ཁང་ཟླ་སྲས།
དཔེ་ཀློག་གི་ཉིན་མོ་རྗེས་དྲན་བྱེད་པ།
ཉིན་རེ་བཞིན་དཔེ་མཛོད་ནས་ལས་ཀ་ཚར་རྗེས་ནང་དུ་ཐོན་པ་དང་། ཁ་པར་བསྔོགས་རྒྱུ་ནི་ཉེ་ཆར་ངའི་འཚོ་བའི་གྲུབ་ཆ་ཞིག་ཏུ་གྱུར་ཡོད། འོན་ཀྱང་། ངའི་སྡོད་ཤག་ཏུ་དྲ་ཤུགས་ཀྱིས་མི་སྙོབས་པས་ལས་དོན་ཆུང་ཙག་རིགས་ཀྱི་སྐབས་ང་སྡོད་ཤག་གི་ཁྱམས་རིའི་ངོགས་སུ་དྲ་ལམ་འཚོལ་བར་འགྲོ་བཞིན་ཡོད། ངའི་སྡོད་ཤག་ནི་ཐོག་བརྩེགས་བཞི་བའི་སྒང་ཡོད་པས། དེ་ནས་རྒྱབ་མདུན་གྱི་ཕྱོགས་མང་པོ་ཞིག་སྒེའུ་ཁུངས་བརྒྱུད་ནས་ཐད་ཀར་མཐོང་ཐུབ། ང་སྒེའུ་ཁུངས་འགྲམ་དུ་ལངས་ཏེ་དྲ་ལམ་བཙལ། དེ་རིང་ཡང་སྔར་རྒྱུན་བཞིན་དྲ་ཤུགས་མྱུར་པོ་ཞིག་མི་འདུག་པས་ང་ཡིད་ཐང་ཆད་ཆད་བར་དུ་ངང་སྒུག་བྱས། གློ་བུར་དུ་ཏིང་སྒྲ་བར་མེད་དུ་གྲགས་བྱུང་། དེ་དག་ནི་དྲ་བའི་རྒྱབ་མདུན་གང་སར་གྲོགས་པོ་ཚོས་བཏང་བའི་གནས་ཚུལ་འབྱོར་བའི་བརྡ་ལན་རེད། དེ་རིང་གྲོགས་པོ་མང་པོ་ཞིག་གིས་འཛམ་གླིང་གི་དཔེ་ཀློག་ཡིན་མོ་ཡིན་པས་རང་ངོས་ནས་དཔེ་ཆར་བལྟས་རབ་དང་། དཔེ་ཆ་ཉོས་ཚུལ། དཔེ་ཆ་གསར་པ་འབྱོར་སྐོར་སོགས་རང་དང་འབྲེལ་ཡོད་ཀྱི་གནས་ཚུལ་མང་དག་ཅིག་བྲིས་འདུག ངས་ནི་དེ་རིང་དཔེ་ཀློག་གི་ཉིན་མོ་ཡིན་པ་ཙམ་ཡང་མ་ཤེས་ལ། དམིགས་བསལ་དཔེ་ཀློག་བྱེད་རྒྱུ་ཡང་མ་བྱུང་བས་ཁོང་ཚོའི་བྲིས་པའི་ཟིན་ཐོ་དག་ལ་མིག་ཡེངས་རེ་བྱས་པ་ཡིན། འཛམ་གླིང་དཔེ་ཀློག་གི་ཉིན་མོ་དེ་ནམ་ཞིག་ལ་བྱུང་བ་མ་ཤེས་ཀྱང་། འཛམ་གླིང་ན་དཔེ་ཀློག་གི་ཉིན་མོ་དམིགས་བསལ་བ་ཞིག་ཡོད་པ་ཚོར་བའི་དེ་རིང་ནི། ཁོ་བོས་དཔེ་ཀློག་དང་འབྲེལ་བའི་རང་གི་བསམ་ཚུལ་འགའ་འབྲི་བར་འདོད།
དང་པོ། ཅིའི་ཕྱིར་བཀླག་དགོས་སམ།
དཔེ་ཀློག་ནི། ཚོང་དོན་གྱི་འགྲུལ་བཞུད་ཅིག་དང་འདྲ་སྟེ། འགྲུལ་བཞུད་དེའི་ཁྲོད་ནས་རྙེད་པའི་དངོས་པོ་དག་གིས་རང་གི་འཚོ་བར་སྔར་བས་ཀྱང་ལྷག་པའི་དྲོད་ཁོལ་བསྣན་པ་ཇི་བཞིན། དཔེ་ཀློག་གི་ཁྲོད་ནས་རྙེད་པའི་ཤེས་རབ་དང་། འཚོ་བ་ངོས་འཛིན་ཐད་ཀྱི་སྤོབས་པས་རང་གི་མི་ཚེ་ལ་མཚར་སྡུག་གསར་པ་ཞིག་སྣོན་བཞིན་ཡོད་ཨང་། སྤྱིར་དཔེ་ཀློག་བྱེད་པ་ནི། མི་བུ་རང་ཉིད་ཀྱི་བློ་གྲོས་འཕེལ་ཆེད་དུ་ཡིན་མོད་ཀྱང་། མི་འགའ་རེས་དཔེ་ཆ་ཀློག་པ་ནི། རང་གི་བསམ་བློ་རྒྱ་བསྐྱེད་བྱེད་པ་དང་། ཚུགས་ཐུབ་ཏུ་གཏོང་བ། རྣོ་ངར་ལྡན་པ། ཟིལ་ཤུགས་ཆེ་བའི་དོན་དུ་མི་འཛིན་པར། དཔེ་ཆ་དེའི་འཕྲིན་ལས་ཀྱི་ཆེད་དུ་དང་། མིང་གི་ཆེད་དུ། གོ་སའི་ཆེད་དུའམ། གདན་ཐོབ་ཀྱི་ཆེད་དུ་ཡིན་པ་ལྟ་བུའི་ཕྱོགས་འཛིན་གྱིན་ཡོད་མོད། དེ་ནི་ཀློག་པ་པོ་རང་གི་སྒེར་གཤིས་དང་འབྲེལ་བ་ཡོད་པས་འདིར་འཆད་དགོས་པར་ཆེར་མ་མཐོང་ཡང་། ང་ཚོས་དཔེ་ཆ་ཀློག་པ་དེ་རང་གི་བློ་གྲོས་ཀྱི་ནུས་པ་བང་རིམ་གཅིག་གིས་ཇེ་མཐོར་གཏོང་རྒྱུའི་དོན་དུ་ཡིན་པའི་རྩ་དོན་ཤེས་དགོས་པ་ཡིན།
གཉིས་པ། ཅི་ཞིག་བཀླག་དགོས་སམ།
དཔེ་ཆ་ཅི་ཞིག་གི་སྐོར་བཀླག་མིན་ནི། གཙོ་བོ་མི་བུ་རང་ཉིད་ཀྱི་དགའ་ཕྱོགས་རང་ཡིན་པས་དེར་ངོས་འཛིན་ཐུན་མོང་བ་ཞིག་ནམ་ཡང་ཡོད་མི་སྲིད་ལ། ཡོང་དགོས་དོན་ཡང་ཡོད་མ་རེད། གལ་སྲིད་ཁྱོད་རང་ཚེ་འདིའི་སྣང་བ་ཞེན་པ་བསྐྱུང་སྟེ་ཆོས་པ་རྣམ་དག་ཅིག་བྱེད་འདོད་པ་ཡིན་ན། ཐོག་མར་འཆི་བ་མི་རྟག་པ་དང་། ཞི་གནས། དད་པ་དང་། སྙིང་རྗེ། ལས་འབྲས་སྐོར་གྱི་དཔེ་དེབ་མང་ཙམ་བཀླག་དགོས་པ་ཡིན་ཏེ། དེ་དག་གིས་ག་ལེར་ཁྱོད་ཀྱི་བྲེལ་བ་ཆེ་བའི་མི་ཚེ་འདི་ཧ་ཅང་ཞི་འཇམ་གྱི་ཁོར་ཡུག་གཙང་མ་ཞིག་ཏུ་འཁྲིད་སྲིད་པར་མ་ཟད། རྒྱུན་དུ་རང་ཉིད་ཁོ་ན་བསམས་པའི་ལྟ་ཚུལ་དེར་ཡང་འགྱུར་བ་ངེས་ཅན་ཞིག་གཏོང་ཐུབ་པར་འདོད། ཁྱོད་ཀྱི་དམིགས་ཡུལ་དགེ་རྒན་ཞིག་བྱེད་འདོད་པ་ཡིན་ཚེ། ཁྱོད་ཀྱིས་ངེས་པར་ཏུ་མི་གཞི་སྐྱེད་བསྲིང་དང་འབྲེལ་བའི་སློབ་གསོའི་སྐོར་གྱི་དཔེ་དེབ་མང་པོར་བལྟ་དགོས་པ་ཡིན། གལ་སྲིད་ཁྱོད་ཀྱིས་རང་ཉིད་རྩོམ་པ་པོ་ཚད་ལྡན་ཞིག་བྱེད་འདོད་ན། སྤྱི་ཚོགས་དང་འབྲེལ་བའི་བརྩམས་སྒྲུང་གི་རིགས་མང་ཙམ་བཀླག་དགོས་ཏེ། རྩོམ་པ་པོ་ནི་སྤྱི་ཚོགས་ཀྱི་ཁ་ལོ་བ་ཡིན་པ་དང་། སྤྱི་ཚོགས་ནི་རྩོམ་པ་པོའི་ཉམས་མྱོང་ལེན་སའི་ཕུལ་བྱུང་གི་བརྩམས་ཆོས་གསོན་པོ་དེ་ཡིན་པས་སོ། །
གསུམ་པ། ཇི་ལྟར་བཀླག་དགོས་སམ།
དཔེ་ཀློག་གི་བརྒྱུད་རིམ་དེ། དཔེ་མཚོན་ཧ་ཅང་སྟབས་བདེ་ཞིག་གི་སྒོ་ནས་བཤད་ན། འབྲོག་ཕྲུག་དག་རི་མགོར་ལུག་རྫིར་སོང་བ་དང་འདྲ་སྟེ། ལུག་རྫིས་རང་གི་ལུག་རྣམས་གང་ཡིན་ངོ་ཤེས་པའི་རྨང་གཞིའི་སྟེང་། ལུ་གུ་རེ་རེའི་ཚེ་སྲོག་དང་། བདེ་ཐང་ལ་འགན་ལེན་ཡོད་པའི་ཐོག་རྩ་ཆུ་བཟང་ས་ཞིག་ནས་འཚོ་སྐྱོང་བྱེད་པ་ཇི་བཞིན། དཔེ་ཀློག་པ་རང་ངོས་ཀྱང་དཔེ་ཆེའི་ནང་གི་རྗོད་བྱེད་ཚིག་དང་། དེའི་བརྗོད་དོན་ཁག་རྒྱུས་ཡོད་བྱས་པའི་བསམ་བློའི་རྨང་གཞིའི་ཐོག རང་ངོས་ནས་དེ་དག་ལ་ངོས་འཛིན་ཅི་འདྲ་ཞིག་བྱེད་དགོས་པའི་བསམ་བློ་རང་རྐྱ་ཐུབ་པ་ཞིག་རྙེད་ཐབས་བྱ་རྒྱུ་ནི། ང་ཚོ་དཔེ་ཀློག་ན་འཇུག་པའི་མ་མཐའི་ཆ་རྐྱེན་དེ་ཡིན་པར་འདོད། དཔེ་ཆ་འགའ་རེ་མགོ་ནས་མཇུག་བར་མ་བཀླག་ཀྱང་ཆོག་སྟེ། དཀར་ཆགས་ནས་རང་ལ་དགོས་པའི་རིགས་གདམས་གསེས་བྱེད་ཆོག་པ་ཡིན། འོན་ཀྱང་། དོན་དམ་པའི་དཔེ་ཆ་བ་ཞིག་ཏུ་བསྐྱེད་བསྲིང་བྱེད་དགོས་ན། གང་ལ་ཡང་རུས་སྤལ་འགྲུས་ཀྱིས་བསྐྱོད་པའི་གཤིས་ཀ་ཅན་ཞིག་ཏུ་འགྱུར་གལ་ཆེ་མོད། དེ་ནི་མི་བུ་སོ་སོའི་གཤིས་ཀའི་ཁྱད་པར་གྱིས་ཅུང་དཀའ་བར་འདོད།
བཞི་པ། གང་གིས་བཀླག་དགོས་སམ།
ཆོས་རྗེ་ས་པཎ་གྱིས། བླུན་པོས་མི་ཤེས་པས་མཁས་པ་བས་ཀྱང་ལྷག་ཏུ་བསླབ་དགོས་ཚུལ་མཁས་འཇུག་ཏུ་གསུངས་པ་བཞིན། འདིར་དཔེ་ཆ་ཀློག་དགོས་མཁན་ནི་བླུན་བདག་ལྟ་བུ་རང་ཡིན་སྙམ་གྱི་ཡོད། རྒྱུ་མཚན་ནི། ཁྱོད་ཀྱིས་གང་ཞིག་མ་མཐོང་ཞིང་། མ་རིག་པ་དེ་ཁྱོད་ཀྱི་དཀའ་ངལ་གྱི་རྒྱུ་ཡིན་པ་བཞིན། གང་ཞིག་མ་ཤེས་ཤིང་། མ་རྟོགས་པ་དེ་ཡང་མ་བསླབ་པའི་རྒྱུ་ལས་བྱུང་བ་རང་ཡིན་པས། ང་ཚོས་ནམ་ཡང་རང་གི་ཁོང་ན་བག་ལ་ཉལ་ནས་ཡོད་པའི་ཤེས་རབ་ཀྱི་མྱུ་དེ་དག་གསོན་ཤུགས་རྒྱས་སུ་འཇུག་དགོས། ནམ་ཞིག་དཔེ་ཀློག་གི་འཚོ་བའི་ཁྲོད་ནས་ང་ཚོ་ཡང་། གནའ་བོའི་སློབ་དཔོན་ཐུ་མི་དང་། བར་གྱི་ཆོས་རྗེ་ས་པཎ། དུས་ཕྱིས་ཀྱི་དགེ་ཆོས་ཇི་བཞིན་འགྱུར་ངེས་ན། ང་ཚོས་ངེས་པར་དུ་དཔེ་ཀློག་བྱེད་དགོས་ཨང་། ཅིས་ཀྱང་་་་ཤེས་རབ་ཀྱི་ཆེད་དུ་་་་་
གསལ་བཤད། འདི་ནི་ཁོ་བོས་འཛམ་གླིང་དཔེ་ཀློག་གི་ཉིན་མོར་རང་གི་བསམ་ཚུལ་ཐུང་ངུ་ཞིག་བོད་ཕྱི་ནང་གི་དྲ་གྲོགས་ཚོར་ལེགས་སྐྱེས་ཤིག་གི་དོད་དུ་ཐད་ཀར་ཕུལ་བ་ཡིན་པས་བརྗོད་དོན་དང་། ཚིག་སྦྱོར་གྱི་ཆ་གང་ཐད་ནས་བྱིས་པའི་གཏམ་ལས་བརྒལ་མེད་ངེས་ཀྱང་། གྲོགས་ནང་མིའི་ལུགས་བཞིན་ཅིས་ཀྱང་དགྱེས་བཞེས་ཡོང་བའི་རེ་བ་ཡོད།
ཁང་ཟླ་སྲས་ཀྱིས། བལ་ཡུལ་གསུང་རབ་སློབ་གཉེར་ཁང་གི་རང་ཤག་ཏུ། མཚན་མོའི་ཆུ་ཚོད་བཅུ་བར་བྲིས་སོ།