ཆབ་མདོ་ངག་ཕུན།
སྐྱིད་པའི་གནས་མཆོག་གངས་ལྗོངས་ཀྱི་ཞིང་ལ།།
ནང་བསྟན་མདོ་རྒྱུད་བོད་ཡུལ་ལ་དར་སྤེལ།།
འགྲོ་ཀུན་སྡུག་བསྔལ་མཐའ་དག་དེ་ཞི་མཛད།།
༸རྒྱལ་བ་པཎ་ཆེན་མཛད་པ་དེ་བསྐྱངས་ཡོད།།
རྒྱ་དམར་བོད་ལ་བཙན་འཛུལ་དེ་བྱས་ཏེ།།
གངས་ལྗོངས་མི་རིགས་སྡུག་བསྔལ་ལ་བསྒྱུར་ནས།།
ཁྲག་དང་མིག་ཆུའི་སྲིན་ཡུལ་ལྟར་བསྒྱུར་སོང་།།
ཉེས་མེད་འབངས་རྣམས་སྡུག་བསྔལ་ལ་འཐིམ་སོང་།།
ཆོས་མེད་སྨྲ་བའི་རིང་ལུགས་ཀྱི་རྒྱ་དམར།།
ནང་བསྟན་མེད་པ་བཟོ་རྒྱུ་ཡི་ངན་སེམས།།
བོད་ཀྱི་སྤྲུལ་སྐུའི་ལམ་ལུགས་ལ་ཐད་ཇུས།།
པཎ་ཆེན་ཆུང་སྲིད་བཙན་བཟུང་དེ་བྱས་སོང་།།
ཁ་ནས་ཆོས་དད་ཡོད་རབས་དེ་བརྗོད་ཀྱང་།།
དོན་དུ་རང་དབང་སྤུ་ཙམ་ལ་མེད་པའི།།
རང་གི་རྩ་བའི་བླ་མ་ཡི་སྐུ་དཔར།།
དད་རྟེན་བྱེད་དབང་མེད་པ་ཡིས་བཙན་གནོན།།
ཉེས་པ་སྤུ་ཙམ་མེད་པ་ཡི་ཆུང་སྲིད།།
ག་སོང་ཆ་མེད་གནས་སྟངས་ལ་གྱུར་ནས།།
མི་ལོ་ཉི་ཤུ་རྩ་གྲངས་ལ་ཕྱིན་ཀྱང་།།
ད་དུང་གོ་མེད་འཚོ་མེད་དེ་རེད་འདུག།།
གངས་ལྗོངས་བོད་རིགས་སྤུན་ཟླ་ཡི་ཡོངས་རྫོགས།།
བློ་སེམས་ཡོངས་རྫོགས་ཆིག་སྒྲིལ་ལ་འབད་དེ།།
པཎ་ཆེན་ཆུང་སྲིད་བཅོ་ལྔ་ཡི་དུང་ཟླ།།
གཟའ་བདུད་ཁ་ནས་སྐྱོབས་ཐབས་ལ་བརྩོན་དང་།།
རྒྱ་ནག་དམར་གཞུང་གསང་བ་ཡི་བྱ་སྤྱོད།།
ངན་ཇུས་སྣ་ཚོགས་རིམ་པ་ཞིག་སྤེལ་ཏེ།།
མཐོ་རིམ་བོད་རིགས་ཚོགས་འདུ་ལ་སྐད་བཏང་།།
འགྲོ་འདུག་བསྐྱོད་གསུམ་རང་དབང་མེད་དེ་མེད་བཟོས།།
༸གོང་ས་མཆོག་གིས་སྔ་སྲོལ་དང་མཐུན་པའི།།
པཎ་ཆེན་ཡང་སྲིད་ངོས་འཛིན་དེ་མཛད་ཀྱང་།།
རྒྱ་དམར་སྲིད་གཞུང་ཆབ་སྲིད་དེ་འཁྲབ་སྟེ།།
བོད་བཞུགས་བླ་སྤྲུལ་གསེར་བུམ་དེ་དཀྲུག་བཅུག།།
པཎ་ཆེན་ཡང་སྲིད་ཚོགས་ཆུང་གི་ཚོགས་གཙོར།།
གངས་བ་ཕྱིར་བསྒྲགས་བྱས་ཚུལ་གྱི་ཉེས་མིང་།།
རྒྱ་ནག་དམར་པོས་བཙོན་ཁང་ལ་བཅུགས་ཡོད།།
ཁྲེལ་གཞུང་མེད་པའི་རྒྱ་དམར་གྱི་བྱ་སྤྱོད།།
བོད་ཀྱི་བླ་སྤྲུལ་མི་ཉུང་བ་ཞིག་གིས།།
གསེར་བུམ་དཀྲུག་པའི་མཛད་སྒོར་གྱིས་དུས་སྐབས།།
ཞུགས་འདོད་མེད་པའི་སྨན་ཁང་ལ་གཡོལ་ཡང་།།
རང་དབང་མེད་པའི་བཙན་ཤེད་ཀྱིས་ཞུགས་བཅུགས།།
བོད་རིགས་བླ་སྤྲུལ་བགྲེས་སོང་གིས་གསུང་དོན།།
ང་ཚོ་བོད་རིགས་སྙིང་རྗེ་ཡི་ཡུལ་ཡིན།།
དབུ་ཁྲིད་གལ་ཆེ་འདེབས་རྒྱུ་ཡི་རང་དབང་།།
ང་ཚོ་བོད་རིགས་བླ་སྤྲུལ་ལ་མེད་གསུང་།།
རྒྱ་དམར་གུང་ཁྲན་ཏང་ཡོན་གྱི་མགོ་ཁྲིད།།
ཆབ་སྲིད་ངན་ཇུས་སྣ་ཚོགས་ཤིག་གཏིང་ནས།།
གསེར་བུམ་དཀྲུག་ཚུལ་གཡོ་གར་དེ་འཁྲབ་སྟེ།།
པཎ་ཆེན་ཡང་སྲིད་ངོས་འཛིན་གྱི་རྫུན་བསྒྲགས།།
གངས་ལྗོངས་བོད་རིགས་ཡོངས་རྫོགས་ཀྱི་སེམས་ནང་།།
༸རྒྱལ་བ་ཡིད་བཞིན་ནོར་བུ་ཡི་མཆོག་གི།
ཡང་སྲིད་ངོས་འཛིན་མཛད་པ་ཡི་དེ་ཉིད།།
པཎ་ཆེན་ཡང་སྲིད་ཡིན་པ་ལ་ངོས་འཛིན།།
དམར་པོའི་དབང་ཡོད་ག་ཚོད་དེ་བྱས་ཀྱང་།།
དམར་པོའི་པཎ་ཆེན་ངོས་འཛིན་གྱི་དེ་ཉིད།།
པཎ་ཆེན་ཡང་སྲིད་ཡིན་པ་ལ་མི་འཛིན།།
དམར་པོའི་གཞུང་གི་ཤེས་པ་དེ་བྱས་ཤིག།།
པཎ་ཆེན་ཆུང་སྲིད་དམར་པོ་ཡི་ཏང་གིས།།
བཙོན་དུ་བཟུང་ནས་མི་ལོ་ཡི་ཉི་ཤུ།།
འཁོར་བའི་ཉིན་མོ་དེ་ཉིད་ལ་བདག་གིས།།
རྗེས་དྲན་ཚུལ་དུ་འདི་ཉིད་ལ་བྲིས་ཡིན།།
གནམ་ལ་ཉི་མ་ཟླ་བ་དང་ཇི་བཞིན།།
ས་ལ་༸རྒྱལ་བ་པཎ་ཆེན་དང་རྣམ་གཉིས།།
གནས་མཆོག་གངས་ལྗོངས་ཆོས་ལྡན་གྱི་ཞིང་ཁམས།།
བཀའ་དྲིན་བླ་མེད་ཤིས་ཚིག་འདི་འབུལ་ལོ།།
པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག།།
མགྱོགས་ནས་མྱུར་དུ་བཙན་གྲོལ་ཡོང་ཐོབ་ནས།།
ཞལ་མཇལ་གསུང་ཐོས་ཡོང་བའི་སྨོན་ལམ་འདེབས།།
གངས་ལྗོངས་ལྷ་སྲུང་རྣམས་ཀྱི་གྲོགས་འཕྲིན་མཛོད།།
ཞེས་པ་འདི་ནི་ཆབ་མདོ་ངག་ཕུན་གྱིས་དེ་རིང་བོད་མི་རིགས་ལ་བཀའ་དྲིན་བླ་མེད་དུ་ཆེ་བའི་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་ལ་ལྷ་ཕྱག་གྲངས་མེད་དང་བཅས་བཀའ་དྲིན་རྗེས་དྲན་ལན་བརྒྱར་ཞུ་བ་དང་ཆབས་ཅིག་ཏུ་གང་གི་ཡང་སྲིད་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་བསྟན་འཛིན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་སྐུ་འཁྲུངས་ནས་ལོ་ངོ་ཉེར་དྲུག་འཁོར་བ་དང་རྒྱ་དམར་གྱི་བཙོན་འཇུག་བྱས་ནས་ལོ་ངོ་ཉི་ཤུ་འཁོར་བ་བཅས་ལ་རྗེས་དྲན་གྱི་ཚུལ་དུ་ཤར་མ་བྲིས་པ་ཞིག་ཡིན་ན་ནོར་འཁྲུལ་འདུག་ན་བཟོད་གསོལ་སྙིང་དབུས་ནས་ཞུ་རྒྱུ་དང་། ཕྱི་ལོ་ ༢༠༡༥ ཟླ་ ༤ ཚེས་ ༢༥ ཉིན་མོར་ཕུལ།
རྒྱ་གཞུང་།
རྒྱ་གཞུང་ཆེ་ཡང་ཆེ་དགོས་མ་ཆོད། །
པཎ་ཆེན་ཆུང་ཡང་ཆུང་དགོས་ཆོད་སོང་། །
པཎ་ཆུང་།
པཎ་ཆུང་ལོ་དྲུག་བཙན་འཁྱེར་བྱས་ཀྱང་། །
ཉི་ཤུའི་རྗེས་སུ་རྗེས་དྲན་བྱས་སོང་། །