རྔ་བཟའ་བདེ་པོ་འཚོ།
ཁ་གཤིས་རྩུབ་མོ་ཚེར་མའི་ཡལ་འདབ་ཀྱི་རང་བཞིན།།
བསམ་པ་དཀར་པོ་གངས་དཀར་ཏི་སི་ཡི་ངང་མདངས།།
དྲིན་ཆེན་ཨ་མའི་ཞལ་རས་ཡིད་ལ་རེ་འཆར་དུས།།
དྲན་པའི་མིག་ཟུང་མཆི་མས་བརླན་པ་དེ་མི་ཉུང་།།
མི་ཚེ་སྒོ་ཁྱིམ་བར་ནས་བསྐྱལ་བསྐྱལ་གྱི་ཡབ་ཆེན།།
བསམ་གཞིགས་མུ་མེད་རྒྱ་མཚོའི་མཁའ་དབྱིངས་དང་འགྲན་པ།།
རྒྱལ་ཁམས་འགྲིམས་པའི་བློ་དོག་བདག་གིས་ཤིག་མཐོང་ཚེ།།
ཁ་སྐྱེངས་ལྕེ་རིལ་དམར་པོ་དབང་མེད་དུ་དཔྱངས་ཤོར།།
མངར་སྐྱུར་འདྲེས་མའི་ས་མཐའི་འཚོ་བ་དེ་སྨྲེང་ལ།།
རང་དབང་དགའ་བདེའི་དཔལ་ལ་རོལ་བ་དེ་སྐྱིད་པས།
རེས་སྐྱིད་རེས་སྡུག་མི་རྟག་འཇིག་རྟེན་གྱི་ཆོས་ཉིད།།
གཞན་གྱིས་མ་བཀོད་ལས་ཀྱི་གོ་རིམ་ཞིག་ལོས་ཡིན།།
ཕྱི་རུལ་རྡུལ་གྱིས་གཡོགས་པའི་དེབ ཆུང་འདི་རྙིང་ཡང་།།
ནང་གི་གྲུབ་ཆ་ཤེས་བྱ་གསར་མ་ཡིས་ཁེངས་ཤིང་།།
བློ་གསར་ང་ཡི་སེམས་ཀྱི་ཨ་ལོང་དེར་ཐོགས་པས།།
དྭངས་གསལ་ཡིད་ཀྱི་ངོས་ནས་ཡལ་ཐབས་རང་མི་འདུག།
ཕར་བཀུར་རྩ་བའི་བླ་མར་གུས་གུས་ཤིག་བགྱིས་ཀྱང་།།
ཚུར་བརྙས་སྒོ་ཁའི་ཁྱི་ལྡོམ་བདའ་བདའ་ཡང་བྱེད་པའི།།
ཁྲེལ་མེད་གདོང་པགས་མཐུག་པའི་མི་སྡེ་ཡི་ཚོགས་ལ།།
སླར་ཡང་མི་འཕྲད་སྨོན་ལམ་ལན་གསུམ་རེ་རྒྱག་འདོད།།
༢༠༡༥/༥/༡༥
སེམས་པ་མ་སྡུག་བསམ་བློ་ཡག་པོ་རེ་གཏོང་རོགས།
རྒྱལ་ཁབ་ཤོར་ནས་ས་མཐའི་ཡུལ་ལུང་དུ་ལྷགས་ཀྱང་།
ང་ཡིན་ང་ཆེ་བསམ་པའི་ཚོར་ཤུགས་དེ་ལྷག་ཅིང་།
བོད་མི་རང་མི་ཡིན་པའི་བསམ་ཤེས་དེ་དོར་འདུག
ཁ་ཕོ་མ་ཆེ་ཨ་མདོ་རྔ་བཟའ་མ།།
ཁ་ཁོག་མཐུན་པའི་ཚིག་ཡིན་སུ་ཡིས་ཤེས།།
ཁ་ཐག་རིང་བོའི་ཡུལ་ལ་ཞེ་ཐོག་ནས།།
ཁ་ཆུ་སྣ་ཆུ་བཞུར་ཡང་དོན་ཆུང་རེད།།
ཕ་དང་མ་ཡི་བཀའ་དྲིན་དྲན་པའི་ཚེ།།
ཕ་མའི་བསླབ་བྱ་ཡིད་ནས་བརྗེད་མོ་རུང་།།
ཕ་གི་ཚོ་ལ་རིག་རིག་སེམས་མ་ཤོར།།
ཕ་ནོར་ངོ་མ་རིག་པའི་གནས་ལ་སྦྱོངས།།
ས་ཐག་རིང་ཡང་དེ་ཙམ་ཁྱད་པར་མེད།།
ས་མཐའི་དཀའ་སྡུག་མང་བོས་མྱོང་གིན་ཡོད།།
ས་ཆུ་འཕྲོད་ནས་ལུས་ལ་མི་གནོད་ན།།
ས་མཐར་ཡོང་བའི་དོན་སྒོ་ཅི་ཡིན་སོམས།།
གཞན་གྱིས་ཅི་བྱེད་ཁྱེད་ལ་འབྲེལ་བ་མེད།།
གཞན་གྱིས་ཅི་ཟ་ཁྱེད་ལ་ཇུས་གཏོགས་མེད།།
གཞན་གྱི་སྦྱངས་འབྲས་མཐོ་དམན་ལྟ་བ་ལས།།
གཞན་དང་མཉམ་དུ་ཤབ་ཤུབ་ཉུང་དུ་མཛོད།།
ཧཧ་་ཀུ་རེ་ཡིན།་་རྩོམ་ཡག་པོ་བྲིས་འདུག
མི
མུ་མཐུད་ནས་སྙིང་སྟོབས་ཆེར་བསྐྱེད་ཀྱིས་ཤུགས་རྒྱོབ། རྩོམ་རྩལ་སྔར་ལས་ཡག་ཏུ་འགྲོ་བཞིན་འདུག
ཕར་ལ་གུས་གུས་བྱས་ཀྱང་ཚུར་ལ་བརྙས་བྱེད་ན།
ཡ་ཡུད་ཡ་མེད་གཏོང་དང་རྔ་བཟའ་གཞོན་ནུ་མ།
འོན་ཀྱང་ལེགས་པའི་བཞིན་མེད་ཀུན་དགའ་མེད་གྱུར་ན།
མི་རྒན་ཁྱི་རྒན་རྟ་རྒན་གསུམ་པོ་འགྲོ་ས་མེད།