ཨ་རིའི་རླུང་འཕྲིན། ༢༠༡༥/༠༥/༡༡
ལྷ་སྡེ་གནམ་ལོ་ཡག་གིས་བསྒྱུར།
安娜·贾维斯
Anna Jarvis
ཕྱི་ལོ་༢༠༡༥ ལོའི་ཟླ་༥ ཚེས་༡༠ ཉིན་སྟེ། གཟའ་ཉི་མ་ནི་ཨ་རི་གཙོས་པའི་འཛམ་གླིང་གི་རྒྱལ་ཁབ་མང་པོའི་ཨ་མའི་དུས་ཆེན་རེད།
ཨ་མའི་དུས་ཆེན་ནི་སྐྱེས་མ་ཡོངས་ཀྱི་བྱས་པ་ལ་བསྔགས་བརྗོད་བྱེད་པའི་དུས་ཆེན་ཞིག་ཏུའང་གྱུར་ཡོད།
ལོ་རྒྱུས་ལྟར་ན། ཨ་མའི་དུས་ཆེན་འདི་བཞིན་ཕྱི་ལོ་༡༩༡༤ ལོར་དངོས་སུ་ཨ་རིའི་དུས་ཆེན་དུ་གྱུར། དེའང་ཨན་ནི.ལྗ་ཝི་སི་ཡིས་འབད་རྩོལ་བརྒྱུད་ནས་དུས་ཆེན་འདི་བུ་ཕྲུག་ཚོས་ཨ་མ་རྣམས་ཀྱི་གཏོང་ཕོད་ལ་རྗེས་དྲན་བྱེད་པའི་རྣམ་པ་ཞིག་ཏུ་བསྐྲུན་པ་རེད།
དང་ཐོག་ཨ་མ་དང་བུ་ཕྲུག་ལྷན་འཛོམས་ཀྱིས་སྟོན་མོར་རོལ་བའི་ཕྱོགས་ལ་དམིགས་ཡོད་ནའང་། གཞུང་འབྲེལ་གྱི་དུས་ཆེན་ཞིག་ཏུ་གྱུར་རྗེས། མེ་ཏོག་དང་རྟེན་འབྲེལ་ཞུ་ཡིག་འབྲི་སའི་ཤོག་བྱང་བཙོང་མཁན་གཙོས་ཚོང་བ་ཚོས་དེ་ནི་ཚོང་ལྷ་འགྲིམས་པའི་ཉིན་མོ་ཞིག་ཏུ་ལྟ་བཞིན་པ་དང་། འཁྲུག་ཆ་ཆེ་རུ་བཏང་ཡོད།
ཨན་ནི.ལྗ་ཝི་སིས་རྣམ་པ་འདིར་ངོ་རྒོལ་བྱེད་ཀྱིན་པས། ཕྱི་ལོ་༡༩༤༨ ལོའམ་ཁོ་མོ་མ་གྲོངས་པའི་ཡར་སྔོན་རང་ཉིད་དུས་ཆེན་འདིའི་གསར་བཏོད་པ་མིན་ཞེས་ཡོངས་ཁྱབ་གསལ་བསྒྲགས་གནང་བ་དང་། ད་དུང་ཨ་རིའི་གཞུང་ལ་དུས་ཆེན་འདི་མེད་པ་བཟོ་རོགས་ཞེས་ཞུས་འདུག
ཡིན་ནའང་། ཨ་མའི་དུས་ཆེན་མུ་མཐུད་དུ་རྒྱུན་མཐུད་ཀྱིན་པར་མ་ཟད། དར་སོ་ཤིན་ཏུ་ཆེ་བའི་དུས་ཆེན་ཞིག་ཏུའང་གྱུར་ཡོད་ལ། ཚོང་ཆེས་བྲིན་རྒྱུགས་ཆེ་བའི་ཉིན་མོ་ཞིག་ཀྱང་ཡིན།
ཨ་ཕ་ཚོ་སྙིང་རྗེ་ཡང་མི་འདུག་་་་དཀའ་ལས་ཅི་ཙམ་བརྒྱབས་ཀྱང་ངོ་སོ་ཞིག་ཀྱང་མི་འདུག་་་་གནམ་རྒན་མ
ང་ནི་མ་ཕའི་དུས་ཆེན་དང་ཨ་མའི་དུས་ཆེན་ཟེར་བ་འདི་ཚོར་གཏན་ནས་མི་དགའ། ཨ་མའི་དྲིན་ལན་འཇལ་རྒྱུ་དེ་དུས་ཆེན་གཏོང་སྲོལ་ཙམ་ལ་འགྱུར་དུས་མ་འགྲིགས་ཚར་བ་རེད། ཤོག་བུའི་ངོས་སུ་བྲིས་པའི་ཁ་ཡག་དེས་དྲིན་ལན་ཞིག་འཇལ་མི་ཐུབ་པ་བརྒྱ་ཆ་བརྒྱ་རེད། འདི་རིགས་ནི་ནུབ་ཕྱོགས་སུ་ཁྱིམ་ཚང་གི་སྒྲོམ་གཞི་འཐོར་བ་དང་། ཕ་མ་བུ་ཕྲུག་གི་འབྲེལ་བ་ཆད་པའི་རྟགས་མཚན་ཡོད་ན་མེད་པ་ཞིག་རེད། བཀྲ་མ་ཤིས་པ་ཞིག་རེད། འདི་འདྲའི་མི་དགོས་གཏོ་བཅོས་དེ་ཚོ་བོད་ཀྱི་སྤྱི་ཚོགས་ནང་ལ་ནང་འདྲེན་བྱ་དགོས་པ་ཞིག་མ་རེད། འདི་ཙམ་ལས་ནང་འདྲེན་བྱེད་མ་ཤེས་དུས་བོད་ཀྱི་ཤེས་ཡོན་པའི་སྡེའི་བླ་ཉམས་ཚར་རྟགས་རེད། དམིགས་བཀར་རྩོམ་ཡིག་འདི་སྒྱུར་བ་པོར་ཞུས་པ་ནི་མིན། ཁར་སང་དེ་རིང་དྲ་ཐོག་ན་བོད་མི་མང་པོས་ཨ་མའི་དུས་ཆེན་ནས་འུད་སྒྲོགས་བྱེད་བཞིན་པ་མཐོང་བས་སྤྱིར་བཏང་དུ་ཞུས་པ་ཙམ་ཡིན།
ཨ་མའི་དུས་ཆེན་ནི་ཉིན་རྟག་པར་ཡིན་དགོས་ཀྱང་། དོན་ལ་དེ་འདྲ་ཞིག་ལྷ་བུ་སུ་ཞིག་གིས་ཀྱང་བཀུར་ཐུབ་མེད། ལྷག་ཏུ་བྲེལ་བ་ཚ་བ་དང་ལྟོགས་སྐོམ་ཡོད་སའི་ཡུལ་ཕྱོགས་ན། དེ་ནི་ཉིན་མོའི་སྐར་མ་ལྟར་ཡིན། བྱས་ཙང་། ཉིན་གཅིག་ལ་ཨ་མའི་བཀའ་དྲིན་དྲེན་པ་དང་། དེ་མཚོན་པའི་རྣམ་པ་ག་འདྲ་ཞིག་གི་སྒོ་ནས། དགའ་སྟོན། གསོལ་འགྲོན། དྲིན་དྲེན། ལྷན་འཛོམས་སོགས་ཡོད་པ་ནི་འགྲོ་སྟང་ཡག་པོ་ཞིག་རེད།
སྤོབས་པ་ལྟར་ཨ་མ་ཕ་ཡུལ་ནས་གཡུག་དེ། ས་མཐའ་ལ་ཁྱི་འཁྱམ་ལྟར་ཉུལ་སོང་བ་ཞིག་གིས། ཨ་མ་ལ་བརྩེ་བ་ཉིན་མཚན་དུས་དྲུག་ལ་ཡོད་དགོས་མདོག་བཤད་ན། དགོད་རྒྱུ་རྐུབ་ནས་ཡོང་གི། ཧ་ཧ་ཧ།
སྤོབས་པ་ལགས་ཕེབས་ནས་རྒྱབ་ལྗོངས་ལ་འགྲེལ་བཤད་གནང་བ་ཧ་ཅང་ཡག་བྱུང་། ང་རང་དུས་ཆེན་འདིར་དམིགས་བཀར་གྱིས་མི་དགའ་བ་མེད་ནའང་། ད་ལོའི་ཨ་མའི་དུས་ཆེན་ལ་བོད་ཕྱི་ནང་གཉིས་སུ་ཚ་ཚ་འུར་འུར་གནང་བཞིན་པས། ཨ་མའི་དུས་ཆེན་བྱུང་སྟངས་འདི་ལྷན་རྒྱས་ཕུལ་བ་ཡིན།
སྤོབས་མཐའི་སྐད་ཆ་ལ་ངོས་ལེན་མེད། ཨ་མའི་དུས་ཆེན་གཏོང་སྲོལ་འདི་ཡོད་ན་ཡག་ག་འདུག འདི་ནི་མ་གྱུར་སེམས་ཅན་ཐམས་ཅད་བཤད་མཁན་གྱི་སྲིད་གཞུང་གི་གཞུང་འབྲེལ་དུས་ཆེན་བཟོས་པ་ཡིན་ན་དགའ་པོ་ཡང་བ།
ཨ་མའི་དུས་ཆེན།
དུས་ཀྱི་འཕོ་འགྱུར་ཁྲོད་ནས་ནུབ་ཕྱོགས་པའི་རིག་གནས་ཀྱིས་འཛམ་གླིང་ཕྱོགས་བཞི་མཚམས་བརྒྱད་སྒོ་གང་ས་ནས་བཙན་འཛུལ་བྱེད་བཞིན་པའི་སྐབས་འདི་བོད་པ་ཚོའི་ཀྱང་དགའ་ཕྱོགས་ཅིག་གམ། ཨ་གསར་ཅིག་གང་ཡིན་ཆ་མ་རྟོགས་པའི་གཅིག་གཅིག་གི་དུས་ཆེན་ལ་བཀྲ་ཤིས་བདེ་ལེགས་དང། གཉིས་གཉིས་ཀྱི་དུས་ཆེན་ལ་འཚམས་འདྲི་ཞུ་ཟེར་བའི་ཡིག་རིགས་འཕྲིན་ཕྲན་དང་ངོ་དེབ་གཙོ་བྱས་པའི་སྤྱི་ཚོགས་ཀྱི་དྲྭ་བ་མང་པོའི་ནང་དུས་རྒྱུན་མཐོང་རྒྱུ་ཡོད། དེ་ནི་བཟང་ཕྱོགས་ཀྱི་རྣམ་པར་ཞིག་མ་རེད་སུས་ཀྱང་བཤད་མི་ཤེས། འོན་ཀྱང་ང་ཚོ་བོད་པ་ཚོ་ལ་ངན་གོམས་སོང་བའི་གཤིས་ཀ་ཞིག་ཡོད་པ་ནི་ཅི་བའི་ཕྱིར་དུས་ཆེན་དེ་སྲུང་གཙི་ཞུ་ཡི་ཡོད་པ། སུས་གསལ་གཏོད་གནང་བ། ག་དུས་འགོ་འཛུགས་པ། ག་བ་ཐོག་མ་དར་བ་སྐོར་གྱི་མ་མཐར་ལས་ཤེས་དགོས་པའི་རྒྱུན་ཤེས་ཙམ་ལ་འང་དོ་སྣང་བྱེད་ཀྱི་མེད། ཨ་མ་དུས་ཆེན་ཡང་དེ་ལྟར་ཡིན།
ད་ལྟ་ང་ཚོས་བཤད་བཞིན་པའི་ཨ་མའི་དུས་ཆེན་ནི་དུས་རབས་ཉི་ཤུ་པའི་འགོ་ཕྱི་ལོ་1914ལོའི་ཟླ་བ་5པའི་རེས་གཟའ་ཉི་མ་གཉིས་པའི་ཨ་རིའི་རྒྱལ་ཡོངས་ནང་གཞུང་འབྲེལ་ཐོགས་འགོ་འཛུགས་བྱས་པའི་དུས་ཆེན་ཅིག་ཡིན།
དུས་དེ་ནས་བཟུང་གནམ་འོག་གི་ཨ་མ་ཡོངས་ལ་བཀའ་དྲིན་རྗེས་དྲན་མཚན་ཆེད་འཛམ་གླིང་གི་ས་ཆ་གང་ས་རྣམ་པར་འདྲ་མིན་སྣ་ཚོགས་ཐོགས་སྲུང་གཙི་ཞུ་བཞིན་ཡོད། གཙོ་བོ་ནི་མི་བུ་སྒེར་སོ་སོས་རང་ཉིད་ཀྱི་མ་ཡུམ་ལ་མེ་ཏོག་ཕུལ་བའི་དུས་ཆེན་ཅིག་རེད་ཟེར་ན་མ་ཆོག་པ་མེད། དུས་ཆེན་འདི་དང་ཐོག་འགོ་བཙུགས་མཁན་ནི་ཨ་རི་རྒྱལ་ཁབ་ཀྱི་མི་སེར་ལྕམ་ཨ་ནབ་(Anna)ལགས་ཡིན། ཁོ་མོས་རང་ཉིད་ཀྱི་ཨ་མ་(Anna Jarvis )ཨ་ནབ་རྗབ་བྷི་སའི་རླབས་ཆེན་གྱི་བྱམས་བརྩེ་དང་དབྱེ་འབྱེད་མེད་པའི་ཕྱག་ལས་ལ་ཆེ་བསྟོད་དང་བཀའ་དྲིན་མཚན་ཆེད། ཨ་ནབ་ཀྱིས་ལོ་མང་རིང་དཀའ་སྤྱད་འབད་བརྩོན་ལྷོད་མེད་ངང་འགའ་རྐྱེན་གང་མང་ཅིག་ལ་གདོང་ལེན་བྱས་ནས་འབྱུང་བའི་འབྲས་བུ་ཞིག་ཡིན།
(Anna Jarvis )ཨ་ནབ་རྗབ་བྷི་ས་ལགས་ནི་འཚེ་མེད་ཞི་བདེ་ཡི་ལས་འགུལ་བ་ཡིན་ལ་ཁོ་མོས་སྐབས་དེ་ཨ་རིའི་ནང་འཁྲུགས་ཁྲོད་སྨས་སྐྱོན་བྱུང་བའི་ཕྱོགས་གཉིས་ཀ་ཡི་དམག་མི་རྣམས་ལ་དབྱེ་འབྱེད་མེད་པར་རོགས་རམ་དང་ལྟ་སྐྱོང་བྱེད་མཁན་གྱི་རླབས་ཆེན་གྱི་བུ་མེད་ཅིག་ཡང་ཡིན།
ཅོ་རི་ཉི་མ་ལགས། ངས་སུ་གཅིག་ལ་ཁ་གཏད་གཅོག་འདོད་མིན་ན་ཡང་། དེང་དུས་ང་ཚོའི་ཁ་སྟབས་སྐྱོ་བ་ལ་མ་ལྟོས་པར་ལོ་རྒྱུས་རླབས་ཆེན་ལྡན་ཐུན་མོང་མིན་པའི་རིག་གནས་ལྡན་པའི་སྤྱི་ཚོགས་ཤིག་ཡིན་དུས་ང་ཚོ་ལ་ང་རང་ཚོའི་ཚོད་ཀྱི་རང་ཚུགས་དགོས་ཀྱི་འདུག རང་རེ་ཨེ་ཤ་ཡའི་སྔོན་ཐོན་སྤྱི་ཚོགས་ཚང་མའི་ལོ་རྒྱུས་ལ་བལྟས་ཡོང་དུས་ཡར་རྒྱས་ཐམས་ཅད་ཀྱི་རྩ་བ་དེ་རྒྱལ་ཞེན་ཟེར་བ་འདི་ལ་ཐུག་འདུག ང་ཚོས་རྒྱ་མིའི་རིག་གནས་ནང་འདྲེན་བྱ་དགོས། ཡིན་ན་ཡང་། རྒྱ་མིའི་ལུགས་སྲོལ་ནང་འདྲེན་བྱ་མི་དགོས། དེ་བཞིན་དུ་ནུབ་ཕྱོགས་པའི་སྔོན་ཐོན་རིག་གནས་ནང་འདྲེན་བྱ་དགོས། ཡིན་ན་ཡང་། ནུབ་ཕྱོགས་པའི་ལུགས་སྲོལ་ཐབས་ཆག་དེ་ཚོ་ནང་འདྲེན་བྱ་དགོས་དོན་མི་འདུག ནུབ་ཕྱོགས་པའི་སྔོན་ཐོན་རིག་གནས་ཟེར་བ་དེ་དུས་རབས་བཅོ་ལྔ་པ་ནས་མགོ་ཚུགས་པའི་རྟོགས་སད་དུས་རབས་ཟེར་བ་དེ་དང་དེས་དྲངས་པའི་བཟོ་ལས་བཅོས་བསྒྱུར་ཟེར་བ་དེ་ལ་ཐུག་འདུག དེའི་བར་དུ་ས་སྟེང་འདིའི་སྔོན་ཐོན་སྤྱི་ཚོགས་ཚང་མ་རྒྱ་གར་ནག་གཙོས་པའི་ཨེ་ཤེ་ཡའི་སྤྱི་ཚོགས་རེད་འདུག
དེང་སང་དུས་ཆེན་མང་པོ་ཞིག་སྤང་ལས་ཤ་མོང་འབུས་པ་ནང་བཞིན་ཡོང་གི་འདུག དེ་ནི་དེ་དག་ལ་རྒྱུ་མཚན་ཡོད་མེད་དགའ་ཞེན་ཡོད་མེད་མ་རེད་བསམ། ལས་ཁུང་ཁག་ཏུ་ལས་ཀ་བྱེད་མཁན་དེ་ཚོར་དགོངས་གསེང་མང་བ་ཐོབ་ཀྱི་ཡོད་དུས་ཁོང
ཚོས་དུས་ཆེན་གསར་པ་མང་པོ་བཟོས་པ་རེད། འདི་ན་དྲ་འབུ་མང་པོ་ཞིག་ནས་་་་ཨ་མའི་དུས་ཆེན་ལ་བཀའ་དྲིན་རྗེས་དྲན་གྱི་རྩོམ་འཁྱལ་མང་པོ་འབྲི་མཁན་འདི་ཚོ་ཕལ་ཆེ་བ་ཨ་མ་ལ་དྲིན་སློག་དགོས་བསམ་མཁན་དང་ཨ་མའི་བཀའ་དྲིན་དྲན་མཁན་ཉུང་ཉུང་རེད་བསམ། སྔོན་མ་ཞིག་ལ་དྷ་སར་རྩོམ་པ་པོ་ག་གེ་མོ་ཞིག་གིས་ཨ་མ་དྲིན་ཆེ་རབས་ཀྱི་རྩོམ་མང་པོ་བྲིས་མྱོང་མཁན་ཞིག་གིས་ཉིན་ཞིག་ཨ་མ་བོད་ནས་ཚུར་བུ་ལ་ངོ་ཐུག་བྱེད་པར་སླེབས་དུས་རྩོམ་པ་པོ་དེ་ཡིས་ཨ་མ་ལ་རོགས་ཕན་བྱེད་རྒྱུ་ཕར་བཞག་ཨ་མ་བདག་མེད་དུ་བཞག་པའང་གོ་ཐོས་སུ་བྱུང། མ་གཞི་ནས་མར་འགྱུར་ནམ་མཁའ་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཟེར་མཁན་དེ་ཚོས་ཁ་སྐྱག་ལང་དུ་ཤོར་ནས་དེ་ལྟར་བརྗོད་པ་ལས་སེམས་གཏིང་ནས་དེ་ལྟར་བསམ་གྱི་མེད། དཔེར་ན། དྲ་འབུ་འདི་རིགས་བཞིན་ནོ།
སྤོབས་པ། རྒྱལ་ཞེན་ཟེར་བ་འདི་གལ་ཆེན་ཡིན་གསུངས་པར་ཁྱོད་བདེན། ང་རང་གཉིས་གནས་དོན་འདིའི་ཐོག་ཏུ་བསམ་ཚུལ་གཅིག་མཐུན་ཡོད། བོད་མི་རིགས་ཀྱི་རྒྱལ་ཁ་འཐོབ་མིན་རྒྱལ་ཞེན་གྱི་འདུ་ཤེས་ལ་རག་ལུས་བསྡད་ཡོད་པར་དངོས་བདེན་རེད།
བརྩེ་བ་ལྷད་མེད་ཅན་གྱི་སྐྱེས་མཆོག་གཅིག་ཡོད་པ་དེ་ནི་དྲིན་ཅན་ཨ་མ་རེད་འདུག ཨ་མའི་ཕྲུ་གུ་ལ་སྤྲད་པའི་བརྩེ་བ་དེ་ནི་འཛམ་གླིང་ཐོག་ཏུ་རིན་ཐང་བྲལ་བའི་དངོས་པོ་ཞིག་ཡིན་པར་དངོས་ཡོད་རེད། དེ་ལ་ཤར་ཕྱོགས་པའི་ཨ་མ་དང་ནུབ་ཕྱོགས་པའི་ཨ་མའི་ཁྱད་པ་ཡང་མེད།
ཁྱོད་ཀྱིས་མ་བརྟག་མ་དཔྱད་པའི་ཐོག་ནས་ནུབ་ཕྱོགས་སུ་ཁྱིམ་ཚང་གི་སྒྲོལ་གཞི་འཐོར་བ་དང་། ཕ་མ་དང་ཕྲུ་གུ་འབྲེལ་བ་ཆད་པའི་རྟགས་མཚོན་ཞིག་རེད་ཅེས་པའི་སྐད་ཆ་འདི་དག་དོན་ལ་གནས་པའི་སྐད་ཆ་ཞིག་ཅང་མ་རེད། ཕ་མས་ཕྲུ་གུ་གསོ་སྐྱོང་བྱེད་སྟངས་དང་འགན་ཁུར་སྟངས་ཀྱི་ཐོག་ནས་བཤད་ན་ནུབ་ཕྱོགས་པའི་ཕ་མ་ཚོ་ཡག་ག་འདུག
འཚོ་བའི་སྲུང་སྐྱོབ་མེད་པའི་ཤར་ཕྱོགས་བོད་ལྟ་བུ་ལ་མཚོན་ན་ཕ་མས་ཕྲུ་གུ་གསོ་སྐྱོང་བྱེད་སྟངས་ཧང་ཅང་ཐབས་སྡུག་རེད། ལོ་ལྔ་དྲུག་ཙམ་ནས་ཕྲུ་གུ་ལ་ལས་ཀ་བྱེད་བཅུག་གི་རེད། རྫིའུ་བཏང་གི་རེད། ལས་ཀ་ཆ་ཆ་ཆུང་ཆུང་མང་པོ་བཀལ་གི་རེད། ནུབ་ཕྱོགས་སུ་ཕྲུ་གུ་ལ་ལས་ཀ་བཀལ་ན་ཁྲིམས་འགལ་རེད།
དེའི་ཐོག་ཏུ་མགོ་བླ་དཔོན་ཚོ་གཙོ་བོ་གྱུར་པའི་ཆེ་ཆེ་དྲག་དྲག་ཚང་མས་ཕ་མའི་དྲིན་ལན་འཇལ་དགོས་རེད་ཅེས་ཁ་ནས་མ་ཎི་འདོན་འདོན་བྱས་ཀྱི་རེད། ཕྲུ་གུ་ཆུང་དུས་ཕ་མས་གསོས། ཕ་མ་རྒད་དུས་ཕྲུ་གུ་ཡིས་གསོ་དགོས་པའི་གནས་སྟངས་འདི་ནི་ཚོང་འབྲེལ་ཞིག་རེད།
བོད་པའི་སྤྱི་ཚོགས་ནང་དུ་ཕྲུ་གུ་མ་སྐྱེས་ན་སེམས་འཁྲུལ་བྱས་ཀྱི་རེད། བཟའ་ཚང་གཉིས་ཀྱིས་ང་གཉིས་ལ་ཕྲུ་གུ་སྐྱེས་ཀྱི་མི་འདུག རྒད་མགོ་ཆགས་དུས་གཡོག་མཁན་མེད་ཟེར་ནས་སྡུག་སྐད་ཤོར་བསྡད་ཀྱི་ཡོད་པ་མཐོང་མྱངས་ཡོད། སྐད་ཆ་བཤད་སྟངས་དེ་དག་ལ་བལྟས་ན་ཚོང་ལས་རེད་འདུག ཕྲུ་གུ་བཟོ་དུས་རྒད་གསོའི་ཆེད་དུ་བཟོ་བཞིན་འདུག
ནུབ་ཕྱོགས་པའི་སྤྱི་ཚོག་ནང་དུ་དེ་འདྲ་མ་རེད། སོ་སོས་དཀའ་ལས་བརྒྱབ་ནས་རྒད་གསོ་བསགས་ཐུབ། ཕྲུ་གུ་ལ་རེ་བ་རྒྱབ་མི་དགོས། ནུས་ཕྱོགས་པའི་ཕོ་མོ་རྣམས་ཀྱིས་ཕྲུ་གུ་བཟོས་པ་དེ་དྲིན་ལན་འཇལ་མཁན་བཟོས་པ་མིན། རྒད་མགོ་ཆགས་དུས་གསོ་སྐྱོང་བྱེད་མཁན་ཀྱང་བཟོས་པ་མིན། ཕྲུ་གུ་ལ་དགའ་ནས་བཟོས་པ་ཡིན། ཚོང་འབྲེལ་གྱི་ཐོག་ནས་བཟོས་པ་ཞིག་མིན།
ང་ལ་ཆགས་བཞག་ན་ཕྲུ་གུ་ཡོད། ངས་རང་གི་ཕྲུ་གུ་ལ་ཕ་མའི་དྲིན་ལན་འཇལ་དགོས་རེད་ཅེས་བཤད་མྱངས་ཁོ་རང་མེད་པར་དཀོན་མཆོག་གསུམ་པོ་དཔུང་དུ་བཙུགས། གནས་དོན་དེ་བསམ་བློ་འཁོར་འོས་དུས་ནས་ངོ་ཚ་འོང་གི་འདུག སོ་སོའི་ཕྲུ་གུ་ལ་སོ་སོ་དྲིན་ཆེན་རབས་དང་། དྲིན་ལན་འཇལ་དགོས་རབས་ཀྱི་ཚོང་འབྲེལ་བཤད་ཕོད་ཐབས་རྩ་བ་ནས་མི་འདུག
ནུབ་ཕྱོགས་སུ་ལམ་ལུགས་སྲོལ་བཟང་པོ་མང་པོ་འདུག བོད་མི་རིགས་ཀྱི་ལེན་རིན་ཆོག་པའི་སྲོལ་བཟང་མང་པོ་འདུག ཨ་མའི་དུས་ཆེན་བཏང་སྲོལ་འདི་ཡང་སྲོལ་བཟང་ཞིག་རེད་བསམས་ཀྱི་འདུག ཨ་མའི་ལྷད་མེད་ཀྱི་བརྩེ་བ་དེ་ནི་རིན་ཐང་བྲལ་བའི་དངོས་པོ་ཞིག་ཡིན་པས་དུས་ཆེན་བཏང་སྲོལ་འདི་སྲོལ་བཟང་ཞིག་ལ་ངོས་འཛིན་བྱེད་ཆོག་གི་འདུག་བསམས་པར་ཡིན་་་་ལགས། བསམ་ཚུལ་ཙམ་བཤད་པ་ལས་ཁ་གཏད་བཅག་པ་རྩ་བ་ནས་མིན་ནོ་་་་་་ཧཧ
དྲིན་ལན་འཇལ་དགོས་ཅེས་པའི་ལུགས་སྲོལ་འདི་བོད་བཙན་པོའི་སྐབས་ནས་དར་བའི་རིག་གནས་རྙིང་པ་ཞིག་རེད། ཕྲུ་གུས་ཕ་མ་ལ་དྲིན་ལན་དང་སློབ་མས་བླ་མ་ལ་དྲིན་ལན། དགེ་ཕྲུག་གིས་རྒན་དགེ་ལ་དྲིན་ལན་འཇལ་ཟེར་བའི་ཚོང་འབྲེལ་འདིའི་འོག་ནས་མི་ལོ་སྟོང་ཕྲག་གི་རིང་དུ་མི་ཚེ་བསྐྱལ་ཚར་བ་རེད།
ཡར་རྒྱས་ཡོད་པའི་རྒྱལ་ཁབ་ཁག་གི་ནང་དུ་ཚོང་འབྲེལ་འདི་ལ་བརྟེན་མི་དགོས་པ་ཆགས་ཟིན་པ་རེད། ཡར་རྒྱས་མེད་པའི་རྒྱལ་ཁབ་ཁག་གི་ནང་དུ་ཚོང་འབྲེལ་འདི་ལ་བརྟེན་ནས་འཚོ་བ་མི་སྐྱེལ་དཀའ་མེད་རེད། རྒད་གསོ་དང་སྨན་རིན། ལས་མེད་གླ་ཕོག་དང་སྐྱོབ་གསོ་སོགས་སྲིད་གཞུང་གིས་སྤྲད་ཐུབ་ཀྱི་མེད་དུས་ཕ་མ་དང་ཕྲུ་གུའི་བར་གྱི་ཚོང་འབྲེལ་ལ་མི་བརྟེན་ཐབས་མེད།
ནུས་ཕྱོགས་སུ་རྒ་ན་རྒད་གསོ་ཡོད། ན་ན་ནད་གཡོག་ཡོད། ཤི་ན་རོ་ཁུར་ཡོད། འཚོ་བའི་སྲུང་སྐྱོབ་ཕན་སམ་ཚོགས་པ་ཡོད་པས་ཕ་མས་ཕྲུ་གུ་ལ་རེ་མི་དགོས། བླ་མས་སློབ་མ་ལ་རེ་མི་དགོས་པའི་སྟངས་གནས་འདིའི་འོག་ནས་མ་བརྟག་མ་དཔྱད་ནས་བལྟ་སྐབས་ཕྲུ་གུས་ཕ་མ་ལ་མི་བརྩེ་བ་ལྟ་བུ་དང་། སློབ་མས་དགེ་རྒན་ལ་མི་བརྩེ་བ་ལྟ་བུ་མཐོང་སྣང་ཡོང་སྲིད་ཀྱང་དོན་དངོས་པོའི་ཐོག་ཏུ་དེ་འདྲ་མིན།
ཟླ་བ་དཀར་བ་ཟླ་སྟོད། །
ཕ་མ་ཡོད་པ་ཚེ་སྟོད། །
བཀའ་དྲིན་གནང་པ་ཚེ་སྟོད། །
དྲིན་ལན་འཇལ་བ་ཚེ་སྨད། །
སྤོབས་པ་མཐའ་ཡས་ཀྱི་གསུངས་པ་ལ་མངོན་པར་བསྟོད་དོ། ངོ་མ་རེད། དགོས་སར་ཆད། མི་དགོས་སར་ལྷག་ཟེར་བ་དེ་རེད།་དེ་སང་བརྡ་འཕྲིན་གྱི་དུས་འདིར་མི་རིགས་ལ་མཁོ་བའི་ནུབ་ཕྱོགས་ཀྱི་ལེགས་ཆ་བླང་ཐུབ་པ་དང་དགོས་པ། ཁྱབ་སྤེལ་བཏང་ཐུབ་པ་བགྲངས་ཀྱི་མི་ལངས་བ་ཡོད་ཀྱང་མི་དགོས་པའི་ནུབ་ཕྱོགས་སུ་རུལ་དྲི་ཁ་ཚར་བའི་སྲོལ་ངན་དང་བྱ་ངན་རྐྱང་པ་དྲྭ་ཐོག་ཏུ་བཞག་ནས་གང་ཞིག་ལ་རྒྱུས་མངའ་ཡོད་མདོག་དང་དེང་རབས་ཡིན་མདོག་བྱེད་མཁན་འདི་དག་ནི་མི་རིགས་ཀྱི་བླ་སྲོག་གཅོད་པའི་ནང་རུལ་བ་དགྲ་ནག་གི་གཏེ་པོ་ཟེར་བ་དེ་ལས་ལྷག་ཞིག་གང་ན་ཡོད།
ཨ་མའི་དུས་ཆེན་འདི་ཕྱི་ཕྱོགས་ནས་དར་བ་ཞིག་རེད་མོད།
འོན་ཀྱང་ཨ་མའི་དུས་ཆེན་སྲུང་བརྩི་ཞུ་ནས།
ཉུང་མཐར་ཡང་ཉིན་གཅིག་རིང་ཨ་མར་དགའ་བ་བསྐྱེད་པ་དང་།
ནང་མི་ལྷན་འཛོམས་འབྱུང་བའི་གོ་སྐབས་འདུག་བསམ།
དེང་སང་མི་རྣམས་སྔོན་ཆད་དང་འདྲ་བོ་མིན་འདུག
ནམ་རྒྱུན་འཚོ་བའི་ཕྱིར་དུ་བྲེལ་བ་ཆེ་ཞིང་།
ཁྱིམ་དུ་སོས་དལ་བོ་ངང་སྡོད་པའི་དུས་ཚོད་ཀྱང་ཉུང་བས།
ཨ་མའི་ཉིནམོ་འདི་ལ་རང་གི་ཨ་མར་ལག་རྟགས་སམ།
ཁ་ལག་རེ་འབུལ་ཐུབ་ན་དགེ་བ་ཆེན་པོ་ཡོད་བསམ་མོ།།