ཨ་ཚོགས་ཀླུ་མཁར་བྱམས།
ལོ་རྟག་པར་གསུམ་བཅུའི་དུས་དྲན་སྐབས་སུ་བོད་དང་འབྲེལ་བའི་བྱེད་སྒོ་སྣ་ཚོགས་ཤིག་འཛམ་གླིང་གང་སར་སྤེལ་བཞིན་ཡོད་ལ། ད་ལོ་ཡང་དེ་བཞིན་བྱེད་སྒོ་སྣ་ཚོགས་ཤིག་འཛམ་གླིང་གང་སར་སྤེལ་ཡོད་པའི་ནང་ནས། གལ་ཆེ་ཤོས་ནི་བཞུགས་སྒར་ངྷ་སར་གསུམ་བཅུའི་དུས་དྲན་དང་འབྲེལ་ནས་བོད་རང་བཙན་སློབ་ཕྲུག་ཚོགས་པས་སྐུ་ཞབས་འཇམ་དབྱངས་ནོར་བུས་བརྩམས་པའི་ ༼ རང་བཙན་་་་བོད་ཀྱི་གནད་དོན། ༽ ཞེས་པའི་དེབ་ཆུང་ཞིག་དཔར་སྐྲུན་འགྲེམ་སྤེལ་བྱས་འདུག དེབ་ཆུང་དེ་བོད་ཀྱི་དུས་བབ་རྩོམ་སྒྲིག་པ་སྐུ་ཞབས་ལུང་རིགས་རྒྱལ་ལགས་ཀྱིས་རྩོམ་སྒྱུར་གནང་ཞིང་། བོད་རང་བཙན་སློབ་ཕྲུག་ཚོགས་པས་དཔར་སྐྲུན་ཆེད་བརྗོད་ནང་། རྩོམ་སྒྱུར་ནི་གསར་གཏོད་ཀྱི་གོ་རིམ་གཉིས་པར་སོང་གྲགས་རྩོམ་འདི་ལྟ་བུའི་འགྱུར་ལ་དོ་དོ་ཏན་ཏན་ཡོང་མིན་སེམས་ཁྲལ་བྱུང་། བོད་ཀྱི་དུས་བབ་རྩོམ་སྒྲིག་པ་སྐུ་ཞབས་ལུང་རིགས་རྒྱལ་ལགས་ཀྱིས་ཡིག་སྒྱུར་གྱི་ཞལ་བཞེས་གནང་བ་ནས་སེམས་པ་ལྷོད་ལ་བབས་སོང་། ད་ཆ་ང་ཚོས་ཁ་བརྒྱ་མིག་སྟོང་གི་དོ་རར་ཟབ་ཅིང་གསོན་ཤུགས་ལྡན་པའི་རྩོམ་ཡིག་འདི་སྙན་ཞིང་བྱང་རྩལ་ལྡན་པའི་འགྱུར་གྱིས་བཏེགས་ཏེ་འབུལ་རྒྱུར་སྤོབས་པ་ཡོད། ཅེས་འཁོད་འདུག
དཔེ་དེབ་འདི་ནི་སྐུ་ཞབས་འཇམ་དབྱངས་ནོར་བུར་བརྩམས་ཆོས་སྣ་ཚོགས་ཡོད་པའི་ནང་གི་གཅིག་སྟེ། ཧ་ལམ་བོད་རང་བཙན་གྱི་བསྒྲགས་གཏམ་ཞིག་རེད་ཟེར་ནའང་མ་ཆོག་པ་མེད་པར་སྣང་། དེ་བས་ན་དེབ་དེ་རྒྱས་བསྡུས་འཚམས་ཞིང་ཁ་གསལ་གོ་བདེ་ཞིག་བྲིས་འདུག་ལ། ཤོག་གྲངས་༢༧ དང་།ས་བཅད་བརྒྱད་ཡོད་པ་ནི༌༌བོད་ཀྱི་གདོད་མའི་ངོ་བོ་དང་། རང་བཙན་གྱི་ཁྲིམས་མཐུན་ངོ་བོ། ད་ལྟའི་བོད་ནང་། རང་བཙན་ཅིའི་ཕྱིར་གནད་འགག་དུ་གྱུར་བ། ད་ལྟ་ག་རེ་བྱས་ནས་བློས་གཏོང་དགོས་པ་རེད། རང་བཙན་གྱི་རེ་བ་ཙམ་ཡང་གལ་ཆེན་རེད༌༌༌ཅེས་སོགས་དང་། ད་དུང་བོད་རང་བཙན་སློབ་ཕྲུག་ཚོགས་པས་དཔར་སྐྲུན་ཆེད་བརྗོད་ཀྱང་སྤེལ་འདུག
མི་སྡེའི་སྤྱི་ཚོགས་ཀྱི་བྱ་བཞག་སྤྱི་དང་ཡང་སྒོས་ང་ཚོ་བོད་མི་རིགས་ནང་བཞིན་དཀའ་ངལ་འོག་ཡོད་པའི་མི་རིགས་ཤིག་ལ་རྩོམ་པ་བོ་དང་བརྩམས་ཆོས་ཤིག་གིས་བསྐྱར་དར་དང་སྣེ་ཁྲིད་ཀྱི་ནུས་པ་འདོན་ཐུབ་ཀྱི་ཡོད་པའི་དབང་དུ་བྱས་ན། རྩོམ་ཡིག་འདི་ལ་དེ་ལྟ་བུའི་བྱེད་ནུས་ཡན་གར་བ་ཞིག་ཡོད་པ་གོར་མ་ཆགས། དེབ་ཆུང་འདིའི་ནང་བོད་མི་རིགས་ཀྱིས་བརླགས་ཟིན་པའི་རང་གི་སྣོད་བཅུད་གཉིས་ཀྱི་ངོ་རྟགས་གང་ཡིན་པ་དང་། དེ་ཉིད་འཚོལ་སྒྲུབ་བྱེད་པ་ལ་དུས་རབས་ཀྱི་འགྲོས་དང་མཐུན་པའི་བྱེད་ཐབས་གང་དང་ཅི་འཚོལ་དགོས་པ་དང་། མིག་དཔེར་སུ་དང་གང་ཡོད་པ་གསལ་འདོན་བྱས་འདུག་ཁར། ད་དུང་མི་སེར་སྤེལ་བའི་རིང་ལུགས་འོག་ལྷག་པའི་ང་ཚོ་བོད་མི་རིགས་ལ་མཚོན་ན། མི་རིགས་ཀྱི་ལ་རྒྱ་དང་བླ་སྲོག་མ་དོར་བ་ཡིན་ན་དུས་ནམ་ཞིག་རླབས་ཆེན་གྱི་བྱ་བཞག་གང་ཡང་འགྲུབ་ཐུབ་པའི་གདེང་སྤོབས་ཡོད་ངེས་པས་མཐའ་རྒྱན་ཏེ་བྲིས་འདུག
དེབ་འདི་ནི་ལོ་འདིར་བོད་པ་ཚོས་ངེས་པར་དུ་ཀློག་དགོས་པ་དང་། བཀླགས་ནས་ངེས་དགོས་པ། ངེས་རྗེས་འདིའི་ཐད་ཁ་སེམས་ཐོ་ཐུག་པའི་ཐོག་ནས་གོམ་པ་སྤོ་དགོས་པར་འདུག
བཀླགས་ནས་ད་དུང་ངས། བོད་ཀྱི་རྒྱལ་གླུ་ཞིག་ཀྱང་། གསར་དུ་བརྩམས་ཡོད། ཚར་གཅིག་ཀློག་རོགས་གནོངས།
ཁོང་གིས་རྩོམ་ཡིག་དང་བརྩམས་དེབ་ཞེས་བརྗོད་ན་བདེ། རྩོམ་ཆོས་ཟེར་ན་ཅུང་མི་བདེ་བ་ཞིག་རེད། ཁོང་གི་རྩོམ་འདི་དང་ཁ་དོན་ཐོ་ཐུག་པའི་ཐོག་ནས་གོམ་པ་སྤོ་མཁན་གྱི་མི་རེ་ཟུང་ཡོད་སྲིད་ཀྱང་། ང་ཚོས་མཐོ་རིམ་མི་སྣ་ཁག་གིས་སྔར་ནས་ལམ་དབུ་མ་ཡིན། བོད་རང་བཙན་རྩོད་ཀྱི་མེད་ཅེས་གསལ་བཤད་ཡང་ཡང་བྱས་ཟིན་པ་རེད། གསལ་བསྒྲགས་ཡང་ཡང་བྱས་ཟིན་པ་རེད། ད་་ང་ཚོས་ཚིག་ལ་ནུས་པ་ཅི་ཡང་མེད་པ་ཞིག་ཆགས་ཚར་འདུག ད་རུང་བོད་པ་ཚང་གི་སྤྲུལ་སྐུ་འགའ་རེས་ང་ཚོས་ལ་རྒྱལ་བའི་བཀའ་ལ་མི་བརྩི་མཁན་རེད། ཅེས་སོགས་བརྗོད་དེ་བྱ་རོག་དཀར་པོ་བཟོ་སྲིད་པ་རེད།