བསྟན་འཛིན་དབང་རྒྱལ། (ཨ་སྦ་སྦ།)
——(བལ་ཡུལ་དུ་ས་འགུལ་བྱུང་བའི་མི་མང་རྣམས་ལ་ཆེད་དུ་སྤྲིངས་པ།)
ཁོ་བོས་སི་པཎ་མཚོ་གླིང་ཆོས་ཁྲིད་སྐབས།།
གནས་ཆེན་བལ་ཡུལ་ས་འགུལ་བྱུང་སོང་ཞེས།།
ཐོས་པ་ཙམ་གྱིས་ལུས་ཀྱི་བ་སྤུ་གཡོ།།
སེམས་ལ་སྐྱོ་བའི་ཚོར་སྣང་རླུང་ལྟར་འཚུབ།།
ལུས་ཀུན་ནད་ཀྱིས་མནར་བའི་མྱོང་ཚོར་བྱུང་།།
ཡུལ་ལྷ་བཙན་པོ་ཁྲོས་པའི་བཀའ་ཆད་དམ།།
རབ་བྱུང་སྲིད་པ་འཁོར་བའི་འཇིགས་པ་གང་།།
ལས་དང་སྐལ་པའི་དུས་ལ་བབས་སམ་ཅི།།
ས་འོག་རྨང་རྡོ་ཕན་ཚུན་བརྡར་བ་སོགས།།
མཐའ་གཅིག་རྒྱུ་མཚན་གཅིག་ནི་མ་ངེས་ཏེ།།
ཕྱི་ནང་གསང་བའི་རྒྱུ་རྐྱེན་མོད་པོ་ཡིས།།
རྨི་ལམ་བཞིན་དུ་འབྱུང་བའི་འཇིགས་པ་བྱུང་།།
ཕོ་མོ་རྒན་གཞོན་བྱིས་པ་ཆུང་ངུ་སོགས།།
སྟོང་ཕྲག་མང་པོ་རྐྱེན་འདས་རྨས་སྐྱོན་ཁྲོད།།
སྐད་ཅིག་ཙམ་ཡང་འབྲལ་བར་མི་ནུས་པའི།།
མ་བུ་གཏན་འབྲལ་བྱུང་བར་ཡ་རེ་ང་།།
ཚེ་འདིའི་བརྩེ་འདང་ཟབ་མོའི་འགྲོག་འདྲིས་ཀྱིས།།
མ་འོངས་བདེ་སྐྱིད་རྨི་ལམ་མང་མཆིས་ཀྱང་།།
འཇིགས་སྣང་སྡུག་གིས་སྐད་ཅིག་དབང་མེད་དུ།།
ཚེ་འདིར་གཏན་དུ་བྲལ་བར་ཞེ་ནས་སྡུག།།
ནང་མི་ཕལ་ཆེར་ཤི་གསོན་རྨས་ནས་ལྷག།།
བསགས་པ་ཀུན་བརླག་བརྩིགས་པ་ཀུན་ཞིག་ནས།།
གཅིག་པུ་རོགས་མེད་རེ་མེད་ནུས་མེད་ངང་།།
ཡར་ལ་བལྟས་ཀྱང་མཐའ་མེད་ནམ་མཁའ་སྟོང་།།
ཕར་ལ་བལྟས་ཀྱང་གྱང་རོ་མི་རོས་གང་།།
སེམས་པ་གཏད་མེད་བར་དོའི་རྣམ་ཤེས་བཞིན།།
ཅི་བྱ་བྲལ་བའི་ནུས་མེད་ཕ་རྒན་དང་།།
ཚེ་མཐའ་འཁྱོལ་ནས་ཚིམས་པའི་རྒན་རྒོན་གྱི།།
ཕྲུ་གུ་ཚ་བོའི་མི་ཚེ་སྐྱིད་པའི་སྐབས།།
ཐམས་ཅད་འདས་ཏེ་རྒན་གོག་རྗེས་ལུས་དང་།།
མི་རབས་མང་པོའི་དྲན་རྟེན་ཁྱིམ་ཁང་དང་།།
ཆོས་འཇིག་འབྲེལ་བའི་དངོས་རྫས་རིན་ཐང་ཅན།།
ཐམས་ཅད་སྐད་ཅིག་རྡུལ་དུ་གྱུར་བས་སྐྱོ།།
སྡུག་གི་འབྲུག་སྒྲ་ས་འོག་གྲག་ན་ཡང་།།
གོ་མཁན་མེད་པར་བྲག་ཆའི་སྒྲ་བཞིན་ཡལ།།
ཉེས་སྐྱོན་བྲལ་བའི་བྱིས་པ་སྐྱེས་མ་ཐག།།
འཇིག་རྟེན་འདི་ཡི་འོད་ཙམ་མ་མཐོང་ནས།།
སྐྱེས་དང་འཆི་བ་མཉམ་པོར་མྱོང་བ་རྣམས།།
ཡིད་ལ་འཆར་དཀའ་རྨི་ལམ་ཐན་ལྟས་བཞིན།།
མ་འོངས་མི་ཡིས་རིམ་བཞིན་བརྗེད་དེ་ཡལ།།
ཉིན་གཅིག་རྗེས་དང་ཤུལ་ཡང་ངོས་འཛིན་དཀའ།།
དེས་ན་གལ་ཆེན་དུས་ཚོད་འདི་ཐོག་ལ།།
ལོ་རྒྱུས་མེ་ཏོག་འཕྲེང་བ་རིང་བའི་གྲོགས།
བལ་བོད་ཕོ་མོ་ཚེ་ལས་འདས་རྣམས་ལ།།
བསྔོ་སྨོན་དགེ་རྩ་མཐུད་ནས་བསྒྲུབ་པར་ཞུ།།
ཤུལ་ལུས་ཕོ་མོ་སྐྱ་སེར་མ་ལུས་ཀུན།།
སྙིང་གི་དབུས་ནས་གདུང་ཤུགས་གཅིག་དྲིལ་ཡིན།།
སྡུག་གི་ཁུར་པོ་ཆེ་ཆུང་མཉམ་འདེགས་དང་།།
བྱམས་བརྩེའི་སྒྲོན་མེས་སྡུག་མུན་སེལ་རེས་དང་།
སྐྱོ་བའི་སྐད་ཆ་སྐབས་སུ་ཉན་རེས་དང་།།
ཅི་བྱ་མི་ཤེས་མ་འོངས་མདུན་ལམ་བརླག།།
སྡུག་གི་མུན་ལས་འོད་ནི་མི་མཐོང་སྐབས།།
ཕན་ཚུན་རིན་ཆེན་སློབ་གསོ་རྒྱག་རེས་དང་།།
རྣམ་དཔྱོད་ལྡན་པའི་སྐྱེ་བོ་ཕོ་མོ་རྣམས།།
འདི་ལས་ལྷག་པའི་མི་རྟག་བསླབ་བྱ་ནི།།
ད་རེས་མ་འཕྱི་མི་རྟག་རྟོགས་ལ་འབད།།
ལོ་ན་ཆེ་ཆུང་ནད་ཀྱིས་ཟིན་མིན་སོགས།
འཆི་བའི་གནས་དུས་རྐྱེན་ནི་ག་ལ་ངེས།།
རང་ཉིད་འཆི་དུས་ཤིན་ཏུ་ཉེ་ཡང་སྲིད།།
འཆར་གཞི་རིང་པོའི་ཚོང་ཉེས་མ་ཤོར་ཨ།།
ཟང་ཟིང་ངང་ལ་ཞི་བ་མ་ཤོར་ཨ།།
རྒྱུ་ནོར་དད་ནས་བདེ་སྐྱིད་མ་ལུས་ཨ།།
ཁོང་ཁྲོ་ཟ་ནས་བྱམས་པ་མ་ཤོར་ཨ།།
ཚེ་ནི་ཉི་མ་གཅིག་ལས་མེད་པ་ལྟར།།
རང་གི་བླ་སྲོག་རྒྱས་པའི་བྱ་བར་བརྩོན།།
སེམས་པ་ཉེ་སའི་གཉེན་གྲོགས་མཉམ་དུ་བརྩེ།།
ཤེས་རབ་རྒྱས་པའི་སྒྱུ་རྩལ་གསར་པར་སྦྱོངས།།
བྱིས་པ་བཞིན་དུ་གད་མོ་བརྒྱ་ཕྲག་དགོད།།
དམིགས་གཏད་མེད་པའི་དགའ་བའི་ལས་ཀྱང་བྱ།།
བདེ་སྐྱིད་མཆིས་ན་སྨྱོ་ལས་ཡིན་ཡང་མཛོད།།
བྱམས་བརྩེའི་ཉི་མའི་འོད་སྟོང་ཕྱོགས་ཀུན་སྤྲོས།།
གཞན་ཕན་སེམས་ཀྱིས་འཕྲིན་ལས་རྩོལ་མེད་སྒྲུབས།།
རང་སེམས་བདེ་སྐྱིད་འཁོར་ལོ་ཕྱོགས་ཀུན་བསྐོར།།
ཕྱོགས་ཞེན་མེད་པའི་བསྟན་འགྲོའི་བྱ་བར་འབད།།
ས་ཡོམ་འདི་ནི་སྣང་བའི་སློབ་དཔོན་ཡིན།།
ཚེ་གཅིག་ཆོས་ཉན་སྙིང་དོན་གོ་དཀའ་ན།།
ས་འགུལ་འདི་ཡིས་སེམས་འགུལ་འབྱུང་ཡང་སྲིད།།
འབུམ་དགུ་བསགས་ནས་རང་རྒྱུད་མ་སྨིན་ན།།
ཚོར་མྱོང་འདི་ཡིས་རང་རྒྱུད་དུལ་ཡང་སྲིད།།
ཤེས་བྱ་གཤིས་ཀྱི་སློབ་དཔོན་ཡོངས་ལ་བསྟོད།།
ཉེས་མེད་ཚེ་འདས་ཕོ་མོའི་བདུན་ཚིགས་སུ།།
སྙིང་ནས་གུས་ཤིང་བརྩེ་བའི་སྨོན་ལམ་གྱིས།།
མེ་ཏོག་ཚིག་འཕྲེང་མཆོད་པ་འདི་ཉིད་འབུལ།།
ཁྱེད་རྣམས་ནམ་ཡང་མི་བརྗེད་དུས་ཀུན་ཏུ།།
བདག་གི་དགེ་བའི་རྩ་བ་བསྔོ་བའི་ཡུལ།།
དག་པའི་ཞིང་ནས་ཐར་པ་ཐོབ་པར་ཤོག།།
ཞེས་པ་ཡང་ཨ་སྦ་སྦ་རུ་འབོད་པས་འཇར་མེན་གྱི་རྒྱལ་ས་བྷེར་ལིན་ནས་ཐོལ་བྱུང་དུ་བྲིས་པ་དགེ་གྱུར་ཅིག །༣༠/༠༤/༡༥