱ་བའི་གོ་སྐབས་ལས་མི་རིགས་ལ་ཞབས་འདྲེན་བྱ་བའི་གོ་སྐབས་ཧ་ཅང་གི་མང་སྲིད་པས། མི་ཚེའི་ལམ་བུ་འདེམ་ཆོག་ཆོག་གི ཁ་སང་དེ་རིང་གི་སྐབས་འདིར་རབ་ཡིན་ན་སཱ་ར་མཐོ་སློབ་ཏུ་ཡོང་ཐུབ་མིན་ལ་འབད་པ་རེ་གནང་ན་ཁྱེད་ཚོ་ལའང་འོད་སྟོང་ལྡན་པའི་འཚོ་བ་ཞིག་རྙེད་ངེས་རེད་ཅེས་འཆལ་གཏམ་དང་མངོན་སུམ་ལ་བསྙོན་པའི་ཁ་རྩོད་དང་ཀུ་རེ་བྱས་པ་ཉུང་ཉུང་ཞིག་མིན་ཚོད་ཡིན། དེ་ནི་དུངས་ཞེན་གྱིས་སྨྱོས་ཏེ་འུར་བརྒྱབ་པ་ལས་དོན་གྱིས་གནས་ལུགས་ཤིག་ག་ལ་ཡིན།
འོན་ཀྱང་། སྐད་ཆ་དེ་དག་གི་ཤུགས་སུ་ཡོད་པའི་ཡང་སྙིང་ངོ་མ་བོ་ནི་སུས་ཀྱང་གོ་ངེས་བར་སྙམ་ལ། ཡིན་ཁོ་ཐག་ནི་ཕྲན་པས་མཐོ་སློབ་འདི་ལ་རང་ཁྱིམ་ལྟ་བུའི་འདུ་ཤེས་ཤིག་གིས་གཅེས་བཞིན་གཞན་ལ་སྨོད་དུ་འཇུག་མ་འདོད་པ་དང་། ཁོར་ཡུག་འདི་ག་ན་བོད་ཀྱི་རིག་གནས་གོང་འཕེལ་ལ་འབད་ཀྱིན་པའི་མི་བུ་མང་དག་ཅིག་ཡོད་ཅེས་པའི་མདོག་ངན་ངོན་ཞིག་བསྟན་པའི་ཁུལ་ཡིན་ལགས། གང་ལྟར། མི་བུ་སུ་ཞིག་ཡིན་ཡང་ཁོར་ཡུག་ག་འདྲ་ཞིག་ཏུ་བསྡད་ཀྱང་རང་ཉིད་ནས་འགོ་བརྩམས་ཏེ་ཁོར་ཡུག་དེ་གའི་ཡར་རྒྱས་དང་ཉམས་ཆགས། རུང་བ་དང་མ་རུང་བ་སོགས་ཀྱི་ཆ་གང་ལ་ཡང་རང་གིས་ནུས་ཚོད་དང་འཇོན་ཚོད་ཀྱིས་འབད་བརྩོན་དང་དོ་སྣང་བྱས་ཏེ་ཁོར་ཡུག་དེའི་མ་འོངས་པ་ལ་བསམ་གཞིག་གནང་རྒྱུ་ནི་རང་ཉིད་ཁོར་ཡུག་དེའི་མི་ཞིག་ཡིན་པའི་འགན་འཁུར་བླ་མེད་ཅིག་ཡིན་པར་འདོད་ལ། འགན་འཁྲིའི་བསམ་བློ་སོགས་གང་ཡང་མེད་པར་ཟ་འཐུང་འགྲོ་འདུག་ལས་གཞན་ཅི་ཡང་མ་གནང་བར་ཧད་དེ་བསྡད་པ་ནི་ཁོར་ཡུག་དེ་རང་གི་རྒྱབ་རྟེན་ལྟ་བུ་དང་། མི་ཚེའི་མ་མ་ལྟ་བུ། བླ་སྲོག་གི་སྒྲོན་མེ་ལྟ་བུ་སོགས་ཀྱི་འདུན་པ་དང་རེ་བ་ཆེས་ཆེར་བཅངས་ཏེ་སླེབས་པའི་དགོས་པ་ཡང་རྦད་དེ་མ་ཡོད་པ་རེད། དེའི་ཕྱིར། བདག་གིས་ཀྱང་ཀུན་སློང་རྣམ་དག་ཅིག་མདུན་དུ་བསུས་ཏེ་མཐོ་སློབ་འདི་གར་གད་སྙིགས་ཚབས་ཆེན་དུ་ཆགས་དང་ཆགས་བཞིན་པའི་གོམས་གཤིས་ངན་པ་དང་སློབ་གསོ་ངན་པ་དག་ལ་ཅི་ནུས་ཀྱིས་དགག་པ་དང་དག་ཐེར་བྱ་རྩིས་ཡིན།
1. སློབ་ཆེན་པ་ནི་ཀུན་སྤྱོད་ལ་བདག་པོ་མི་རྒྱག་པའི་སེམས་ཅན་ཞིག་ཡིན་མི་རུང་།
མི་ཞིག་གི་ཀུན་སྤྱོད་ཀྱིས་མི་དེའི་འགྲོ་ལུགས་དང་བསམ་བློ་གཏོང་སྟངས་སོགས་ཐག་གཅོད་ཀྱིན་ཡོད་ལ། ཀུན་སྤྱོད་དེ་ལ་དཔྱད་དེ་མི་དེའི་མ་འོངས་པའི་འཕེལ་ཕྱོགས་དང་ཐ་ན་ཡོད་ཚད་ཐག་གཅོད་ཐུབ་ངེས་ཞེས་སྨྲས་ཀྱང་གནས་ལུགས་དེ་བཞིན་དུ་ཡོད་པར་སྙམ། དེའི་ཕྱིར། ཀུན་སྤྱོད་སྣང་མེད་དུ་བཞག་པ་ནི་རང་ཉིད་ཀྱི་མི་གཞི་ལ་རྡོག་བརྫིས་བཏང་བ་རེད་ལ། རང་ཉིད་སྣང་མེད་དུ་བཏང་བ་ནི་དམིགས་ཡུལ་མེད་པའི་མི་ཚེ་ཞིག་གི་འགོ་བརྩམས་པ་རེད། མི་རེ་རེའི་མི་ཚེ་འཕྲོ་བརླག་ཏུ་སོང་བ་ནི་མི་རིགས་ཤིག་དང་། རྒྱལ་ཁབ་ཅིག མི་རབས་ཤིག་གི་མགོ་རྟིང་ལོག་པ་དང་ཀུན་ནས་མཚུངས་པའི་གནས་ཚུལ་འཇིགས་ཡེར་བ་ཞིག་ཡིན་པས། དེ་ལ་གཟབ་ཀྱང་དེ་ལ་དོ་སྣང་བྱས་ཏེ་ཡང་དག་པའི་ཀུན་སྤྱོད་ཅིག་གསོ་སྐྱོང་གནང་བར་མི་བུ་ཡོད་དོ་ཅོག་གིས་ཧུར་བརྩོན་དང་ཐུགས་ཁུར་བྱ་དགོས་པའི་གནད་དོན་པོ་ཞིག་ཡིན་པར་འདོད།
མ་གཞི་ཀུན་སྤྱོད་ཟེར་ན་འདྲ། བསམ་བློ་ལབ་ཀྱང་རུང་། གོམས་གཤིས་ཞེས་ཀྱང་ཆོག ཡོད་ཚད་ཧ་ཅང་ཆུང་དུས་ཀྱི་སྐབས་སུ་ཕ་མའི་སློབ་གསོ་དང་ཁོར་ཡུག་གི་སློབ་གསོ་སོགས་ཀྱི་བཟང་ངན་གྱིས་རྐྱེན་པས། དེ་མཚུངས་ཀྱི་འགྲོ་ལུགས་འདྲ་མིན་གང་མང་ཞིག་ཡོད་སྲིད་མོད། ད་དུང་ཡང་ལེགས་ཉེས་ཡག་སྡུག་གི་བླང་དོར་ཅི་ཡང་མི་བྱེད་པར་མ་དག་རྒྱུན་འབྱམས་སུ་འགྲོ་བཞིན་པའི་སྤྱོད་པ་དག་ལ་གཙང་སེལ་ཞིག་བྱས་ན་ཧ་ཅང་ལེགས་ཚོད་རེད། ད་དུང་ཡང་གང་ཞིག་ཤེས་མདོག་དང་གང་ཞིག་ཡིན་མདོག་གི་འགྲོ་ཐབས་འདུག་ཐབས་ལ་འབད་དེ་མི་ཚེ་གཡང་དུ་དཔྱངས་ཏེ་རང་ཉིད་ཤི་བར་བསྒུག་ན་ནི་སོ་སོས་ལྟོས་ཤིག
སྤྱིར་བཏང་མི་སོ་སོའི་དགའ་ཕྱོགས་དང་ནུས་པ་ལ་ཧེ་བག་དང་བར་ཁྱད་ངེས་ཅན་རེ་ཡོད་པ་ནི་སུས་ཀྱང་བསྒྱུར་ཐབས་དང་ཟློག་ཐབས་མེད་པའི་ཆོས་ཉིད་རེད་མོད། དེ་ནི་སློབ་གསོའི་ནུས་པ། རང་ཉིད་ཀྱི་འཇོན་ཐང་དང་འབད་བརྩོན་ཁོ་ནར་ཐུག་པའི་དཀའ་ངལ་ཙམ་པོ་བ་ཞིག་ཡིན་པ་ལས་མི་བུ་རེ་འགར་ལེགས་འགྲུབ་ཀྱི་ལམ་ཁ་དང་འཇོན་ཐང་གི་གཏེར་ཁ་མེད་སོང་བ་དང་ཁ་ཤས་ལ་གཞན་དང་མ་འདྲ་བའི་འབད་མེད་ལྷུན་འགྲུབ་ཀྱི་ཆ་རྐྱེན་འཛོམས་པོ་ཞིག་ཡོད་སོང་བ་ནི་ག་ལ་ཡིན་ཏེ་ཡིན་མི་སྲིད།
ཅི་ཙམ་གྱིས་རྗེས་ལུས་དང་བག་འཁུམ། གུ་དོག་པའི་བསམ་བློ་ཞིག་དང་གཤིབ་ན་དེ་ཙམ་གྱིས་མི་ཚེ་ལ་སྙིང་བོ་མེད་པར་ཆགས་ལ། ཅི་ཙམ་གྱིས་སྔོན་ཐོན་དང་འཕེལ་རྒྱས། གསར་གཏོད་དང་གུ་ཡངས་སྒམ་དཀྱེལ་གྱི་ལྟ་བ་ཞིག་ལ་འབད་ན་དེ་ཙམ་གྱིས་ཁོར་ཡུག་དང་མི་ཚེ། འཚོ་བ་སོགས་ལ་རིན་ཐང་དང་གཟི་བརྗིད་ལྡན་པར་སྙམ། དེའི་ཕྱིར། རང་ཉིད་འཚོ་སའི་ཁོར་ཡུག་གང་དུའང་མ་ལེགས་པ་དང་མ་རུང་བའི་བྱ་སྤྱོད་ཅི་ཞིག་ཡོད་ན་དེ་ནི་བེད་སྤྱོད་དང་བྱེད་ནུས་ཅི་ཡང་མེད་པའི་གད་སྙིགས་དང་གཉིས་སུ་མེད་པས། དེ་གཞོམ་པར་འབད་རྒྱུ་ནི་ཁོར་ཡུག་དེ་གའི་མི་བུ་ཀུན་གྱིས་འགན་དུ་འཁུར་དགོས་པའི་ལས་ཤིག་རེད་ལ། ཕན་ཚུན་གྱི་ཡར་རྒྱས་དང་མདུན་ལམ་ལ་གཞོགས་འདེགས་བྱེད་པའི་ཐམས་ལམ་བླ་མེད་ཅིག་ཀྱང་རེད།
ད་ནི་འུ་ཅག་གིས་ཧ་གོ་ཞིང་འདོར་མ་ཐུབ་པར་ལུས་འདུག་པའི་གོམས་གཤིས་ངན་ངོན་དག་ལ་རེ་རེ་བཞིན་ཁབ་གཙགས་དང་འབིག་གཙགས་བྱས་ཏེ་ནད་དུ་ཆགས་བཞིན་པའི་རྣག་ཁྲག་ཚོ་གཙང་བཟོ་བྱ་པར་འབད་རྩིས་ཡིན་ལ། གནས་ལུགས་ལ་གུས་ཞིང་རང་གི་ཁོར་ཡུག་ལ་ཚ་ཤ་སྙིང་ཉེ་ཡོད་མཁན་དག་གིས་བདག་གི་བསམ་ཚུལ་ལ་ཁ་སྣོན་དང་དོགས་སློང་བྱ་བའི་རེ་བ་ཤིན་ཏུ་ཆེ་ལགས། གལ་ཏེ་ས་རཱ་མཐོ་སློབ་ཀྱི་སློབ་མ་གང་རུང་ཞིག་ལ་ཁྱེད་རང་ད་ལྟ་གང་དུ་ཡོད་དམ་ཞེས་དྲི་བ་ཞིག་དྲིས་ན། ང་ས་རཱ་མཐོ་སློབ་ཏུ་ཡོད། སློབ་ཆེན་པ་ཡིན། བོད་ཡིག་ལ་དགའ་ཞིང་བོད་སྐད་ལ་དུང་བའི་བོད་མི་རིགས་ཀྱི་སོན་རྩ་ཡིན་ཞེས་སྤོབས་པ་ཆེ་མདོག་དང་གང་ཞིག་འཇོན་མདོག་གིས་དེ་ལྟར་ལབ་ངེས་རེད་ལ། དེ་ལྟར་ལབ་པ་ནི་སྙིང་སྟོབས་ཤིག་ཡིན་པས། ཡི་རངས་དང་རྒྱབ་སྐྱོར་ཅི་ལ་མེད། འོན་ཀྱང་། སྐད་ཆ་ཁ་ནས་ལབ་བཞིན་ལས་ཀ་ལག་ནས་ལས་མཁན་ག་ཚོད་ཡོད་དམ།
སློབ་གྲྭའི་ཡར་རྒྱས་དང་མ་འོངས་པར་བསམ་བློ་གཏོང་རྒྱུ་ཕར་ཞོག་ཐ་ན་རང་ཉིད་ཀྱི་མ་འོངས་པར་བསམ་བློ་གཏོང་ཤེས་མཁན་དང་ཤ་ཚ་ཤེས་མཁན་གྱི་མི་བུའང་མཛུབ་རྩེ་ནས་བརྩི་ཆོག་ཆོག་རེད་ཅེས་བཤད་ན། སློབ་གྲོགས་མང་དག་ཅིག་གིས་ག་བ་ག་བ་ཁྱེད་ཅག་རྦད་དེ་ནོར་སོང་བ་རེད། འཆུག་སོང་བ་རེད། ཁྱེད་ཀྱི་བསམ་བློ་སྐྱོ་སོང་བ་རེད་། ལྟ་བ་མཁྲེགས་སོང་བ་རེད། དེ་འདྲ་ཞིག་ག་ལ་ཡིན་ཏེ་ཡིན་མི་སྲིད་ཅེས་ཁ་ཤོམ་དང་ཁ་རྡུང་བྱས་ཏེ་སྐད་ཆ་བཤད་དབང་དང་གསལ་བཤད་བྱེད་དབང་ཙམ་ཡང་མི་སྟེར་པར་བྲོས་འགྲོ་བ་དང་ཡང་ན་དེད་འགྲོ་བ་རེད། གུ་ཡངས་དང་བསམ་བློ་བརྗེ་རེས་ཀྱི་འདུ་ཤེས་སྤུ་ཉག་ཙམ་ཡང་མེད་པར་རྣམ་འགྱུར་སྐྱ་བོ་ཞིག་བསྟན་ཡོང་བ་དེས་ཀྱང་རང་ཉིད་ཀྱི་ངོ་གདོང་ཟང་མར་མངོན་པ་ལས་ཅི། དེ་ནི་བྱེད་སྟངས་ཁྱད་པར་བ་ཞིག་ཡིན་མདོག་གི་གཡོ་སྒྱུ་སྟོན་པ་ལས་རང་སྐྱོན་ཁས་ལེན་པར་ཕོད་པའི་སྙིང་སྟོབས་ཆུང་ངུ་ཞིག་ཀྱང་ཡོད་པ་མ་རེད།
ཨོ་རེད། དེ་ནི་ལྟ་བ་དང་བསམ་བློ་མ་མཐུན་པ་ཡིན་ཚུལ་གྱིས་གཡུག་ཤོག དེ་ནི་མི་བུ་སྒེར་གྱི་ཀུན་སྤྱོད་དང་འབྲེལ་བ་ཡོད་པས་བྱུས་མེད་བྱུས་གཏོགས་ཡིན་ཚུལ་གྱིས་བསྐྱུར་ཤོག ཡིན་ཡང་། རང་ལ་གནོད་ཅིང་གཞན་ལ་གནོད་པ། ཁོར་ཡུག་ལ་གནོད་ཅིང་སྤྱི་ཚོགས་གནོད་པ། ད་ལྟ་ལ་གནོད་ཅིང་མ་འོངས་པར་གནོད་པའི་དོན་དག་ཚབས་ཆེན་དུ་གྱུར་དང་འགྱུར་བཞིན་པ་དག་ནི་མ་གླེང་ཐུ་མེད་དུ་གྱུར་བའི་འགན་འཁུར་ཡ་མེད་ཅིག་ཡིན་པས་ཅིས་ཀྱང་བྱུས་གཏོགས་ཤིག་བྱ་ངེས་ཡིན།
སྤྱིར་བཏང་སློབ་གྲྭ་ནི་རང་ཉིད་ཀྱིས་གང་ཞིག་མ་ཤེས་པ་དག་ཤེས་པར་འབད་ཅིང་ཤེས་པ་དག་གོང་དུ་སྤེལ་བཞིན་རང་ཉིད་རང་རྐྱ་ཐུབ་པའི་མི་ཞིག་དང་། གཞན་དོན་གོང་བཀུར་བྱེད་པའི་གང་ཟག་བླ་མེད་ཅིག་སྐྲུན་སའི་བཟོ་སྐྲུན་ཁང་ལྟ་བུ་ཡིན་མོད། འུ་ཅག་ས་རཱ་མཐོ་སློབ་ཀྱི་སློབ་མ་མང་དག་ཅིག་གིས་དེ་ལས་ལྡོག་པའི་ལས་རྐྱང་རྐྱང་ལ་འབད་ཀྱིན་ཡོད་པ་རེད། ཁེ་ཕན་ཆེན་པོའི་ཆེན་པོ་དག་ལ་དགའ་ཞིང་དཀའ་ངལ་ཆུང་ངུའི་ཆུང་ངུ་ཙམ་ཡང་གདོང་ལེན་བྱེད་པའི་སྙིང་རུས་སྲོ་མ་འདྲ་བ་ཞིག་ཀྱང་མེད་པར་ཀུན་ལ་ཧམ་སེམས་ཀྱིས་བློ་གཏོད་པ། གཞན་གྱིས་ཧུར་བརྩོན་དང་བློ་རིག་ལས་བྱུང་བའི་འབྲས་བུ་རིན་ཐང་ཡོད་པ་དག་ལ་བརྩི་བཀུར་བྱེད་པའི་ཀུན་སྤྱོད་ཤིག་འདྲ་བ་ཙམ་ཡང་མེད་པར་ནམ་ནམ་རྒྱུན་རྒྱུན་དུ་རྡོག་བརྫིས་སུ་གཏོང་བ། དགེ་རྒན་གྱི་སློབ་ཁྲིད་ལ་ཞེན་པ་ལོག་ཅིང་དཔེ་ཀློག་དང་རང་སྦྱོང་བྱེད་པར་ཡེ་ནས་ཉོབ་ཀྱིན་གུང་གསེང་དང་ངལ་གསོ་བྱ་བར་རེ་ཞིང་སྒུག་པ་ལ་སོགས་ཀྱི་ཀུན་སྤྱོད་རབ་རིབ་དང་དང་འདུ་ཤེས་འཆལ་འཆོལ་གྱིས་ཉི་མ་བཏང་དང་གཏོང་བཞིན་ཡོད་པས། མཐོ་སློབ་ཟེར་བའི་མཚན་ཆེན་པོ་དེ་ལྟ་ཅི། ཐ་ན་སློོབ་གྲྭ་ཟེར་བའི་མྱིང་དེ་ཡང་མིང་གི་ལྷག་མ་ཙམ་དུ་གྱུར་དང་འགྱུར་བཞིན་པ་ནི་ཁོར་ཡུག་འདི་ལ་སེམས་ཁུར་གནང་མཁན་གྱི་མི་བུ་ཞིག་ཡིན་ཕྱིན་གསལ་གསལ་རྗེན་རྗེན་དུ་ཤེས་ངེས་བར་སྙམ།
“མི་ཡིས་རྒྱུ་མཐོང་ན་གནོད་པ་མི་མཐོང་།། ཉ་ཡིས་གཟན་མཐོང་ན་རྙི་རྒྱ་མི་མཐོང་།།”ཟེར་བ་བཞིན་འུ་ཚོའི་མཐོ་སློབ་ཀྱི་སློབ་མ་མང་དག་ཅིག་གིས་སྐར་མ་ཁ་ཤས་ཤིག་རག་སོང་ཚེ་ཀུན་སྤྱོད་ཟེར་བ་ནི་དགོས་དོན་མེད་པར་སྤྲེལ་ལད་དང་གཡོ་སྒྱུ། ཚུལ་འཆོས་དང་ཟོལ་བཅོས། རང་དོན་སྦུག་འདྲེན་གྱི་སྤྱོད་ལམ་ངན་པ་རྐྱང་རྐྱང་ལ་འབད་པ་ལས་དྲང་པོ་དྲང་བཞག་དང་མདུན་ལམ་དོན་གཉེར། རང་ཚུགས་དང་གཟུ་བོ། རང་གཅུན་རང་སྡོམ་གྱི་ལས་སུ་འབད་མཁན་ནི་མཛུབ་མོ་གཅིག་གནམ་ལ་ཀེར་ཏེ་གཉེར་རིས་རེ་རེ་ལས་བརྩི་སླ་བ་ཞིག་རེད། མ་གཞི་སློབ་གྲོགས་ནི་སློབ་གཞི་གང་དེ་བསླབ་པ་ལ་མཉམ་དུ་སློབ་སྦྱོང་བྱེད་རོགས་ཀྱི་གྲོགས་པོ་ལ་ཟེར་ཞིང་། ཕན་ཚུན་གྱི་སློབ་སྦྱོང་ལ་གཞོགས་འདེགས་པའི་དཔུང་གྲོགས་བླ་མེད་ཅིག་ཀྱང་ཡིན་དགོས་མོད། ང་ཚོའི་སློབ་མ་ཚོས་སློབ་རོགས་དང་གཞོགས་འདེགས་བྱེད་རྒྱུ་ལས་“གྲོགས་པོས་གྲོགས་པོས་བསླུ་བ་དེ།། དགོད་བཞིན་དགོད་བཞིན་བསླུ་བ་ཡིན།། ཁྲམ་པས་ཁྲམ་པས་བསླུ་བ་དེ།། ངུ་བཞིན་ངུ་བཞིན་བསླུ་བ་ཡིན།།”ཟེར་བ་བཞིན་བུ་མོ་ཚོས་གྲྭ་བ་དག་གཙོ་བྱས་པའི་གསར་བུ་ཡིན་ནོ་ཚོ་ལ་འཛུམ་མདངས་དང་ཁ་ཡག་གིས་བསླུ་བཞིན་ཡོད་ལ། གྲྭ་བ་ཚོ་འཛུམ་མདངས་ལྷུག་པོ་དང་དགོད་སྒྲ་སྙན་མོ་དག་ལ་དུང་བ་ཚད་མེད་རེ་སྐྱེས་ཏེ་ཤ་ཚ་མདོག་དང་སྙིང་ཉེ་མདོག་གིས་བུ་མོ་ཚོ་བསླུ་བཞིན་ཡོད་པ་རེད།
མདོར་དྲིལ་ན། འཇིགས་ཡེར་བའི་འཁྲབ་སྟོན་འདི་ནི་གྲྭ་བས་བུ་མོ་བསླུས་པ་དང་བུ་མོས་གྲྭ་བ་བསླུས་བ། གསར་བུས་གསར་མོ་བསླུས་པ་དང་གསར་མོས་གསར་བུ་བསླུས་པ་ཙམ་མ་ཡིན་པར་མི་རིགས་ཤིག་དང་རྒྱལ་ཁབ་ཅིག སློབ་གྲྭ་ཞིག་དང་ཁོར་ཡུག་ཅིག་བསླུས་པ་ཡིན་པས། གསལ་བཤད་དང་འགྲེལ་བཤད་ཡིན་ཚུལ་གྱི་ཚིག་གི་རོ་མ་དག་སྤངས་བར་བྱས་ཏེ་“རྒྱུན་དུ་གཞན་གྱིས་བསྐྱང་དགོས་པའི།། སྐྱེ་བོ་སུ་ཞིག་ཅི་ནས་ཉམས།། བྱ་རོག་གིས་ནི་བཟུང་བ་ཡི།། རུས་སྦལ་ས་ལ་ལྷུང་ཞེས་གྲགས།།”ཞེས་པའི་ལེགས་བཤད་དེ་ནམ་ཡང་ཡིད་དུ་ངེས་བར་བྱ་ན་ཧ་ཅང་གི་ལེགས་པར་སྙམ།
2. དགེ་རྒན་ནི་སློབ་མའི་འཕེལ་རྒྱས་ལ་བསམ་བློ་མི་གཏོང་བའི་གང་ཟག་ཅིག་ཡིན་མི་ཆོག
དགེ་རྒན་ནི་མིའི་རིགས་ཀྱི་བླ་སྲོག་བཟོ་སྐྲུན་བྱེད་པའི་རླབས་ཆེན་གྱི་མི་སྣ་ཞིག་ཡིན་ཞེས་གུས་བཀུར་དང་མཚན་མཐོང་བྱེད་ལ། དགེ་རྒན་ནི་རྨོངས་པའི་མུན་པ་སེལ་བའི་སྒྲོན་མེ་ཡིན། ཉི་མ་ཡིན། ཟླ་བ་ཡིན་ཞེས་བསྟོད་བསྔགས་དང་སྨོན་ལམ་འདེབས་པ་འདི་གས་ཀྱང་དགེ་རྒན་ཟེར་ན་མིའི་རིགས་ཀྱི་མ་འོངས་པར་འོད་སྟོང་ལྡན་པ་བཟོ་བའི་སྐྱེས་ཆེན་ཞིག་ཡིན་དགོས་པ་དང་། དེ་ནི་དུས་རབས་དང་འཕེལ་རྒྱས་ཀྱི་རེ་བ། ལྷག་པར་ཏུ་དགེ་རྒན་གྱི་སྤུས་ཚད་དང་འཇོན་ཐང་ལ་བཅངས་པའི་མི་རིགས་ཀྱི་རེ་བ་ཉག་ཅིག་ཀྱང་རེད།
ཚད་འཛིན་སྟངས་འདི་ལ་ཞིབ་ཏུ་བསམ་ན། དགེ་རྒན་ནི་དཔེ་ཆ་ཁྲིད་མཁན་ཞིག་ཡིན་པས་མི་ཆོག་ལ། སློབ་མའི་སློབ་སྦྱོང་གི་བརྩོན་སེམས་ལ་ཡར་སྐུལ་བྱེད་པའི་ནུས་པ་ཡོད་པ། ཤེས་ནུས་སྔོག་འདོན་དང་རྩལ་ནུས་སྐྱེད་སྲིང་། ཀུན་སྤྱོད་ལེགས་སྒྱུར་དང་བསམ་བློ་བཅོས་སྒྱུར། མདོར་དྲིལ་ན། མིའི་རིགས་ཀྱི་བསམ་བློའི་སྣེ་ཁྲིད་པ། ཀུན་སྤྱོད་དང་གོམས་གཤིས་ཀྱི་ལམ་སྟོན་པ། མིའི་རིགས་ཀྱི་སེམས་ཁམས་གསོ་བའི་ལྷ་རྗེ་ལྟ་བུའི་འཇོན་ཐང་དང་ནུས་པ་སོགས་ཡོད་དགོས་པ་ནི་ཅི་ནས་ཀྱང་གོ་སླ་བར་སྙམ་ལ། དེ་ལྟར་མིན་ཚེ་“དགེ་རྒན་ནི་བདེ་ལེགས་ཐམས་ཅད་ཀྱི་རྩ་བ་ཡིན།”ཞེས་དང་“དེ་ཉིད་རབ་ཏུ་རྟོགས་པ་སྨྲ་མཁས་ལྡན།” “གཙང་མཁས་གཞན་ལ་ཕན་པར་འདོད་པ”ཞེས་པ་སོགས་དགེ་རྒན་གྱི་མཚན་ཉིད་ལ་བཞག་པ་དེ་ཡང་ཐལ་དྲགས་སོང་བ་མ་ཡིན་ནམ།
རེད་དེ། དེ་ནི་སྲོལ་རྒྱུན་རིག་གནས་ཁྲོད་ཀྱི་བཤེས་གཉེན་དག་ནི་མཚན་ཉིད་ཡིན་པ་ལས་དེང་གི་དགེ་རྒན་ཙམ་པོ་བ་ཚོའི་མཚན་ཉིད་མ་རེད་ཅེས་སྐྱོན་རབ་རིབ་དག་ལ་སྐད་ཆ་རྡབ་རྡིབ་རེེ་ཡིས་འགེབ་རྩིས་ཡོད་ན་འགྲིག་ཏེ། “ཤེས་ཡོན་དང་ནི་བསམ་པ་དང་།། ནུས་པ་སྤྱོད་ལམ་ཁྱད་པར་བཅས།། ཡོངས་སུ་ཚང་ན་ཚད་ལྡན་གྱི། སློབ་མ་སྐྱོང་ཐུབ་དགེ་རྒན་དག།།”ཅེས་པའི་གུ་ཡངས་ཤིང་འགན་ཉུང་བའི་ཆ་རྐྱེན་ལྔ་བོ་དེ་དག་ནི་ཅི་ནས་ཀྱང་ཚང་དགོས་ཚོད་རེད་མོད། ད་དུང་མང་དྲགས་འདུག་ཅེས་མགོ་བོ་འཕྲེད་དུ་གཡུག་བཞིན་དབང་ལུང་གནང་བ་བཞིན་ཀློག་འདོན་རེ་བྱེད་བཞིན་སློབ་མ་ཚོའི་མདུན་ལམ་ལ་ནག་ཐིག་ནོག་མོ་རེ་ཕབ་ན་རིན་ཐང་དང་གཟི་བརྗིད་ག་ཚོད་ཡོད་མེད་ནི་དགེ་རྒན་ཡིན་ནོ་ཅག་གིས་མཁྱེན་ཡོང་བའི་རེ་བ་ཤིན་ཏུ་ནས་ཆེ་ལགས།
“བྱིས་པའི་འཕེལ་རྒྱས་ལ་སེམས་ཁུར་མི་བྱེད་པའི་སློབ་གསོ་ནི་ཁྲེལ་མེད་ཀྱི་སློབ་གསོ་ཞིག་དང་། བྱིས་པ་ཡོངས་ཀྱི་འཕེལ་རྒྱས་ལ་སེམས་ཁུར་མི་བྱེད་པའི་སློབ་གསོ་ནི་ཕྱོགས་རིས་ཅན་གྱི་སློབ་གསོ་ཞིག བྱིས་པ་ཡོངས་ཀྱི་སྤུས་ཚད་ཀྱི་ཕྱོགས་སོ་སོར་སེམས་ཁུར་མི་བྱེད་པའི་སློབ་གསོ་ནི་ཤི་མ་གསོན་གྱི་སློབ་གསོ་ཞིག་རེད།”ཅེས་གསུངས་པ་བཞིན་སློབ་མའི་སློབ་སྦྱོང་གི་སྤུས་ཚད་དང་ཡར་རྒྱས་ལ་སེམས་ཁུར་མི་བྱེད་པར་སློབ་གཞི་གང་དེ་ག་དུས་རྫོགས་མིན་ལ་བརྩོན་པ་ནི་རང་གཞན་གཉིས་ཕུང་བར་འགྱུར་བྱེད་ཀྱི་རྒྱུ་ཁོ་ན་ལས་མ་འདས་པས་ཅིས་ཀྱང་གཟབ་དགོས་ཚོད་རེད།
མ་གཞི་དགེ་རྒན་གྱི་སློབ་ཁྲིད་བཟང་མིན་ནི་སློབ་མ་རེ་རེའི་ཤེས་བྱའི་སྤུས་ཚད་དང་། ཀུན་སྤྱོད་དང་བརྩེ་སེམས་ཀྱི་སྤུས་ཚད་སོགས་འཕེལ་རྒྱས་སུ་སོང་ཡོད་མེད་ལ་དཔྱད་དགོས་པ་དང་། མ་མཐའ་ཡང་དགེ་རྒན་གྱིས་གང་ཁྲིད་པ་དེ་སློབ་མ་རེ་རེ་ནས་ག་ཚོད་ཅིག་ཤེས་ཡོད་མེད་ལ་ནམ་ནམ་རྒྱུན་རྒྱུན་དུ་ཐུགས་འཁུར་དང་དོ་སྣང་བྱ་རྒྱུ་ནི་གནད་འགག་གི་གནད་འགག་ཅིག་ཡིན་པར་སྙམ་པའི་ཚོར་བ་ནི་དགེ་རྒན་ཚོ་འཛིན་ཁང་དུ་ཕེབས་ཐེངས་རེ་རེར་སླེབས་ཀྱིན་འདུག
དགེ་རྒན་གྱིས་སློབ་ཁྲིད་གནང་ཞིང་སློབ་མ་ཚོས་དེ་ཉིད་སྦྱོང་ཁུལ་གནང་སྟེ་མཐའ་མར་རྒྱལ་ཕམ་གྱི་འབྲས་བུ་གང་ཞིག་འབྱུང་མིན་གྱི་རྩ་བའི་རྩ་བ་ཡང་དགེ་རྒན་གྱི་སློབ་ཁྲིད་སྤུས་ཚད་ཁོ་ནར་ཐུག་འདུག་པར་སྙམ་ལ། སློབ་ཁྲིད་བཟང་ངན་གྱི་ཚད་ཐིག་འཇལ་བྱེད་ཀྱང་སློབ་མ་རེ་རེ་སློབ་སྦྱོང་གི་སྤུས་ཚད་ལ་དཔྱད་དགོས་པ་ལས་སློབ་གཞི་གང་དེ་ཀློག་འགྲེལ་ག་ཚོད་ཅིག་ཚར་ཡོད་མེད་ནི་ཡེ་ནས་མིན་པར་སྙམ།
སློབ་ཁྲིད་སྤུས་དག་ཅིག་ཁྲིད་ཚེ་སློབ་ཕྲུག་ཚོར་ནང་ལས་ཀྱི་ཁུར་བོ་ལྗིད་པོ་ཞིག་མ་སྤྲད་ཀྱང་འཐུས་པར་འདུག་མོད། དེ་ནི་སློབ་ཁྲིད་བྱེད་ཐབས་ཀྱིི་སྤུས་ཀ་ཚད་མཐོ་སར་མ་སླེབས་ཚེ་ཧ་ཅང་གི་དཀའ་བར་འདུག དགེ་རྒན་གྱིས་ནང་ལས་སྤྲད་པ་ནི་རྒྱུན་ལྡན་ཞིག་ཡིན་པ་དང་། དགེ་རྒན་གྱིས་ནང་ལས་སྤྲད་དོན་ཡང་གང་ཞིག་ཁྲིད་ཚར་བ་དག་སློབ་མ་ཚོའི་ཡིད་དུ་ངེས་ཤིང་ལག་ལེན་ལ་གོམས་པར་བྱ་བའི་ཕྱིར་དུ་ཡིན་ཙ་ན། དགེ་རྒན་ཚོས་ཀྱང་སློབ་མས་གང་ཞིག་བྲིས་པ་དག་ནོར་བཅོས་དང་ལམ་སྟོན་གནང་རྒྱུ་ནི་སློབ་མས་དགེ་རྒན་ལ་སྤྲད་པའི་ནང་ལས་ཤིག་ཡིན་པས་ཅིས་ཀྱང་གཟབ་གནན་གྱིས་དག་བཅོས་བྱ་རྒྱུ་ནི་ཧ་ཅང་གིས་གལ་ཆེར་བར་སྙམ། ནང་ལས་ལ་ཞིབ་ལྟ་དང་དག་བཅོས་མ་བྱས་པར་དུས་ཐོག་ཏུ་སྤྲད་པ་ཙམ་གྱིས་འགྲིག་རྟགས་རྒྱག་རྒྱུ་ཡིན་ན་ནི་ནང་ལས་བྲིས་དང་མ་བྲིས་ལ་ཁྱད་པར་ཞིག་འདུག་གམ།
སློབ་མ་ཚོས་ནང་ལས་བཤུ་འབྲི་དང་རྐུ་འབྲི་བྱེད་པའི་གོམས་གཤིས་ངན་པ་དེ་ཡང་དགེ་རྒན་གྱིས་ནང་ལས་ཞིབ་ཏུ་མ་བལྟས་པས་ཡིན་པ་ལས་རྐྱེན་གཞན་ཞིག་གང་དུའང་བཙལ་རྒྱུ་མེད་པས། གཟབ་པར་སྨོན། ཅིས་ཀྱང་གཟབ་པར་སྨོན། མི་རིགས་ཞེས་པའི་འགན་འཁྲི་ཆེན་པོ་དེ་ཕྲག་ཏུ་བཞེས་མ་ཐུབ་ཀྱང་ཟས་རིན་ཕོག་རིན་གྱི་དོད་ཙམ་ཞིག་ལོན་པར་གྱིས་ཤོག
མཇུག་གི་གཏམ།
“མིའི་སེམས་ཁམས་ཀྱི་ན་ཚ་སྔོན་འགོག་བྱེད་པའི་ཉིན་དང་པོ་ནས་མིའི་རིགས་ཀྱི་བདེ་སྐྱིད་ཀྱི་གོམ་པ་དང་པོ་སྤོ་བའི་མགོ་བརྩམས་པ་རེད།”ཅེས་པ་བཞིན་ང་ཚོས་ནམ་ཡང་ཡིད་དུ་འཛིན་དགོས་པ་ནི་མི་བུ་རང་ཉིད་ནས་མགོ་བཙུགས་ཏེ་རང་ཉིད་དང་རང་གི་ཁོར་ཡུག་གི་ཕྱིར་དུ་མ་ཚང་བ་དང་མ་འཐུས་པའི་ཆ་རེ་རེ་དག་ཐེར་དང་སྐྱོན་འཛུགས་གནང་སྟེ་མེད་པ་ནས་ཡོད་པ་དང་།ཡོད་པ་ནས་འཐུས་ཚང་། འཐུས་ཚང་ནས་གོང་འཕེལ་དུ་གཏོང་བར་འབད་རྒྱུ་ནི་མི་རིགས་ཀྱི་མ་འོངས་བའི་ཕྱིར་དུ་ཡིན་པས་ཀུན་གྱིས་སེམས་ཁུར་དང་ཧུར་བརྩོན་བྱེད་དགོས་པའི་འོས་འགན་དེ་སུ་ལ་ཡང་ཡོད་དགོས་པར་འདུག
གནས་ལུགས་དེ། རྒྱུ་མཚན་དེ། སྐད་ཆ་དེ་སྙིང་ལ་བཅིངས་ཏེ་ཁོ་བོས་ཀྱང་ཁོར་ཡུག་ཆུང་ཆུང་(ས་རཱ་མཐོ་སློབ)འདིའི་སྐྱོན་ངན་ངོན་དག་ལ་མཛུབ་མོ་ནན་དུ་འཛུགས་པའི་ཁུལ་ཡིན། “མི་གོ་བ་ཅན་ལ་ཚིག་གཅིག།། རྟ་གོམ་པ་ཅན་ལ་ལྕགས་གཅིག །”ཅེས་པ་བཞིན་གནས་ལུགས་དང་བདེན་པ་ལ་གུས་བརྩི་ཡོད་པ་དག་གིས་དང་ལེན་གྱི་མགོ་བོ་ནང་དུ་སྒུར་ཞིང་རེ་རེ་བཞིན་སྤངས་བར་དམ་བཅའ་བཞག་ཟིན་ཡོད་ངེས་རེད་ལ། ཡོད་པར་ཡིད་ཆེས་ཀྱང་ཡོད། དེ་དག་ལ་བཀའ་དྲིན་ཆེ་ཞེས་ཀྱང་ཞུ་ན་འདོད།
འོན་ཀྱང་། བདེན་པའི་མིག་ཟུང་ལ་སྐྱོན་གྱི་མིག་ཤེལ་བསྐྱོན་ཞིང་དྲང་པོའི་བློ་མིག་ལ་ཕྲག་དོག་དང་ཞེ་སྡང་གི་ས་རྡུལ་གྱིས་བཀང་ཡོད་པ་ཚོས་བདག་གི་སྐད་ཆ་ལ་ངོས་ལེན་བྱེད་པའི་སྙིང་སྟོབས་ཤིག་གང་ན་ཡོད་དེ། ཡོད་མི་སྲིད། ད་དུང་ཁོང་ཁྲོ་དང་ན་ཟུག་གི་མིག་མདངས་ང་ལ་སྤྲད་རྩིས་ཡོད་པ་གདོན་མི་ཟ་བས། ངས་ཀྱང་བདག་གི་སྐད་ཆ་ལ་རྣ་བ་གཏད་པར་བཀའ་དྲིན་ཆེ་ཞེས་ཞུ་བ་ལས་དགོངས་དག་ནམ་ཡང་མེད། སློབ་གྲོགས་རེ་ཟུང་གིས་ཁྱེད་ཀྱིས་དགེ་རྒན་ཚོར་འདི་ལྟར་སྐྱོན་འཛུགས་དང་གཤེ་གཤེ་བཏང་ན་རྗེས་སུ་ཡིག་ཚད་ལ་དཀའ་ངལ་འཕྲད་ངེས་རེད། ནང་ལས་ལ་བརྒྱ་ཆ་གཅོག་ངེས་རེད། ཧ་ཅང་གཟབ་ན་ལེགས་ཞེས་སེམས་ཁུར་གྱི་སྐད་ཆ་བཤད་མཁན་ཡང་འདུག
འོ་རེད། སློབ་གྲོགས་དེའི་གསུངས་བ་བཞིན་ས་རཱ་མཐོ་སློབ་ཀྱི་དགེ་རྒན་ཚོ་སྦྲེལ་ལད་དང་ཁ་ཡག་ངོ་དགའ་ལ་དུང་བ་ལས་དོགས་འདྲི་དང་སྐྱོན་འཛུགས་བྱེད་མཁན་གྱི་སློབ་མ་ལ་ཁྱོན་ནས་མི་དགའ་བ་ཞིག་ཡིན་ནམ། དེ་ནི་ཕལ་ཆེར་ཡིན་མི་སྲིད་པར་སྙམ། གལ་སྲིད་ཡིན་ན་ཡང་གཅིག་གཉིས་ཤིག་ལས་ཡོད་མི་སྲིད་པ་ནི་སུས་ཀྱང་ཧ་གོ་ཚོད་རེད་ལ། ཁོ་བོ་ལའང་ཡིད་ཆེས་བརྟན་པོ་ཡོད། བདག་གིས་ཀྱང་མ་འགྲིག་མ་འཐུས་ཀྱི་སྐད་ཆ་བཤད་ས་དེ་དགེ་རྒན་རེ་ཟུང་ཞིག་ཡིན་པ་ལས་དགེ་རྒན་ཡོད་ཚད་ལ་གདོང་གཏད་དེ་ཁྱོད་ཚོ་འགྲིག་མི་འདུག ཁྱེད་ཚོར་སྐྱོན་འདུག་ཅེས་བ་མིན་ལ། སློབ་མ་ཚོ་ཡང་དེ་དེ་བཞིན་ཡིན་། བདག་གི་སྐད་ཆ་ཚོ་སྙིང་ལ་ཕོག་ཏེ་ཟུག་གཟེར་གྱི་ན་ཟུག་སྐྱེ་མཁན་ཡང་དགེ་སློབ་རེ་ཟུང་ལས་ཡོད་མི་སྲིད་ལ། ཡོད་པ་དག་ནི་བདག་གི་འགྲེལ་བཞིན་པའི་ན་ཚ་དེ་ཡོད་ཁོ་ཐག་ཡིན་པས། དཀར་པོ་ཆིག་ཐུབ་ལྟ་བུའི་བདག་གི་སྐད་ཆ་ཚོ་ཡིད་དུ་ངེས་བར་གྱིས་ཤིག་གུ
སྨྲས་པ།
སློབ་ཆེན་པ་ཞེས་རང་ཉིད་བསྟོད་པའི་སྣང་བརྙན་འདི་ཡི་རྒྱབ་མདུན་ན།།
སུས་ཀྱང་གསང་ལ་ཀུན་གྱིས་བརྩོན་པའི་ཡ་མ་བརླ་ཡི་གཤིས་ཤིག་ཡོད།།
རང་དོན་བསམ་ཞིང་གཞན་དོན་བརླག་པའི་འཆལ་མ་འཆོལ་གྱི་ཀུན་སྤྱོད་དེ།།
མ་དག་ནོར་བའི་ལས་སུ་འབྱམས་པ་རིགས་ལ་གནོད་པའི་གཤེད་མ་རེད།།
དཔེ་ཀློག་བྱེད་པའི་གོམས་གཤིས་དཀོན་ཡང་ནང་ལས་བཤུ་བར་ཐོགས་པ་མེད།།
རང་གིས་རྩོམ་པར་ནུས་པ་མེད་ཀྱང་གཞན་རྩོམ་རྐུ་བའི་རྣམ་དཔྱོད་ཡོད།།
གང་ཡང་ཤེས་བར་སྙིང་རུས་དགོས་ཞེས་རྒན་གཞོན་ཚང་མས་བགྲོ་ན་ཡང་།།
ལག་ལེན་སུ་དང་གང་ལ་མེད་པར་ནམ་ནམ་རྒྱུན་རྒྱུན་གཡེང་སྟེ་འདུག །
མཐུག་ཀྱང་མཐུག་ལ་ཆེ་ཡང་ཆེ་བའི་སློབ་དེབ་གྲུ་བཞི་ནར་མོ་དེ།།
ཀློག་པར་བྲེལ་ཞིང་འགྲེལ་བར་ཞེད་པའི་དགེ་རྒན་ནེ་ཙོའི་སྨྲ་སྒོ་ཅན།།
སློབ་ཕྲུག་ཉོབ་ཅིང་གཉིད་ཀྱིན་གཉིད་ཀྱིན་གང་ཞིག་བཤད་པ་བརྗེད་འགྲོ་བ།།
ཕན་པ་ལས་ཀྱང་གནོད་པ་མོད་པས་ཚད་གཞི་ཞན་པའི་ཁྲིད་ཐབས་རེད།།
རང་གི་མདུན་ལམ་རང་གིས་བཙལ་ན་རང་གཞན་ཕོངས་པའི་ན་ཚ་མེད།།
རང་གི་མི་ཚེ་རང་གིས་བསྐྲུན་ན་རང་རིགས་འཇིགས་པའི་སྐྲག་སྣང་མེད།།
རང་གིས་རང་ལ་རྒྱུན་དུ་སེམས་ཚེ་ཁོར་ཡུག་གང་ལ་གནོད་ཚུལ་མེད།།
རང་གི་གོམ་པ་རང་གིས་སྤོས་ལ་རང་གི་མི་རིགས་རང་གིས་སྐྱོངས།།
༢༠༡༤-༡༠-༢༤ཉིན།