གནས་ཚུལ་གཏོང་མཁན། རྨེའུ་དཀོན་རྒྱམ།
ཕྱི་ལོ་༢༠༡༥ ཟླ་༤ ཚེས་༡༧ ཉིན་གྱི་མཚན་མོའི་དུས་ཚོད་བཅུ་གཅིག་དང་ཕྱེད་ཀ་ཡས་མས་ཤིག་ལ་རྔ་བ་རྫོང་ཐོག་ནས་རྒྱ་གཞུང་གིས་རྩོམ་པ་པོ་བློ་མིག་ལགས་འཛིན་བཟུང་བཙན་ཁྲིད་བྱས་འདུག་པས། ད་སྐབས་ཁོང་གང་དུ་བཀག་ཉར་བཙོན་འཇུག་བྱས་ཡོད་མེད་སོགས་ཀྱི་གནས་ཚུལ་གསལ་པོ་ཤེས་རྟོགས་ཐུབ་མི་འདུག
དངོས་མིང་ལ་ཇོ་འཇམ་དབྱངས་དང་ཡོངས་གྲགས་སུ་བློ་མིག་ཏུ་འབོད་པ་ཁོང་རྒྱ་གཞུང་གིས་འཛིན་བཟུང་བཙན་ཁྲིད་བྱེད་དགོས་དོན་ཁ་གསལ་བྱུང་མེད་ནའང་། ཁོང་བཙན་ཁྲིད་བྱས་རྗེས་རྩོམ་པ་པོ་ཉི་ཤུ་ལྷག་གིས་ཁོང་གི་སྐོར་ལ་རྩོམ་ཡིག་བྲིས་པ་རྣམས་ཀྱི་ནང་དོན་དང་འབྲེལ་ཡོད་རྣམས་ཀྱིས་ཚོད་དཔག་བྱས་པ་ལྟར་ན། ཁོང་གིས་༢༠༠༨ ལོའི་ཞི་རྒོལ་དང་རང་ལུས་མེར་སྲེག་གི་རྒྱབ་ལྗོངས། ཁོར་ཡུག་གཏོར་བཅོམ་དང་སྨྲ་བརྗོད་རང་དབང་བཙན་འཕྲོག་བྱས་དང་བྱེད་བཞིན་པ་སོགས་རྒྱ་གཞུང་ལ་ཐེར་འདོན་གྱི་རྩོམ་ཡིག་བྲིས་ཤིང་། བགྲོ་གླེང་དང་གཏམ་བཤད་སྔ་ཕྱིར་མང་པོར་བྱས་པའི་རྐྱེན་གྱིས་ཡིན་པ་ངོས་འཛིན་བྱེད་ཀྱི་ཡོད་འདུག
རང་ལོ་ཉེར་བདུན་ཡིན་པའི་རྩོམ་པ་པོ་ཁོང་ནི་ཨ་མདོ་རྔ་བ་རྨེའུ་རུ་མའི་རུ་ཆེན་གསུམ་པའི་ཇོ་ཚང་གི་ཡིན་ཞིང་ཕ་མིང་ལ་རྡོར་ཁོ་དང་མ་མིང་ལ་འཛམ་དཀར་ཟེར་གྱི་ཡོད་འདུག ལོ་དྲུག་གི་སྟེང་རྔ་བ་ཀིརྟི་དགོན་པར་གྲྭ་པ་བྱས་ཤིང་། ཀིརྟིའི་ནང་བསྟན་གཞོན་ནུའི་སློབ་གྲྭར་ཞུགས་ཏེ་སློབ་སྦྱོང་རྒྱུན་སྐྱོང་བྱེད་བཞིན་པའི་སྐབས་སུ་རྒྱ་གཞུང་གིས་གྲྭ་ཕྲུག་བདུན་བརྒྱ་ལྷག་ཡོད་པའི་ནང་བསྟན་གཞོན་ནུའི་སློབ་གྲྭའི་སྒོ་བཙན་ཤུགས་ཀྱིས་སྒོ་བརྒྱབས་རྗེས། རྔ་བ་ཀིརྟི་དགོན་པའི་གཙོས་བྱས་ཏེ་བྲག་འགོ་དགོན་དང་རེབ་སྐོང་། བླ་རུང་སྒར་སོགས་ནས་ནང་ཆོས་དང་རྩོམ་རིག་སོགས་ལ་སློབ་སྦྱོང་གནད་སྨིན་བྱས་ཤིང་། ད་སྐབས་རྔ་བ་ཀིརྟི་དགོན་པའི་ཕར་ཕྱིན་འཛིན་གྲྭ་ཡིན་འདུག
ཕྱི་ལོ་༢༠༡༠ ལོར་༼ན་བུན་སེར་པོའི་འཕྱུར་སྟངས།༽ཟེར་བའི་དེབ་ཅིག་བརྩམས་ནས་ཟི་ལིང་ནས་དཔར་བསྐྲུན་བྱས་འདུག དེ་མིན་བོད་ནང་གི་མཆོད་མེ་དྲ་བ་དང་སེང་རྡོར་དྲ་བ། མཚོ་སྔོན་པོ་ཟིན་བྲིས་སོགས་སུ་ཆེད་རྩོམ་མང་པོ་སྤེལ་མྱོང་མཁན་ཞིག་ཡིན་འདུག
ལྷག་པར་ཉེ་ཆར་ཁོང་གིས་༼ལྕགས་སྒྲོག་གིས་བཀྱིགས་པའི་གཏམ་རྒྱུད།༽ ༼རྔ་བའི་ཡི་གེ་བ་དག་ལ་མཚོན་གྱིས་བསྣུན་གྱིན་ཡོད།༽ ༼ང་མ་ཤི་བར་དུ་ལྟ་ཚུལ་བཤད་ཁོ་ཐག་ཡིན།༽ ཟེར་བ་སོགས་ཀྱི་རྩོམ་ཡིག་མང་པོ་ཞིག་སྤེལ་འདུག
དམིགས་བསལ་བོད་ནང་གི་རྩོམ་པ་པོ་སྒོ་ཤེར་དང་སེང་རྡོར། དགུ་རུང་སྤུན་གྲོལ་དང་ཞོགས་ལྗང་སོགས་དང་ལྷན་དུ་༼ཟི་ལིང་གཟའ་ཉི་མའི་ཁ་བརྡ་༽སོགས་ཀྱིས་མཚོན་པའི་མཚོ་སྔོན་དགེ་འོས་སློབ་ཆེན་སོགས་ནས་བགྲོ་གླེང་མང་པོ་བྱས་མྱོང་ཡོད་འདུག མ་ཟད་ཐོག་དང་པོར་རྔ་བ་རང་ནས་ཀྱང་༼རང་གྲོལ་བསྐྱར་ཞིབ་༽དང་༼གཟའ་ཉི་མའི་ཁ་བརྡ།༽ཟེར་བའི་བགྲོ་གླེང་གསར་འཛུགས་བྱས་ཏེ་གཞོན་སྐྱེས་མང་པོར་ཤུགས་རྐྱེན་ཆེན་པོ་ཐེབས་འདུག གཞན་རྨེའུ་རུ་མ་ནས་ཀྱང་༼སྨྲ་བརྗོད་མེད་པའི་འུ་ཅག་༽ཟེར་བའི་དམངས་ཚོགས་དང་མཉམ་དུ་བགྲོ་གླེང་ཞིག་གོ་སྒྲིག་བྱས་ཡོད་པ་བཅས།
རྨེའུ་དཀོན་རྒྱམ་གྱིས་ཕྱི་ལོ་༢༠༡༥ ཟླ་༤ ཚེས་༢༡ ཉིན།
ཕྲན་ལ་འབྲེལ་གཏུགས་བྱ་ཡུལ་ཁ་བྱང་དང་ཁ་པར་ཨང་གྲངས་ནི་གཤམ་གསལ།
6a/3 Grafton Crescent,
Dee why, 2099
NSW/Sydney/Australia
ལག་ཁྱེར་ཁ་པར་ཨང་གྲངས། (+61403649808)
གློག་འཕྲིན་ཁ་བྱང་། kungam2000@gmail.com
སྐྱིད་སྡུག་མཉམ་མྱོང་། སྐད་འབོད་རྒྱབ་བསྐྱོར། ཚང་མས་གནང་རོགས།
རྩོམ་པ་པོ་མཆོག་གི་བྱས་པར་ཡི་རངས་དང་། ཚང་མས་མ་ཐོས་མ་གོ་ཚུལ་མི་གནང་བར་བརྒྱུད་ལམ་གང་མང་དང་ཡིག་རིགས་སྣ་ཚོགས་ནང་ཁྱབ་བསྒྲགས་བྱས་ནས་རྒྱ་གཞུང་གི་བྱེད་བབ་ལ་ངོ་རྒོལ་གནང་རོགས།