དགེ་བཤེས་བསྟན་འཛིན་དབང་རྒྱལ་རིན་པོ་ཆེ། (ཨ་སྦ་སྦ།)
——(བལ་པོ་ཡུལ་དུ་ས་ཡོམ་བསྐྱར་ཐེངས་མང་པོ་བྱུང་བའི་སེམས་འཚབ་མཚོན་ཆེད།)
རང་ཉིད་པ་རག་ཅེག་གི་རྒྱལ་ས་རུ།།
ཉིན་ཤས་ལུས་སེམས་ངལ་གསོའི་གནས་སྐབས་སུ།།
ཐོལ་གྱིས་གནས་ཆེན་ས་ཡོམ་བྱུང་བ་དྲན།།
སྡུག་གི་རླུང་རྒོད་ནག་པོ་སླར་ཡང་གཡོས།།
མུན་པའི་སྤྲིན་དཀྲུག་མིག་ནི་ཆུ་ཡིས་གང་།།
ལན་གཅིག་སེམས་ཀྱི་སྤྲིན་དངས་ནམ་མཁའི་ཀློང་།།
བྱམས་བརྩེའི་ཉི་མའི་འོད་ཀྱི་སྨྱུག་ལམ་ནས།།
གདུང་སེམས་སྙིང་གི་མེ་ཏོག་འཕྲེང་བ་འདི།།
ཤི་གསོན་ཕོ་མོ་དྲན་པའི་རྟེན་དུ་ཕུལ།།
བདུན་ཕྲག་འགའ་ཤས་འདས་པའི་དུས་འདི་ན།།
རྨི་ལམ་ངན་པ་རྨིས་ནས་གཉིད་སད་བཞིན།།
མི་བདེ་མི་སྐྱིད་བརླགས་པའི་ཚོར་སྣང་ངང་།།
འོན་ཀྱང་འདི་ནི་རྨི་ལམ་མིན་པས་སྐྱོ།།
སྐབས་སྐབས་འུར་སྒྲ་ལྡིར་སྒྲ་གོ་སྣང་དང་།།
སླར་ཡང་ས་ཡོམ་ཡོང་བའི་འཇིགས་སྣང་དང་།།
ཉིན་ལ་འཚུབ་ཅིང་མཚན་ལ་འཇིགས་པའི་གཉིད།།
ས་ཡོམ་རེ་རེར་ཕྱིར་བྲོས་ནང་ལོག་ངང་།།
མི་ཚེ་ངེས་མེད་སྐད་ཅིག་རང་བཞིན་ཚོར།།
རྐྱེན་ངན་འདི་ཡིས་དགེ་བའི་སྣ་དྲངས་ཏེ།།
སྣང་བའི་སློབ་དཔོན་ཆེན་མོའི་བྱིན་རླབས་དང་།།
རང་གི་ཡིན་ལུགས་བདེན་པའི་སྟོབས་ཆེན་གྱིས།།
གསོན་ལུས་ཕོ་མོའི་སེམས་རྒྱུད་སྨིན་ཞིང་གྲོལ།།
ཡུགས་ས་ཕོ་མོ་རོགས་མེད་ལུས་པ་རྣམས།།
གཅིག་པོ་ཟ་འཐུང་ཚེ་རོགས་བྲལ་ན་ཡང་།།
སྡུག་ངོ་ཤེས་ནས་རང་སྟོབས་རང་གྲོགས་རྙེད།།
ཚེ་འདིའི་ཐོབ་སྐལ་མ་ཡི་འོ་མ་གཉིས།།
ཉེས་མེད་བྱིས་པའི་ལག་ནས་ཤོར་བ་འདི།།
འཛམ་གླིང་འདི་ཡི་ངོ་སྤྲོད་སྡུག་ན་ཡང་།།
དུས་ལ་བབས་པའི་སློབ་དཔོན་ཡིན་ཡང་སྲིད།།
ནང་མི་ཕལ་ཆེར་འདས་པའི་རྒས་པོ་ཡིས།།
གསོན་དུས་བྱམས་དང་བཟང་པོ་མ་གནང་དྲན།།།
འགྱོད་དྲག་སྡུག་གི་འཁོར་ལོ་སྐོར་བའི་རྗེས།།
བརྩེ་གདུང་སྙིང་གི་ཉམས་ལེན་གསར་དུ་རྙེད།།
འདས་པའི་རང་གཤིས་བརྩོན་ནས་མ་གྲོལ་བའི།།
རང་ཁེ་ཁོ་ནར་འདོད་པའི་ཚོང་དཔོན་ཡང་།།
ད་ནི་གཞན་ཕན་བདེ་སྐྱིད་རྩ་བར་མཐོང་།།
ཁྲག་དང་རྔུལ་གྱིས་རྒྱུ་ནོར་བསགས་པ་ལས།།
དགའ་དང་དགོད་ཀྱིས་དོན་སྒྲུབ་མི་ནུས་པའི།།
སྡུག་གིས་བཅིངས་པའི་སྐྱེས་བུ་དབང་མེད་དེ།།
ད་ནི་ངལ་གསོའི་བདེ་སྐྱིད་མྱོང་ནས་འཛུམ།།
རྒྱུན་དུ་དགོན་སྡེའི་འབྲེལ་བ་ཉུང་ན་ཡང་།།
ད་ནི་ནང་མི་གཅིག་གི་མི་བཞིན་འཆམ།།
གྲྭ་ཕྲུག་ཞིག་གིས་རྒྱུས་མེད་རྨོ་མོ་ལ།།
ཁ་ནང་ཟ་མ་སྦྱིན་པ་ཡིད་དུ་འོང་།།
རྒྱུན་དུ་ཁྲི་ཐོག་སྙིང་རྗེ་སྒོམ་མཁན་རྣམས།།
ད་ནི་དོན་ཐོག་སྙིང་རྗེས་འཕྲིན་ལས་མཛད།།
ལྷ་རྒོད་གནས་ལ་འདྲེ་རྒོད་ཞེས་པ་ལྟར།།
ས་ཡོམ་གོད་ཆག་ཆེན་པོའི་དུས་འདི་ན།།
སྙིང་མེད་མུན་པའི་མི་རྣམས་ནམ་ལངས་ཏེ།།
མ་རིག་མུན་པའི་མིག་རྣམས་གནས་སྐབས་ཅེར།།
གོ་སྐབས་སྐར་ཁུང་ཕྲ་མོ་མཐོང་ནས་ནི།།
རྐུ་འཕྲོག་བྱ་བ་ནག་པོའི་ལས་ངན་བསགས།།
སྙིང་ཁུངས་རུས་པའི་གཏིང་ནས་བདག་ཡིད་སྐྱོ།།
ལྷག་བསམ་ནོར་བུས་སྦྱིན་པའི་ནོར་ཟས་རྣམས།།
གཞུང་གི་དཔོན་ངན་ཝ་མོ་ལྟོགས་པ་ཚོས།།
འཛེམ་ཟོན་ངོ་ཚ་མེད་པར་སུ་ཐོབ་བརྒྱབས།།
སྡུག་གི་མུན་པ་འཐིབས་པའི་བར་གསེབ་ན།།
ནུས་མེད་ཙི་ཙི་ཟང་ཟིང་ངང་ནས་འཇབ།།
དབང་གི་བཀྲེས་པའི་ཡི་དྭགས་གཞུང་ཞབས་པས།།
བསམ་པ་བཟང་ཡང་ངན་ལངས་ཤོར་ནས་འཁྱེར།།
འགྲོ་བ་ཀུན་གྱི་མ་དག་ལས་རྫོགས་ནས།།
ཡང་དག་བྱམས་པའི་སྒྲོན་མེ་རབ་འབར་ཤོག།
སྙིང་རྗེའི་འོད་ཀྱིས་མ་རིག་མུན་སེལ་ནས།།
བདེ་སྐྱིད་སེམས་ཀྱི་ཉི་མ་འཆར་བར་ཤོག།
༼ཁྲི་གཡུང་དྲུང་གིས་འོས་སྦྱོར་ཞུས།༽
ས་ཡོམ་གྱིས།
འཆི་ཚད་དལ་འབྱོར་ཐོབ་པར་ཤོག །
རྨས་ཚད་སྡིག་སྒྲིབ་དག་པར་ཤོག །
བྲལ་ཚད་བཤེས་གཉེན་འཕྲད་པར་ཤོག །
གྲོགས་ཚད་མི་ལུས་དོན་ལྡན་ཤོག །
གསོན་ལུས་ལ།
ཟས་གོས་གནས་མལ་ཐོབ་པར། །
སྦྱིན་བདག་རོགས་རམ་ཐོབ་པར་ཤོག །
ལས་བྱེད་རུལ་སུངས་མེད་པར་ཤོག །
འབྱུང་བཞི་གནོད་པ་ཞི་བར་ཤོག །
བལ་ཡུལ་ནད་མུག་ཆད་པར་་ཤོག །
བལ་ཡུལ་ཡར་རྒྱས་གསར་གཏོད་ཤོག །
བལ་ཡུལ་ཆོས་ལྡན་ཞིང་གྱུར་ཤོག །
བལ་ཡུལ་འབྱུང་བ་སྙོམས་གནས་ཤོག །
བལ་ཡུལ།
བལ་ཡུལ་རྒྱ་ནག་གྲོགས་མཛད་ཤོག །
བལ་པོ་བོད་མིར་མཐུན་སྒྲིལ་ཤོག །
བལ་ཡུལ་རྒྱ་གར་གྱིས་སྲུངས་ཤོག །
བལ་ཡུལ་ས་ཡོམ་རྒྱུན་ཆད་ཤོག །
འབྱུང་བ་ས་ཆུ་མེ་རླུང་མ་འཁྲུགས་ཤོག་།
འབྱུང་བའི་གནོད་འཚེ་གླིང་འདིར་མ་ཡོང་ཤོག་།
འབྱུང་བའི་མཐུན་གྱུར་་སྲོག་ཆགས་བདེ་བ་ཤོག་།
འབྱུང་བཞིའི་ལྷ་མོ་བཞི་ཡིི་སྲུང་བ་ཤོག་།
ས་གཡོས་གནོད་འཚེ་རླུང་ཁ་་མ་ཤོར་ཤོག་།
ས་གཡོས་གནོད་འཚའི་སྲོག་ཆགས་མ་ཤི་ཤོག་།།
ས་གཡོས་གནོད་འཚེའི་ཁང་ཁྱིམ་མ་ཤིགས་ཤོག་།
ས་གཡོས་གནོད་འཚེའི་ཡུལ་ལུང་མ་འཕྲོག་ཤོག་།
ེ
ཕྱི་རྒྱལ་ན་སློབ་པུ་མང་བོ་ཡོད་པའི་དགེ་བཤེས་ཤིག་ཡིན་ན་སྨོན་ལམ་གཅིག་པུར་མ་བརྩོན་པར་ཉིད་ཀྱི་ཕྱག་ཟུང་གི་སྒོ་མོ་ཡངས་པོར་ཕྱེ་ནས་སྦྱིན་པ་ཆར་བཞིན་གཏོང་བར་མཛོད། དངོས་གནས་ཡིན། སྨོན་ལམ་གཅིག་གིས་གང་ཡང་ཕན་གྱི་མ་རེད། ཐུགས་རྗེ་ཆེ་ལགས། །