རྫ་ཚེ་རིང་བཀྲ་ཤིས།
སངས་རྒྱས་ལ་ཕྱག་འཚལ་ལོ།།
རྟག་པར་མཉམ་འཇོག་མེད་པ་དང་། ཡང་ན་བསམ་ཤེས་མི་ཐུབ་པའི་སྣང་ཚུལ་འགའ་ཞིག་གིས་ང་ཚོ་ཧང་སང་དུ་འཇུག་པ་ཡིན། སྣང་ཚུལ་འདི་དག་མང་ཆེ་ཤོས་ལྡོག་ཐབས་སུ་བྱུང་བ་ལྟར་མཆིས་ཏེ། དོན་དངོས་ཐོག་འདི་ནི་ཆོས་ཉིད་དང་རྦད་དེ་མཐུན་པ་ཡིན།
མི་ཚོས་རྒྱུ་མཚན་འགའ་ཞིག་བཙལ་ནས་ལུགས་མཐུན་དུ་བྱེད་པའི་གོམས་གཤིས་དེ་དག་དོན་ལ་ཅི་ཡང་མ་ཡིན་ཏེ། འདི་ལ་ཆོས་ཀྱི་ཡེ་གེ་དག་ལས་བག་ཆགས་ཀྱི་སྒྲིབ་པ་ཞེས་གསལ་པོར་བྲིས་ཡོད། འོན་ཀྱང་ང་ཚོ་ཚང་མ་ཕྱི་ཕྱིར་འདི་ལ་དུངས་ཤིང་ཞེན་པར་མ་ཟད། སྐྱེན་པར་དང་ལེན་བྱེད་པར་དགའ་བ་ཡིན། དེ་ལྟར་ཡིན་དུ་ཆུག་མོད། བག་ཆགས་ནི་བདེན་པའི་དཔུང་མི་བཟོད་པ་སྟེ། འཛིན་པ་ལོག་པ་དང་གཞི་ལྡོག་པར་འགྱུར་བ་ཙམ་དུ་ཟད།
རང་བྱུང་དང་དུས་ཀྱི་ཀློང་ན་མངལ་དུ་སྦྲུམས་པའི་ལོ་རྒྱུས་ཀྱི་ལེའུ་དག་ནི་ཧ་ཅང་ཞིབ་ཚགས་པོའི་བཀོད་སྒྲིག་ཅན་ཞིག་སྟེ། ཇི་ལྟར་འབྱུང་བར་འགྱུར་བ་དེ་ལྟར་འབྱུང་བར་འགྱུར་བ་ཞིག་རེད། དེའི་ཕྱིིར་ངས་རྟག་པར་རྟེན་འབྲེལ་ལས་ཚགས་དམ་པའི་སྒྲིག་རིམ་ཞིག་མི་འདུག་སྙམ་ཞིང་ཡོད།
སྐྱེས་བུ་དམ་པ་ཞེས་པའི་བརྗོད་ཚིག་འདི་ནི་གཞི་ཧ་ཅང་ཐེར་ཟུག་ཏུ་གྲུབ་པའི་ངེས་བརྗོད་དམ། རིན་ཐང་གི་གཏན་ཁེལ་ཞིག་རེད། འོན་ཀྱང་། གལ་ཏེ་སུ་ཞིག་གིས་རང་ཉིད་སྐྱེས་བུ་དམ་པའི་རྒྱལ་མཚན་གྱིས་མ་སྙེམས་ཤིང་། སྐྱེས་བུ་དམ་པ་མ་ཡིན་པའི་གཞི་གཞན་ཡང་མ་བསྐྱུར་པ་ཡིན་ན། དེ་ནི་དོན་ལ་རྙོག་དྲ་གང་ཡང་མེད་པའི་སྐྱེལ་སོ་གཙང་མ་ཞིག་རེད།
ཟུར་མང་དྲུང་པ་རིན་པོ་ཆེ་ནི་གཅིག་བྱས་ན་རྙོག་དྲ་ལ་རྟེན་ནས་རྙོག་དྲ་རྩ་མེད་བཟོ་མཁན་མི་ཁྱད་མཚར་ཞིག་ཡིན་པ་རེད། བོད་ཀྱི་ནང་ཆོས་ནུབ་ཕྱོགས་ལ་འདྲེན་པའི་སྐྱ་རེངས་སམ་ཉིན་བྱེད་རྩོད་མེད་དུ་གྱུར་པ་ཁོང་ལ་མཚོན་ན། རྫོགས་མཐའ་མེད་པའི་ཤེས་རབ་དང་སེམས་ཤུགས་ཆེན་པོ་ཞིག་ཡོད་པར་མ་ཟད། སྐབས་ཐོག་དེའི་སྤྱི་ཚོགས་དང་རིག་གནས་ཀྱི་གཏིང་དུ་འཛུལ་ཞིང་། ཁོར་ཡུག་དང་མི་དག་གི་བསམ་བློ་དང་རིན་ཐང་གི་འདུ་ཤེས་མཐིལ་ཕྱིན་པར་རྟོགས་པ་ཞིག་ཡིན་ངེས། དཔྱད་བརྗོད་ཐབས་ལམ་གྱི་ཐོག་ནས་བཤད་ན། གོ་རྟོགས་འདི་དག་ནི་ཁོང་གི་བསམ་བློ་དང་རེ་བ་མངོན་དུ་འགྱུར་བྱུང་བའི་མ་རྩ་གལ་ཆེ་ཤོས་དེ་རེད།
འོན་ཀྱང་ཁོང་གི་ཁྱད་ཆོས་ནི་དེ་ཙམ་རང་མ་རེད། ཁོང་ནི་ཁོང་གིས་རང་གི་བླ་མ་དང་འདྲ་བར་འཁོར་བ་རུ་ལོག་གི་མན་ངག་རྙེད་དེ། ཧ་ཅང་གལ་ཆེ་བའི་རྟོགས་པ་བརྙེས་ཡོད་པ་དང་། ཁོང་གིས་རང་གིས་བརྙེས་པའི་ཡེ་ཤེས་དེར་ཡེ་ཤེས་སྨྱོན་པ་ཞེས་པའི་ཐ་སྙད་བཏགས་ཡོད། ཡོང་སྟངས་ཀྱི་ཆ་ནས་ཐ་སྙད་འདི་ནི་བརྡ་ཆད་གཏན་འབེབ་ཀྱི་དགོས་དོན་དང་འབྲེལ་ཆགས་པ་ཞིག་ཡིན་ན་ཡང་། གལ་ཆེ་ཤོས་ནི། ཐ་སྙད་གསར་པ་འདིའི་རྒྱབ་ལྗོངས་སུ་ཁོང་ཉིད་ཀྱི་བསམ་བློ་དང་གོ་རྟོགས་གཏིང་ཟབ་མོ་ཞིག་སྦས་ཏེ་ཡོད་ཅིང་། ཐ་སྙད་འདིས་ཁོང་གི་ཡེ་ཤེས་ཞེས་པའི་ཚིག་འདིའི་ཕྱོགས་ལ་འཛིན་པའི་ལྟ་ཚུལ་དངོས་དེ་ཡང་གསལ་གཏོན་བྱེད་ཀྱིན་ཡོད། ཁོང་གིས་ཡེ་ཤེས་ཞེས་པའི་ཚིག་འདིར་ཧ་ཅང་ཡ་མཚན་ཅན་གྱི་སྡོམ་ཚིག་གནང་བ་དང་། ངོས་གཞན་ཞིག་ནས་ཁོང་གིས་རང་ཉིད་ཡེ་ཤེས་དང་སྨྱོན་པའི་གཞི་མཐུན་ཡིན་པའི་ཁས་ལེན་ཡང་བྱས་པ་ཡིན།
ཡེ་ཤེས་དངོས་ཀྱི་གོ་རིམ་དང་གནས་ཚུལ་དེ་ཧ་ཅང་མགོ་རྙོགས་ཤིག་ཡིན་ཞིང་། ང་ཚོས་རྟག་ཏུ་དྲན་བཞིན་པའི་དྲན་སྣང་གི་འཆར་གཞི་འདི་དག་གི་རེ་མིག་ཏུ་མ་ཚུད་པ་ཞིག་ཏེ། མདོར་ན། ཡེ་ཤེས་ནི་རྣམ་ཤེས་ཀྱི་སྤྱོད་ཡུལ་གང་ལ་ཡང་འགྲིག་མཐུན་མི་ཡོང་བ་རྟའི་ཡ་ཁ་དང་ཛོའི་མ་ཁ་ལྟ་བུ་ཞིག་ཡིན་པ་རེད། ཟུར་མང་དྲུང་པས་རང་ཉིད་ཡེ་ཤེས་སྨྱོན་པའི་སྤྱོད་ཡུལ་དུ་ལ་བཟླས་ཟིན་པའི་ཁས་ལེན་གནང་ཡོད་ཅིང་། ཡེ་ཤེས་དེ་ནི་གཏད་མེད་དང་འཛིན་མེད་ཀྱི་མཐར་ཐུག་པ་ཞིག་ཏུ་ངེས།
རྗེ་ཀློང་ཆེན་པའི་ཉམས་ཡིག་ཆེན་པོ་དག་ཏུ། རེ་དོགས་གཉིས་མེད་སྨྱོན་པའི་ངང་ཚུལ་ཅན། །ཞེས་པའི་ཚིག་འབྱུང་ཞིང་། རྣལ་འབྱོར་དབང་ཕྱུག་གི་དོ་ཧ་སོགས་སུ་ཡང་ཐ་མ་དེར་བཙལ་ནས་གང་ཡང་མ་རྙེད་པའི་བྱར་མེད་ཀྱི་སྐྱེལ་སོ་ཞིག་ལ་ཐུག་རྩེ་གཏད་པ་ཤས་ཆེ། སྐྱེལ་སོ་འདིར་སླེབས་དུས་ཕལ་མོ་ཆེས་ནི། ཁྱེད་ཅག་ཅི་བྱ་ང་ནི་གང་ན་འདུག །སྔར་ཤུལ་ད་མེད་འདི་ལ་སུས་ཅི་བྱ། །ཧ་ཧ་འདི་འདྲ་མཚར་ཆེ་དགོད་རེ་བྲོ། །(ཆོས་དབྱིངས་མཛོད་ཚིག)ཞེས་གླུ་རུ་ལེན་པ་ཡིན་སྐད། །ཟུར་མང་དྲུང་པས་ཀྱང་ལྟ་སྟངས་འདི་འདྲ་ཞིག་གིས་འཇིག་རྟེན་ལ་བལྟས་མེད་དམ་སྙམ།
འདི་ནི་སྨྱོན་པ་མ་ཡིན་པ་སྨྱོན་པ་ཚ་ཤོས་ཤིག་ཡིན་པ་རེད། དེའི་ཕྱིར་ཟུར་མང་དྲུང་པ་ཚང་ནི་ཡེ་ཤེས་སྨྱོན་པ་ཡིིན་ཞིང་། ཁོང་གིས་གྲྭ་རྐྱང་བཞིན་སྐྱེས། རྒྱལ་པོ་བཞིན་ཤི། ཞེས་པའི་སྐད་གྲགས་ཅན་གྱི་བཀའ་མོལ་དེ་ཡང་ཁོང་ཉིད་མི་འགྱུར་ལྷུན་གྲུབ་ཀྱི་ས་ལ་གཏན་སྲིད་ཟིན་པའི་ཁས་ལེན་གྱི་ཐ་ཚིག་ཡིན་སྲིད།
མདོར་དྲིལ་ཏེ་བལྟས་ན། ཟུར་མང་དྲུང་པ་རིན་པོ་ཆེ་ནི་ནང་ཆོས་ཀྱི་མངོན་རྟོགས་མཐོན་པོར་སོན་པ་ཞིག་ཡིན་པ་ཙམ་དུ་མ་ཟད། གདུལ་བྱ་འདུལ་བའི་ཐུགས་རྗེ་དང་ནུས་པ་ཆེན་པོ་ཡོད་པ་ཞིག་ཏེ། ཡུལ་དུས་གནས་བབ་རྟོགས་པའི་བློ་གྲོས་དང་དངོས་དོན་ལག་ལེན་དུ་ཕོད་པའི་སྙིང་སྟོབས་ནི་ཁོང་ཉིད་དུས་ཡུན་ཐུང་ཐུང་ནང་དེ་ལྟར་ཁྱད་དུ་འཕགས་པའི་རླབས་ཆེན་གྱི་མི་སྣ་ཞིག་ཆགས་པའི་ལྟེ་བའི་ཆ་རྐྱེན་གཞན་ཞིག་ཆགས་ཡོད།
ཡང་བསྐྱར་མདོར་དྲིལ་ཏེ་བཤད་ན། རྒྱལ་བའི་བསྟན་པ་རིན་པོ་ཆེས་མ་ཁྱབ་པའམ། ཁྱབ་ཀྱང་ཉམས་པའི་ཕྱོགས་སུ་ཕན་བདེའི་གཏེར་ཆེན་གསལ་བར་བྱེད་པ་དམ་པ་རྣམས་ཀྱི་སྨོན་ལམ་གྱི་མཐིལ་དུ་གནང་བ་འདི་ལྟར་ན། ཟུར་མང་དྲུང་པ་རིན་པོ་ཆེ་ནི་མིང་དང་དོན་དུ་མཚུངས་པའི་ནང་ཆོས་ནུབ་ཕྱོགས་སུ་འདྲེན་པའི་སྐྱ་རེངས་དངོས་ཤིག་ཡིན་པ་སྟེ། འདི་ཁོ་ནའི་ངོས་ནས་ཀྱང་བསྟན་པ་ལ་གཅེས་པ་ཞིག་ཡིན་ན་ཁོང་ལ་མི་གུས་པའི་དབང་མེད་པ་ཡིན་ནོ།།
༢༠༡༥ལོའི་ཟླ་༡ ཚེས་༤ ཉིན་དགེ་བར། བདུད་རྩི་དིལ་ནས་ཡིན་པའི་དྲ་གྲོགས་ཤིག་གིས་བསྐུལ་བ་བཞིན། རྫ་ཚེ་རིང་བཀྲ་ཤིས་ཀྱིས་གུས་པ་དང་བཅས་ཡེ་ཤེས་འཁོར་ལོ་རུ་སྦྱར།
དེ་ག་རང་རེད་ད།
དེ་ག་རང་རེད། སྙེག་དུས་མི་རྣམས་ཧམ་པ་སུ་ཆེ་རེད། ད་དུང་ཡང་དེ་དང་འདྲ་བའི་སྨྱོ་པ་མང། གངས་ཅན་རྒྱ་བོ། བསོད་རྒྱལ་བླ་མ་སོགས་མང་ངོ། རེས་སུ་མ་ཆད་པའི་འདུལ་འཛིན། ནང་གསང་སྔགས་། ཕྱི་ལ་ཉན་ཐོས་སྤྱོད་པ་ཅན། བཀའ་གདམ་པའི་དགེ་བཤེས་རྣམས་ལ་སྐྱབས་སུ་མཆིའོ།