སྤོབས་པ་མཐའ་ཡས།
མི་ལ་རས་པ་ལ་བསྟོད་སྨད་གང་བྱས་རུང་མི་དངོས་གནས་ཞིག་བྱུང་མྱོང་བ་ལ་རྩོད་པ་མི་འདུག མི་དངོས་གནས་དེ་ག་འདྲ་ཞིག་ཡིན་ཞེ་ན། ཁྱིམ་ཚང་དབུལ་བོ་ཞིག་ནས་འཚར་ལོངས་བྱུང་ཞིང་མཐུ་ལ་བརྟེན་ནས་དགྲ་ཚར་བཅད་སྐད་ཀྱི་ཞེད་སྣང་ཞིག་ཀྱང་བསླངས་མྱོང་བ། བླ་མ་མར་པའི་གཡོག་པོར་གྱུར་པ། གཡོག་ལས་ཀྱི་ཞོར་དུ་མར་པའི་དྲུང་ནས་ཆོས་ཅུང་ཟད་རེ་ཡང་ཐོབ་པ། བླ་རྒན་ཆང་འཐུང་མཁན། བླ་རྒན་ཟེར་ན་ཡང་རབ་བྱུང་མ་རེད། སྣང་བ་སྤྲོ་དུས་ཆོས་གླུ་འདྲ་བོ་ལེན་འདུག་མཁན། ཚེ་སྨད་དུ་ཨ་ནེ་དང་། རྒན་ཆོས་བྱེད་མཁན་གཙོ་བོར་གྱུར་པའི་སློབ་མ་དང་སྦྱིན་བདག་ཀྱང་ཅུང་མང་པོ་ཡོད་པ། དགྲ་འདུལ་གཉེན་སྐྱོང་དང་རྒྱུ་ནོར་གསོག་འཇོག་དང་བུད་མེད་ཉར་བ་སོགས་མ་རབས་ཀྱི་ལས་ཀ་མི་བྱེད་མཁན་གྱི་ཆོས་པ་ངོ་མ་ཉམ་ཆུང་ཞིག་ཡིན་སྟབས་སུ་ཡིན་རུང་བསྟོད་པ་མ་གཏོགས་སྨད་པ་བྱེད་དོན་མེད་པ་དེ་འདྲ་ཞིག་རེད་འདུག
མགུར་འབུམ་གྱི་ནང་དུ་བྲིས་པ་ཚང་མ་བདེན་པ་ཡིན་མི་སྲིད་པ་ཞིག་རེད། དཔེར་ན་ཚེ་རིང་མཆེད་ལྔའི་ཞུས་ལན་གྱི་སྐོར་དང་མི་ལ་གཅིག་པུར་སྡོད་སྐབས་སུ་མགུར་བླངས་པ་དེ་ཚོ་སུ་ཞིག་གིས་ཐོས་པ་རེད། སུ་ཞིག་གིས་ཡི་གེར་བཀོད་པ་རེད། དྲུང་ཡིག་ནི་ཡོད་སྐད་མི་འདུག མི་ལ་རས་པ་ཁོ་རང་གིས་ནི་སྣག་ཤོག་ཉར་ནས་ཡིག་ཐོག་ཏུ་ཕབས་པའི་ལོ་རྒྱུས་ཤིག་མི་འདུག བཀའ་བསྡུ་བྱས་པའི་ལོ་རྒྱུས་ནི་མི་འདུག ཚེ་རིང་མཆེད་ལྔ་ནི་གཟུགས་མེད་ཡིན་ཐོག་ཡིག་ཐོག་ཏུ་ཕབས་པའི་ལོ་རྒྱུས་ཤིག་མི་འདུག ངན་རྫོང་སྟོན་པ་སོགས་ཀྱང་དེའི་དྲུང་དུ་མགུར་དེ་ཚོ་ཉན་ནས་བསྡད་ཡོད་པའི་ལོ་རྒྱུས་མི་འདུག དེ་བཞིན་ལིང་པ་བྲག་སྲིན་མོའི་སྐོར་དང་ཁྱི་ར་རས་པའི་སྐོར་སོགས་ལ་གསལ་བར་བསམ་བློ་རེ་ཐོངས་དང་། སྤྲུལ་སྐུ་ཡེ་ཤེས་ལགས་ཀྱིས་འདི་སྐོར་སྟོན་པའི་གསུང་གི་བཀའ་བསྡུ་དང་འབྲེལ་ནས་ཅིག་གསུངས་སོང་ཡང་དེ་འདི་དང་འདྲ་གི་མི་འདུག སྟོན་པའི་གསུང་དེ་ཁོང་གི་སློབ་མ་ཚོས་ཡིག་ཐོག་ཏུ་བཀོད་པའི་ལོ་རྒྱུས་གསལ་པོ་ཡོད་པ་རེད། ཐེག་ཆེན་དང་སྔགས་ཀྱི་རྒྱུད་སྡེ་ལ་ཡང་རང་རང་གི་ལྟ་གྲུབ་དེ་དང་འབྲེལ་བའི་བཀའ་བསྡུ་བྱས་སྟངས་རེ་གསུངས་ཡོད་པ་རེད། ཡིན་ན་ཡང་མི་ལའི་རྣམ་ཐར་དུ་དེ་འདྲ་ཡང་ཡོད་པ་མ་རེད།
འོ་ན་ད་ལྟ་མགུར་འབུམ་དུ་གྲགས་པའི་རྣམ་ཐར་དེ་ག་འདྲ་ཞིག་རེད་ཟེར་ན་དངོས་ཡོད་ཀྱི་ས་བོན་ཙམ་ལ་བརྟེན་ནས་རྟོག་བཟོས་ཇེ་མཚར་ཇེ་རྒྱས་སུ་བཏང་བ་ཞིག་རེད། གེ་སར་གྱི་སྒྲུང་དང་གཅིག་པ་རེད། མདོ་ཁམས་རྒྱུད་ཅིག་ཏུ་གེ་སར་ཟེར་བ་ཞིག་བྱུང་མྱོང་བ་འདྲ། ཡིན་ན་ཡང་སྒྲུང་ཡིག་ནང་དུ་བཀོད་ཚད་བདེན་པར་བརྩི་མི་ཐུབ་པ་ལྟ་བུ་ཞིག་རེད། མི་ལ་རས་པའི་སྐོར་འདི་བཀའ་རྒྱུད་པ་གཙོ་བོར་གྱུར་པའི་ཆོས་འབྱུང་སྔོན་མ་ཚོའི་ནང་དུ་ལོ་རྒྱུས་ཧ་ཅང་བསྡུས་པ་རེ་ལས་བཀོད་ཡོད་པ་མ་རེད།
གལ་སྲིད་ངེད་རང་ཚོ་ལ་ཡང་གཙང་སྨྱོན་ཧེ་རུ་ཀ་རུས་རྒྱན་ཅན་གྱི་ཆོས་ཀྱི་གོ་རྟོགས་དང་། རྩོམ་རིག་གི་ཤེས་ཚད། ངག་སྒོ་ཡངས་པོའི་ཡོན་ཏན་དེ་ཡོད་ན་ང་རང་ཚོའི་ཕ་ཡུལ་གྱི་བླ་རྒན། སྔགས་རྒན། བྱ་བྲལ་བ། གྲུབ་ཐོབ་སོགས་ད་ལྟ་འཚོ་ཞིང་བཞུགས་པ་ཁ་ཤས་ལ་ཡང་རྣམ་ཐར་འདི་ལས་རྒྱས་ཤིང་མཚར་བ་རེ་འབྲི་རྒྱུ་ཡོད་པ་ཁོ་ཐག་ཆོད།
རྒྱུ་མཚན་ཅི་ཞིག་ལ་རི་ཤོར་འདིའི་སྐོར་གླེང་བ་མི་ཤེས།
མེ་རི།
རྣམ་མགུར་དེ་ཀློག་དུས་དང་བོ་ནས་ཁྱད་མཚར་གྱི་སྣང་ཞིག་མི་སྟེར་རམ། མཚམས་རེ་རང་རྣམ་གྱི་བཟོ་ལྟ་བུ་དང་། མཚམས་རེ་རས་བའི་རྒྱན་ཅན་གྱི་བྲིས་བ་ལྟ་བུ། མཚམས་རེ་བྲག་ངོས་སུ་ཤར་བ་འདྲ་བོ། སྐབས་རེ་ནམ་མཁའི་མཐོངས་སུ་རང་སྒྲ་སྒྲོགས་བ་འདྲ་བོ། གང་ལྟར་རི་ཀླུང་ཐང་གསུམ་ན་འཚོ་བའི་བོད་མི་གླེན་པ་དེ་དག་གི་ལག་ནས་རང་ཁ་གསོ་ཆེད་རྟོགས་བཟོ་ཡ་མཚན་མ་དག་དག་གིས་རི་ཤོར་འདི་ལྷ་ཞིག་ཏུ་བཟོས་བ་མིན་ནམ།
ཐོས་བ་དགའ་འམ་མི་ལ་རས་བ་འདི་སྤྱི་བཏང་གི་མི་ཞིག་གི་ནང་ནས་ཀྱང་མི་ཡག་པོ་ཞིག་རེད་བསམས་ཀྱི་མེད།
མི་ལ་རས་པའི་རྣམ་མགུར་ཟེར་རྒྱུ་གང་ན་ཡོད། ང་ཚོའི་རྒྱལ་རབས་ལོ་རྒྱུས་དེ་ཚོའང་ཕྱེད་ཀ་ལོ་རྒྱུས་དང་ཕྱེད་ཀ་ལྷ་སྒྲུང་ཡིན་པ་རེད། བོད་ཀྱི་རྒྱལ་རབས་ལོ་རྒྱུས་དང་རྣམ་ཐར་དེ་ཚོ་ཀློག་ན་མི་ཧ་ལས་པའི་ཞིབ་ཚགས་ཤིག་མེད་ན་ཁག་སེ་ཡོད་རེད་ད། པོ་ཏི་ལུག་རོ་འདྲ་བ་རེ་ཀློག་ན་བདེན་པ་ལག་མཐིལ་འདྲ་རེ་ལས་རྙེད་དུ་མེད། བདེན་པ་ཁབ་ཀྱིས་བཙལ་དགོས་རེད། ལས་སླ་པོ་ཡོད་མ་རེད། ད་ཡིན་ན་རང་གི་ལས་རེད། འདི་འདྲ་མཐའ་འཁོབ་ཅིག་ཏུ་སྐྱེ་བ་བླངས་རེད།
བཀའ་འགྱུར་པོ་ཏི་བརྒྱ་ལྷག་བཞུགས་པ་འདི་ཡང་སྟོན་པ་སྐུ་མྱ་ངན་ལས་འདས་ནས་ལོ་གང་མང་ཞིག་གི་རྗེས་ད་གཟོད་ཡིག་ཐོག་ཏུ་བཀོད་པ་ཡིན་པ་དང་། ཆོས་ཚན་རེ་རེའི་མགོར་འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན་ཞེས་པ་འདི་ཚོ་ལ་བསམ་གཞིགས་རེ་བྱོས་དང་། ང་ཚོ་བློ་སྐྱེད་ཅིག་ཐོབ་ངེས་ཡིན་ལ། སྐབས་དེར་དེང་སང་ནང་བཞིན་དྲུང་ཡིག་ཅིག་ཡོད་མེད་ལ་ཉམས་ཞིབ་བྱ་དགོས་པར་གནང་། ཁྱེད་ལ་་ཁྱེད་ཚང་གི་ཨ་མྱེས་དང་ཡང་མྱེས་ཚོའི་ལོ་རྒྱུས་དང་ཁོང་ཚོས་བཤད་པའི་སྐད་ཆ་དམ་དུམ་རེ་བཤད་རྒྱུ་ཡོད་ངེས་རེད། ལོ་རྒྱུས་ཀྱི་དཔེ་དེབ་མང་པོ་ཞིག་ལོ་ངོ་བརྒྱ་ཕྲག་འགའི་རྗེས་ནས་བྲིས་ཡོད་པ་ཡང་ཡོད། མི་ལའི་མགུར་འབུམ་ནི་མི་ལས་སུ་དང་སུ་ལ་གསུང་ས་དེ་ཚོ་ནས་བརྒྱུད་པ་མ་ཡིན་ཞེས་སུས་ཁ་མཚོན་གཅོད་ཐུབ་བམ། ལོ་བརྒྱ་ལོན་པའི་མྱི་མེད་ཀྱང་བསྐལ་པ་སྟོང་གི་ཚིག་ཡོད་པ་འདི་ཚོ་ལ་བསམ་གཞིགས་རེ་བྱོས་དང་དེ་ཙམ་མགོ་རྨོངས་དགོས་པའི་རྒྱུ་མཚན་མ་མཐོང་ངོ་།། བཀའ་བསྡུ་ཞེས་མཚན་བཏགས་མ་བཏགས་ཙམ་ལས་གཙང་སྨྱོན་གྱིས་ཡིག་ཐོག་ཏུ་ཕབ་པ་དེ་དོན་ལ་བཀའ་བསྡུ་བྱས་པར་བཞག་ན་སྐྱོན་ཞིག་མི་འདུག་སྙམ།
ཨོ་ཡ། ང་ཚོས་ཉིནཤས་རིང་མི་ལ་རས་པ་འདིའི་སྐོར་མང་པོ་ཞིག་གླེངས་པ་རེད། ངས་དེ་ག་ཙམ་དུ་མཇུག་སྡུད་ཀྱི་ཚུལ་དུ་འདི་བྲིས་པ་ཡིན། མི་ལ་རས་པ་ཟེར་བའི་མི་འདི་ཁྱད་མཚར་ཞིག་རེད་འདུག འདི་གྲྭ་པ་རེད་ཟེར་ན་རབ་བྱུང་བསྒྲུབས་མི་འདུག གྲོང་སྔགས་རེད་ལབ་ན་ཆུང་མ་མི་འདུག ཁྱིམ་པ་རྒད་པོ་ཞིག་རེད་ལབ་ན་རི་ཁྲོད་གངས་ཁྲོད་འགྲིམས་མཁན་ཞིག་རེད་འདུག མི་འདི་ཚོ་གང་ཞིག་གི་གྲས་ལ་གཏོགས་པ་ཡང་ཤེས་ཀྱི་མི་འདུག འདི་འདྲའི་གང་ལ་མི་གཏོགས་པའི་མི་མང་པོ་ཞིག་བོད་ལ་བྱུང་ནས་ད་ལྟའི་ཚད་ལ་བསྐྱལ་སོང་བ་ཡིན་རྒྱུ་རེད།
སྤོབས་པ་མཐའ་ཡས་ཟེར་བ་ཞིག་གིས་མི་ལ་རས་པའི་མགུར་འབུམ་ཚང་མ་བདེན་མི་སྲིད་པའི་དཔེར་བརྗོད་ལ་ཚེ་རིང་མཆེད་ལྔའི་སྐོར་དང་མི་ལ་རས་པའི་གཅིག་པུར་སྡོད་སྐབས་ཀྱི་མགུར་རྣམས་སུ་ཞིག་གིས་ཐོས་པ་རེད། སུ་ཞིག་གིས་ཡི་གེར་བཀོད་པ་རེད་སོགས་དང་། མི་ལ་རས་པས་རྗེ་མར་པའི་སྐུ་མདུན་ནས་ཆོས་ཅུང་ཟད་རེ་ཐོབ་ཡོད་པ་སོགས་བཤད། ཡིན་ན་ཡང་མི་ལ་རས་པའི་མགུར་དང་རྣམ་ཐར་རྣམས་ནི་རྗེ་བཙུན་རང་གིས་རས་ཆུང་པའི་ཞུ་བའི་ངོར་གསུངས་པས་རང་གི་ལོ་རྒྱུས་དང་བྱ་སྤྱོད་ལ་རང་ལས་རྒྱུས་ཆེ་བ་སུ་ཞིག་ཡོད་དགོས། ཡི་གེ་བཏབ་མཁན་ནི་ངན་རྫོང་རས་པ་སོགས་རྗེ་བཙུན་རང་གི་བུ་སློབ་རྣམས་ཡིན་པ་རྣམ་ཐར་རང་དུ་གསལ། དེས་ན་སློབ་མས་ཡི་གེ་བཏབ་ན་མ་གཏོགས་བླ་མ་རང་གིས་ལོ་རྒྱུས་བཤད་མི་ཆོག་པའི་སྒྲིགས་ཁྲིམས་ཀྱིས་མནན་ཡོད་ན་མ་གཏོགས་རྗེ་མི་ལས་རང་རྣམ་གསུངས་མི་ཆོག་པའི་རྒྱུ་མཚན་གང་ཡོད། མགུར་དང་རྣམ་ཐར་ནི་གཙང་སྨྱོན་གྱིས་ཕྱོགས་བསྒྲིགས་དང་ཚིག་སྦྱོར་ལ་ཅུང་ཟད་བསྒྱུར་བཅོས་བྱས་པ་ལས་སྔ་ནས་ཡོད། དཔེར་ན་ད་སྐབས་མཇལ་རྒྱུ་ཡོད་པའི་ཀརྨ་པ་རང་བྱུང་རྡོ་རྗེས་མཛད་པའི་མི་ལའི་རྣམ་མགུར་མཛོད་ནག་མ་དང་གཙང་སྨྱོན་གྱི་གསུང་རྣམས་བརྒྱ་ཆ་དགུ་བཅུ་ཡན་ཆད་གཅིག་པ་ཡོད།
དེ་བཞིན་རྗེ་མི་ལས་མར་པའི་མདུན་ནས་དམ་ཆོས་ག་ཚོད་ཐོབ་ཡོད་མི་ལ་རང་གི་རྣམ་མགུར་དུ་གསལ་བ་ལས་གཞན་ཞིག་ཁྱོད་ཀྱིས་ཤེས་ཐབས་མེད་པས་ཅུང་ཟད་སོགས་ཀྱི་ཚིག་ཀྱང་དེ་ཙམ་རེད། ལར་རང་ཉིད་ཀྱིས་ཡོན་ཏན་འཇོན་ཐང་རྟ་རྔ་ཙམ་ཡང་མེད་བཞིན་བོད་ཀྱི་མཁས་གྲུབ་སྔ་མ་རྣམས་ལ་ངན་སྨྲས་ཞེ་ནས་གང་དྲན་བྱེད་ཐུབ་ན་དེས་ཆོག་འདུག་སྙམ་པ་དེང་སང་ཕྱི་ནང་གཉིས་ཀ་ལ་གོ་མ་ཆོད་པའི་ཁོག་སྟོང་གསར་བུ་འགའ་རེ་ཡོང་་བ་ཡང་བོད་རིགས་རྗེས་ལུས་ནས་རྗེས་ལུས་འགྲོ་བའི་སྔ་ལྟས་ངོ་མ་ཞིག་
དད་མེད་ཅིག་གིས། དད་ལྡན་སྐོར་ལ་མ་ཤོད། ཆོས་མེད་ཀྱིས། ཆོས་དད་སྐོར་ལ་མ་ཤོད། ཐེག་དམན་ཞིག་གིས། ཐེག་ཆེན་གྱི་སྐོར་ལ་མ་ཤོད། བྱང་ཆུབ་སེམས་དཔའ་ཡིན་པ་ཙམ་ཞིག་གིས། གསང་སྔགས་ལ་མི་དད་ན། བྱང་སེམས་དེས། གསང་སྔགས་རྡོ་རྗེ་ཐེག་པའི་སྐོར་ལ་མ་བཤད་ན་མཛེས་སོ།། །།
ཆོས་དང་། ཆོས་མིན་པ་མི་ཤེས་བཞིན་དུ་ཆོས་དད་སྐོར་ལ་བྱུས་གཏོགས་བྱས་ན། རང་གི་དུས་ཚོད་ཕྲོ་བརླག་མ་རེད་པེ། ལགས།། །།
དགོངས་པ་མ་ཚོམས། ཁ་ཉིན་དུས་ཚོད་ཀྱིས་འབྲི་ཁོམས་བྱུང་མ་སོང་། དོ་ནུབ་ཅུང་ཟད་མི་འཐུད་ནས་འབྲི་རྒྱུ་ཡིན། མི་ལ་རས་པའི་གསུང་རྣམས་སངས་རྒྱས་ཀྱི་བཀའ་རྣམས་ཡིག་ཐོག་ཏུ་བཏབ་པ་དང་ཅུང་མི་འདྲ་བ་ནི་སངས་རྒྱས་གཅིག་པུར་བཞུགས་སྐབས་མཚན་མོ་ལྷ་ལ་ཆོས་གསུངས་པ་རྣམས་ཕྱི་ཉིན་སློབ་མ་རྣམས་ལ་གསུངས་པའི་ལྷའི་མདོ་སོགས་མང་དུ་བཞུགས་པ་དེ་རྣམས་དེ་སྐབས་ལུང་འགང་ཆེན་རྣམས་ཡིག་ཐོག་ཏུ་འབེབས་པའི་ལུགས་སྲོལ་མེད་པས་སློབ་མ་རྣམས་ཀྱ་ིཐུགས་ལ་འཛིན་རྒྱུ་ལས་གཞན་མེད་ལ། འདས་རྗེས་ཀྱི་ལོ་བཞི་བརྒྱའམ་ལྔ་བརྒྱ་ཡར་མར་གཞི་ཐོག་ནས་ཡིག་ཐོག་ཏུ་བཏབ་པར་བཤད་ལ། མི་ལ་རས་པས་གསུངས་པ་རྣམས་རང་ཉིད་ཀྱི་སློབ་མ་རྣམས་ཀྱིས་ཁོང་བཞུགས་སྐབས་ཡིག་ཐོག་ཏུ་བཀོད་པའམ་ཁོང་འདས་མ་ཐག་སློབ་ཆེན་བརྒྱད་པོ་སོགས་ཀྱིས་ཡིག་ཐོག་ཏུ་བཀོད་པ་མཛད་པ་དེ་རེད། དེ་མིན་གསུང་རྣམས་སློབ་མ་རྣམས་ཀྱིས་བསྡུས་པའི་ཆ་རྐྱང་པ་ནས་བསམ་བློ་གཏོང་ན་སངས་རྒྱས་ཀྱི་བཀའ་བསྡུས་ཚུལ་འདྲ་བོ་བཞག་ན་ཡང་མི་འགྲིགས་པ་གང་ཡང་མེད།
མི་ལ་རས་པའི་སྐོར་འདི་བཀའ་བརྒྱུད་གཙོ་བོར་གྱུར་པའི་ཆོས་འབྱུང་སྔོན་མ་རྣམས་ཀྱི་ནང་དུ་བསྡུས་ཙམ་ལས་བཀོད་མེད་པ་རེད། འོ་ན་ད་ལྟ་མགུར་འབུམ་དུ་གྲགས་པའི་རྣམ་ཐར་དེ་ག་འདྲ་ཞིག་རེད་ཟེར་ན་དངོས་ཡོད་ཀྱི་ས་བོན་ཙམ་ལ་བརྟེན་ནས་རྟོག་བཟོས་ཇེ་མཚར་ཇེ་རྒྱས་སུ་བཏང་བ་ཞིག་རེད་ཅེས་བཤད་ཀྱང་། ཆོས་འབྱུང་ནང་དུ་བླ་མ་རྣམས་ཀྱི་རྣམ་ཐར་བསྡུས་པ་རེ་ལས་བླ་མ་དེ་རྣམས་ཀྱི་རྣམ་ཐར་རྒྱས་པ་བཞག་དགོས་ན་ཆོས་འབྱུང་ཞིག་ལ་དུམ་པ་བརྒྱ་ཡར་མར་ཡང་འགྱུར་བས་དེ་འདྲའི་ཆེན་པོ་ཞིག་བརྩམས་དགོས་ན་ཧ་ཅང་དཀའ་བའི་ཚད་དུ་སེམས། དེས་ན་ཆོས་འབྱུང་རྣམས་ཀྱི་ནང་དུ་མི་ལ་མིན་ཡང་བླ་མ་གཞན་རྣམས་ཡང་དེ་འདྲ་རེད། སྔོན་གྱི་ཆོས་འབྱུང་ཟེར་ལུགས་ལ་བལྟས་ན་ངམ་རྫོང་གྱིས་བསྒྲིགས་པའི་མི་ལའི་རྣམ་ཐར་མགུར་འབུམ་ལས་སྔ་བའི་ཆོས་འབྱུང་ཞིག་ལ་ཟེར་བ་ཡིན་པ་འདྲ་། དེ་འདྲ་ཆོས་འབྱུང་ཞིག་ཡོད་ན་དཔེ་འཁྱུད་མེད་པ་བསྟན་རོགས། ད་སྐབས་མི་ལའི་རྣམ་ཐར་དང་མགུར་འབུམ་གང་ཡོད་ཕྱོགས་བསྒྲིགས་བྱས་པ་ལ་དེབ་ཆེན་བརྒྱད་ཙམ་ཡོད་པ་དེའི་ནང་དུ་སློབ་མ་རྣམས་ཀྱིས་བསྒྲིགས་པ་མང་དུ་ཡོད། དེས་ན་ཐོག་མར་རྩོམ་མཁན་གཙང་སྨྱོན་རེད་སྙམ་པ་ཡང་རང་གི་ལག་མཐིལ་ཙམ་མཐོང་བའི་གཏམ་རེད། ཡང་མི་ལ་རས་པ་གང་འདྲ་ཞིག་ལ་གཏོགས་དགོས་པ་མི་ཤེས་པ་བཤད་མཁན་ཞིག་ཀྱང་འདུག་སྟེ། འདུལ་བ་ལྟར་ན་ཚངས་སྤྱོད་དགེ་བསྙེན་དང་། སྔགས་ལྟར་ན་དཔེན་པ་ལ་གནས་པའི་རྣལ་འབྱོར་པའི་གྲས་རེད། འདི་རིགས་ཤེས་ཡོན་དར་བའི་རྒྱ་གར་ཡུལ་ཁམས་ལ་མང་དུ་ཡོད་པ་རྣམས་ལ་གཟིགས་དང་མཁྱེན་གྱི་རེད། སྤྱིར་རང་ཉིད་ལ་མི་ལ་རས་པའི་རྣམ་ཐར་བདེན་པ་བསྒྲུབ་པའི་འགན་འཁུར་གང་ཡང་མེད་ཅིང་། ལོ་རྒྱུས་དངོས་གཙོ་སྨྲ་བའི་ཐད་ནས་བལྟས་ན་འགུར་འབུམ་གྱི་ནང་དུ་ཡོད་ཚད་བདེན་པ་བཞག་དཀའ་ཡང་། ལོ་རྒྱུས་དངོས་གཙོ་སྨྲ་བ་ཡང་མཐར་ཐུག་བདེན་དོན་རྙེད་མཁན་ལ་བཞག་མི་ཐུབ་པས་རང་གིས་མི་ཤེས་པ་རྣམས་དེ་རང་བཞག་པ་ལས་ཐབས་ཤེས་མེད། འདིར་གསར་བུ་ཁ་ཤས་ཀྱིས་ཐམས་ཅད་ཤེས་འདོག་ཀྱིས་འུར་སློང་གིན་འདུག་པ་ལ་བྲེལ་འཚུབས་ཀྱི་ངང་ནས་ཅུང་བྲིས་པ་ཡིན།
ཐད་ཀར་བྲིས་ཤིང་བཞག་པས་ཡིག་ནོར་མང་དུ་ཡོད་ངེས་པས་དགོངས་དག
ཉིན་གཉིས་ཀྱི་སྔོན་ལ་དྲྭ་ཐོག་ཏུ་རྗེ་མི་ལའི་སྐོར་འདི་འདྲ་ཞིག་མཐོང་སོང་། སྤྱིར་འདི་འདྲའི་རིགས་ལ་ལན་བྱེད་པ་ནི་དུས་ཚོད་འཕྲོ་བརླག་ལས་མེད་ཀྱང་། ལས་དང་པོ་ཁ་ཤས་ལ་ཅུང་ཟད་ཕན་དུ་རེ་ནས་བྲིས་སོ།