དགའ་དགའ།
གནམ་འོག་སྲིད་པ་ཟེར་བའི་ཕྱི་སྣོད་དུ།།
ཁ་དང་ཁོག་པ་འགལ་བའི་ནང་བཅུད་ཅིག།
རང་ཚུགས་མེད་ཅིང་གཞན་ངོར་ལྟ་མཁས་པའི།།
དེང་སང་མི་ཚོས་ང་ལ་ཇུས་གཏོགས་བྱེད།།
བྱེད་མེད་ཀླད་སྟོང་ཁྱུ་ཡི་སྒྲིག་ལམ་ལ།།
མགོ་བོ་སྒུར་བའི་འཇིགས་པ་བདག་མེད་ཀྱང་།།
ཕལ་པ་མིན་པའི་སྐྱེས་བུ་རིས་མེད་ཅིག།
དྲན་པའི་གཏིང་ན་ཡོད་པས་ལས་ལ་ཞུགས།།
འབྲས་དང་རྡ་ལིས་གསོས་པའི་འཁྱམ་པོ་ཚོ།།
བྱས་རྗེས་མེད་པའི་སྤྱིར་སེམས་ཡོད་སྲིད་ན།།
སོ་སོའི་འགན་འཁྲི་རྡོག་རོལ་མ་བཏང་བར།།
གཞན་གྱི་ལས་ལ་བཀོད་པ་མ་བྱེད་རོགས།།
བྱ་བྱེད་ཐམས་ཅད་གདོད་ནས་གྲུབ་པ་ཞིག།
མེད་པ་ཡིན་པའི་ཐག་གཅོད་སུ་ཡིས་བྱེད།།
ནག་པོ་ནག་པོའི་ལམ་དུ་ཆས་ཀྱང་རུང་།།
རང་གི་དམིགས་པའི་འབེན་ལ་གཟས་ཟིན་ནོ།།
དྲན་ཚད་ཁ་ནས་དོན་པའི་སེར་གཟུགས་ཚོ།།
བཤད་ཚད་ལག་ཏུ་མེད་པར་ངེས་ཀྱང་རུང་།།
ཕྱོགས་ཞེན་འཁོར་ལོ་བསྐོར་བའི་ལྟ་གྲུབ་རེའི།།
མེ་ལོང་ངོས་སུ་རང་ངོ་ཨེ་མཐོང་ལགས།།
རྒྱང་ནས་བལྟས་ཤིང་འགྲམ་དུ་ཡོང་ན་ཆོག།
ཕལ་པ་ང་ཚོ་ཕལ་ཚུལ་གཅིག་ཡིན་པས།།
ཁོག་ཏུ་དགོད་ཅིང་ཞལ་ནས་འཛུམ་ཡང་རུང་།།
རྒྱུས་ཡོད་ཅན་ནི་རྒྱུས་མེད་ག་ལ་ཆགས།།
གཤིབ་ནས་འདྲིས་པའི་དེང་གི་གྲྭ་ལྡོམ་འགའ།།
ནང་གི་རུལ་དྲི་ཕྱི་རུ་ཁྱབ་ཡོང་བའི།།
རང་མགོ་མི་ཐོན་རང་རློམ་ལུས་ཀྱི་སྟེང་།།
དབང་པོའི་ཡུལ་ནས་ཡོད་ཚད་མངོན་གྱིན་འདུག །
བྱ་བ་ཡོད་ཚད་བྱེད་པོ་གཅིག་མིན་པས།།
བྱེད་པོ་རེ་ལ་བྱ་བ་སྣ་ཚོགས་ཤིག །
ལས་སུ་ལྡོག་པར་བྱ་བྱེད་མི་འགྱུར་ཡང་།།
ཧམ་ཆེན་ཁྱོད་ཚོས་རྨི་ལམ་མ་གཏོང་རོགས།།
བྱེད་པའི་ལས་དེ་ནམ་ཡང་མི་འདོར་ཞིང་།།
བྱས་ཉེན་ཁུར་ནས་མགོ་བོ་འཐོར་ཡང་ཆོག།
ལྷག་བསམ་དབེན་ཀྱང་རང་དོན་རྐྱང་སྒྲུབ་པའི།།
ཁྲེལ་མེད་ཁྱོད་ཚོའི་རིགས་དེ་བདག་མ་ཡིན།།
ཆེ་ཉམས་སྟོན་པའི་ཚུགས་ཀ་མེད་ན་ཡང་།།
ཆུང་ཚུལ་བྱེད་པ་ང་ཡི་གཤིས་སུ་མེད།།
སུ་དང་གང་ལ་ཐུག་ཀྱང་དྲན་པའི་གཏམ།།
སྦ་རྒྱུ་མེད་པ་བརྗོད་པའི་དབང་ཚད་ཡོད།།
བཤད་པའི་ཚིག་ལ་ཕྱི་ཤུན་གང་ཡང་མེད།།
དྲན་པའི་དོན་དུ་དྲང་པོར་བཤད་ཡོད་པས།།
མི་ཞིག་ཡིན་པའི་ཚོར་བ་ཡོད་ན་ནི།།
ཚར་གཅིག་བཀླགས་ནས་ཐེངས་ཤིག་མཉམ་པར་ཞོག།
ལགས་སོ་གདམས་ངག་དམར་རྗེན་མ། ཚར་གཅིག་བཀླགས་ནས་ཐེངས་ཤིག་མཉམ་པར་ཞོགས།
བྱུས་གཏོགས་མ་གྱིས།
སྒེར་ལ་ཇུས་གཏོགས་མ་བྱོས་ཤིག །
གཞན་ལ་བྱུས་གཏོགས་མ་བྱོས་ཤིག །
བྱུས་གཏོགས་གྱིས།
སྤྱི་ལ་ཇུས་གཏོགས་གང་ཐུབ་གྱིས། །
དགོས་སར་བྱུས་གཏོགས་གང་ཐུབ་གྱིས། །
གནམ་ལ་འོག་ཞིག་ཡོད་ན་སྒང་དེ་གང་།
གཏམ་ལ་བཤད་ཚོད་མེན་ན་ནང་དོན་གང་།
ཆོས་སྲིད་ཀློག་ན་མི་ཤེས་མྱང་ན་ཤེས།
ཉལ་ས་སྡོད་སས་རང་རང་སུ་ཡིན་སྒོམས།
ཧ་ཧ་ཧ།
ལོ་རྒྱུས་ལེགས་ཉེས་ལམ་ཁ་གར་ཡིན་ཡོད།
ཡོད་པ་དེ་ལ་ཇུས་གཏོགས་ཡང་ཡང་དགོས།
སྤྱི་དོན་ཚོང་དོན་མིན་པའི་ཕར་ནང་ན།
སྐྱག་བ་གཏོང་ལུགས་ཡིན་ཡང་རིན་ཆེན་ཡིན།
ཧ་ཧ་ཧ།
དེང་སང་ཀ་ངོ་ཤེས་ཙམ་ཡོད་པ་འདིས།
ང་ལས་ང་ཞིག་མེད་པའི་ང་རྒྱལ་འདིས།
ཁ་ལག་གཉིས་ཀྱིས་བདེན་གཏམ་བཤད་འདོད་རུང་།
ཕྱོགས་ཞར་བདེན་པ་བདེན་པའི་གྲལ་མི་ཆོད།
ཧ་ཧ་ཧ།