སྣང་རྒྱལ་ཤེས་དགེ། (ཝཱ་ར་ཎ་སི)
བསིལ་ལྷམ་གོང་ཆེན་ཉོས་ནས་ཅི་ཞིག་བྱ།།
དབྱར་ཟླ་གསུམ་པོ་ཞི་མིའི་ཧབ་བྲིད་འདྲ།།
སྒོར་མོ་མཛོད་དུ་བཅུག་ནས་ཅི་ཞིག་བྱ།།
མི་ཚེ་ཐུང་ཐུང་མདངས་གསུམ་རྨི་ལམ་འདྲ།།
ཁྲོམ་ར་ཁྲ་ཁྲ་མིག་གི་བསླུ་བྲིད་རེད།།
ཚོང་དཔོན་ལྕེ་བདེ་ཨ་བུ་ནེ་ཙོ་རེད།།
བསིལ་ལྷམ་བདེ་མོ་སྒྱུ་མའི་ཆོ་འཕྲུལརེད།།
དངུལ་ཁུག་ནང་གི་ཤོག་བུ་ཤོར་སོང་ཐལ།།
རྐང་མགོར་གོན་ནས་ཡར་འགྲོ་མར་འགྲོ་བྱས།།
ལག་མགོར་བླངས་ནས་གཡས་ལྟ་གཡོན་ལྟ་བྱས།།
སྔས་མགོར་བཞག་ནས་ཕར་སློག་ཚུར་སློག་བྱས།།
མཚན་མོ་ཞིག་གི་གཉིད་སྐལ་འཕྲོག་སོང་ཐལ།།
ཕྱི་ལ་གོན་ན་རྡུལ་གྱིས་གོས་ཨེ་འགྲོ།།
སྒམ་དུ་བཅུག་ན་འབུ་ཡིས་ཟ་ཨེ་འགྲོ།།
གོན་དང་མི་གོན་བར་གྱི་ཐེ་ཚོམ་འདིས།།
ཡིད་གཏད་ཆོག་པའི་འཇོག་ས་མ་རྙེད་ཐལ།།
ཉམས་མྱོང་ཅན་རེ་ཡོད་ན་ལམ་ཞིག་སྟོན།།
བློ་རིག་ཅན་རེ་ཡོད་ན་ཐབས་ཤིག་སློབས།།
སེར་སྣ་ཅན་གྱི་རྒྱུ་ནོར་རྩ་ཆེན་འདི།།
བེད་སྤྱོད་གཏོང་སྟངས་མ་ནོར་བ་ཞིག་དགོས།།
བདེན་བཞིའི་ཆོས་འཁོར་བསྐོར་སའི་ར་བ་ནས། །
འདིར་སྣང་ཐམས་ཅད་སྒྱུ་མར་རབ་དགོངས་ཏེ། །
མཆོད་རྟེན་མདུན་དུ་པུས་བཙུཊ་ཐལ་སྦྱར་གྱིས། །
བདག་འཛིན་འགོང་བོའི་ན་ཚ་ཤེས་པར་བརྩོན། །
མཆོད་རྟེན་བྱིན་རླབས་ཅན་གྱིས་མ་ཕན་ཞིང་།།
གནས་མཆོག་ཆོས་རྩི་ཅན་གྱི་མ་སྨན་པར།།
ཆོས་འཁོར་དང་པོ་བསྐོར་བའི་གནས་དེ་ན།།
བསལ་དཀའི་བདག་འཛིན་ཅན་འདི་ཅི་ཡིས་ནོངས།།
ཚིག་བཅད་རྣ་བར་སྙན་བྱུང་་་་་བསིལ་ལྷམ་མིག་ལ་མཛེས་པ་་་་་་་་རྒན་ལགས་ཁྱེད་ལ་ཞུ་རྒྱུར་་་་་་་་བསིལ་ལྷམ་དེ་ཏོག་ཙམ་ཆེ་དྲག་མིན་འདུག་གམ་་
རེ་དོགས་གཡང་དུ་དབང་མེད་སྐྱུར་བྱེད་པའི། །
བསིལ་ལྷམ་གསར་པ་འདི་ལ་མ་ཆགས་པར། །
གངྒྰའི་ཆུ་ལ་ཕངས་མེད་གཡུག་ཐུབ་ན། །
དྲང་སྲོང་ཆེན་པོའི་བདེ་བ་ཁྱོད་ལ་འཐོབ། །
༄།། ནོར་རྣམས་ཀུན་གྱིས་ནང་ནས་ཆོག་ཤེས་པ། །རབ་མཆོག་ལགས་པར་ལྷ་མིའི་སྟོན་པས་གསུངས།
སྙན་ངག་སྙན་མོ་སྙིང་གི་བུ་རམ་རེད།།
བསིལ་ལྷམ་ཡག་མོ་རྐང་མགོའི་མདུད་རྩི་རེད།།
ཨ་འགྲིགས་ཡང་འགྲིགས་ནོར་བུ་ཆ་འགྲིགས་རེད།།
གོལ་ས་ནོར་ས་མེད་དོ་སྙིང་གི་གྲོགས།།
ཚེ་རིང་ཚེ་ཐག་རིང་རྒྱུ་ཀྱེ།
ལྷམ་ཆུང་ན་མི་བཟང་ཆེ་ན་བཟང་།།
ལྷམ་ཆེ་ན་སང་ལོ་གོན་ནའང་ཆོག །
ཀླུ་སྨྱོན་ཀླུ་ལ་དགའ་བ་ཁྱོད།།
ཀླུའི་ཉ་མོར་ལྷག་ཏུ་དགའ་བ་ཁྱོད།།
ལྷམ་ཆུ་ལ་གཡུག་ན་ཀླུ་ཡིས་འཁྱེར།།
ཁྱོད་བླ་མའི་ཀླད་པ་ང་ཡིས་ཤེས།།
ཡར་ལྷ་ཡར་བསམ་བཟང་པོ་ཁྱོད།།
ང་རྒྱལ་བའི་གསུང་གིས་མ་ཐུལ་བར།།
ལུང་ཡམ་ཡོམ་ཞིག་གིས་ག་ལ་ཐུལ།།
ཁྱོད་བསམ་པ་བཟང་རུང་ཐབས་ལམ་ངན།།
སྤོབས་མཐའ་སྤོབས་པ་ཆེན་པོ་ཁྱོད།།
སེམས་གནམ་ལ་འགྱོག་པའི་སྤོབས་པ་ཁྱོད།།
ངའི་བདག་འཛིན་དམ་དུ་གཏོང་མཁན་ཁྱོད།།
ཐབས་འདི་ལས་མེད་ན་ཞལ་ཁ་ཚུམས།།
བསིལ་ལྷམ་པགས་རིགས་གྱོན་ན་ནི། །
གཞན་གནོད་སྡིག་ལྟུང་འོངས་ཀྱང་སྲིད། །
པགས་རྫུན་བསིལ་ལྷམ་གྱོན་གྱུར་ན། །
དབྱར་དུས་བདེ་བསིལ་འོག་ནས་འོངས། །
སྣང་རྒྱལ་བདེ་བའི་ཆེད་དུ་སྒོར་མོ་བསགས། །སྒོར་མོས་བདེ་བ་འཐོབ་ཕྱིར་བསིལ་ལྷམ་ཉོས། ལྷམ་གྱིས་བདེ་བ་ཕར་བཞག་སྡུག་ཉིས་བརྩེགས། །སྡུག་བསྡལ་གཉིས་པའི་མྱོང་འཁྲིད་ཐེངས་གཅིག་ཐོབ། །བསགས་བསགས་སྒོར་མོ་ཁྲོམ་རྭའི་བསླུ་བྲིད་འོག །ཤོར་བས་སྣང་རྒྱལ་ཤེས་དགེས་ཉམས་མྱོང་བསགས། །འཁོར་ལོ་དང་པོའི་བདེན་བཞི་མི་རྟག་སོགས། བཅུ་དྲུག་སོམས་ལ་དངོས་འཛིན་འདུལ་བར་མཛོད། །ཆོས་རྣམས་རང་གི་མཚན་ཉིད་ཀྱིས་སྟོང་པའི། །འཁོར་ལོའི་དགོངས་དོན་དཔལ་མགོན་ཀླུ་སྒྲུབ་ཀྱིས། ཇི་ལྟར་བཀྲལ་བཞིན་ཞིབ་ཏུ་བསམ་བྱས་ཏེ། བསིལ་ལྷམ་ཚལ་པ་བྱེ་བར་གཏང་ནས་ནི། སྣང་སྟོང་སྒྱུ་མ་ལྟ་བུའི་ལྟད་མོ་ལ། ཡུན་ཙམ་བདག་འཛིན་གོང་བུ་ངལ་གསོས་ཤིག །དེས་ཀྱང་བདག་འཛིན་གོང་བུར་མ་ཕན་ན། །མྱ་ངན་འདས་དང་སྙིང་པོའི་མདོ་སོགས་ལས། བསྟན་བཞིན་སེམས་ཀྱི་རྡོ་རྗེའི་ངོ་བོ་ལ། །མ་བཅོས་ངང་གི་འཇོལ་དང་ཕན་ལས་ཆེ། །དེ་ལས་མགོ་བོ་ད་དུང་བཏེགས་འགྱུར་ན། །རྡོ་རྗེ་ཐེག་པའི་རྣལ་འབྱོར་ཇི་སྙེད་ཀྱི། ངོ་མཚར་ལྟད་མོ་ནམ་མཁའི་སྐར་ཚོགས་བཞིན། ཤར་བའི་ཐེག་པའི་ལམ་སྣེ་ཟིན་འགྱུར་ན། བསིལ་ལྷམ་སྒོར་མོའི་ངལ་གསོ་དེ་ནས་འབྱུང་། ད་དུང་ངེས་ཤེས་ངལ་གསོ་མ་བྱུང་ན། དམ་ཆོས་ལམ་གྱིས་ཁྱོད་ལ་ངལ་གསོ་དཀའ། འོན་ཀྱང་དངོས་ཁམས་སྤྱི་དང་ཨན་ཤེ་ཀྲན། ཞེས་གྲགས་ལྟོས་བཅས་རིགས་པ་སྨྲ་བ་ཡི། རྗེས་སུ་འཇུག་དང་ཁྱོད་ལ་ཅུང་ཕན་ཆེ། འདིས་ནི་བདག་འཛིན་བརྩད་ནས་ཞིག་པར་དཀའ། སྣང་རྒྱལ་ཤེས་དགེའི་བསིལ་ལྷམ་བྱུང་བ་ལ། རྩེ་མཚར་ཚུལ་དུ་ཡར་ལྷ་ཤམ་པོས་སྤྲིངས།།
ཀརྡོ་བློ་སེམས་དཀར་པོ་ཀྱེ།།
ཤ་ཟོས་ཉེས་པར་མི་འཇིགས་པར།།
པགས་གྱོ་ཉེས་པར་དེ་བས་མིན།།
འགྱིག་གི་བསིལ་ལྷམ་ལུས་ལ་གནོད།།
ཁྱོད་བྱང་སེམས་ཆེ་རུང་འཕྲོད་བསྟེན་ཆུང་།།
ཡར་ལྷ་ཡར་ལ་འགྲོ་རྒྱུ་ཁྱོད།།
གཞུང་ཟབ་མོའི་ཚིག་ཚོགས་ང་ཡིས་མཐོང་།།
དེ་ཉམས་ལེན་བློ་སྟོབས་ང་ལ་མེད།།
བཀའ་བརྟེན་འགྱུར་རི་ལྟར་བརྩིག་ས་ན།།
གཏམ་འདི་ཚོ་མཆིལ་མས་པགས་མཉེད་འདྲ།།
གཞན་ཚན་རིག་མཁས་པའི་ཁ་ནང་ན།།
རྒྱུ་འབྱོར་བ་སྤོང་བའི་སྐད་མི་འདུག །
ང་སྡུག་ལ་ཐུག་ནས་དྲིས་པའི་ལན།།
གཏམ་དེ་ལས་མེད་ན་ཡིད་རེ་སྐྱོ།།
མི་རྣམས་ཀྱིས།
རྡོ་ཆས་སྐབས་སུ་པགས་རིགས་གྱོན། །
ཡར་ཐོན་ངོམས་ནས་པགས་རིགས་གྱོན། །
ཡ་རབས་ཅན་ཚོས་པགས་རིགས་འཛེམས། །
ཆོས་པའི་རིགས་ཀྱིས་པགས་རིགས་སྤོངས། །
སྣང་རྒྱལ་ཤེས་དགེས་ཐུགས་ལ་ཞོགས། །
ཉོས་ན་གོན་མི་ཐུབ་པ་དེ།
སེར་སྣ་ཅན་གྱི་རང་གཤིས་རེད།།
མ་གོན་སེམས་པ་མི་བདེ་བ།།
རྔམ་སེམས་ཅན་གྱི་རང་གཤིས་རེད།།
རྒྱུན་དུ་ཐགས་པས་བསྡམས་་ནས་ཁང་ངོར་དཔྱངས།
མཛེས་མ་མཇལ་དུས་སྐུ་ངོར་འཕྲད་སྐབས་གྱོན།
གང་ལྟར་དུས་ཚོད་འགྱངས་རྗེས་ཚོར་བ་ལ།
འགྱུར་ལྡོག་བྱུང་སྲིད་དེ་དུས་ཁྲིའི་འོག་ཞོག
྄
རིགས་པས་བུ་ཞིག་ཡིན་ན་གདམས་པ་འདི།
ཁྲི་ཡིས་མི་ཁུག་སྟོང་གིས་ཐེག་ལེ་མིན།
ཉམས་མྱོང་སྙན་ནས་སྙན་ལ་བརྒྱུད་ཡོད་པས།
སྲོལ་འདི་མ་བརྗེད་སེམས་ལ་ཟུངས་ཤིག་ཀྱེ།
ལྷམ་ཉོ་དུས་ཐུགས་སེམས་དགྱེས་དགྱེས་པོ།།
ཉོས་ཟིན་དུས་སེམས་པ་འཚབ་འཚུབ་པོ།།
ལྷམ་གསར་པ་ཞིག་གི་མགོ་འཇུག་ལ།།
བུ་སྣང་རྒྱལ་རེ་དོགས་དགུ་འཁྱུད་མ།།
རྩ་དྲེས་མའི་ཐག་པ་བསླེས་འདྲ་བའི།།
ལྷམ་ཁམ་སེར་ཀོ་བ་ལེབ་མོ་དེ།།
རྒྱུ་ནོམ་པ་ཆེན་པོ་མ་ལགས་ཀྱང་།།
ནོར་སྙིང་པོ་བླངས་པའི་དོད་ཐུབ་མཛོད།།
ལྷམ་ཞིག་ལ་ཆགས་པའི་སྙན་ངག་འདིས།།
མི་ཞིག་གི་སེམས་ཁམས་འགྲེལ་བཞག་འདུག།
ཀོ་བ་ཡི་བསིལ་ལྷམ་བདེ་མདོག་འདིས་།།
གོན་མཁན་གྱི་སེམས་པ་དཀྲུགས་བཞག་འདུག།