བོད ལྷ་ཀླུ་གཉན་གསུམ།
མཚན་མོ་རེ་རེ
ངོ་གདོང་གཞན་ཞིག་གི་འོག་དུ་སྐོང་ནས
དུས་གསུམ་ལ་ངོ་ལོག་བྱེད་དུས་སུ
བརྩིགས་ངོས་ཀྱི་སྐུ་དཔར་དེ་ཡིས་ཁ་གྲགས་ན
ང་ནི་བཅོས་མའི་བུ་ལོ་ཞིག་ཡིན་པ་གསལ་བོ་ཤེས་སྲིད
དུར་ས་ལྟ་བུའི་གཤིས་ལུགས་ཤིག་གིས
ཤ་དང་འབག་པ་ཁ་ཁར་ཕྱེ་ནས
མི་ལུས་ཤིག་གི་ཕྱི་ནང་གཉིས་སུ
སྤས་སྐོང་བྱས་པའི་གསང་བ་ནག་པོ་ཞིག་ལ
རང་ལས་ལྷག་པའི་འགྲེལ་བཤད་མང་ཡང་
དེ་ནི་མི་ངོམ་པའི་དབྱིངས་ན་གཟིགས་མཁན་ཞིག་ཡོད་སྲིད
ཟུངས་ཁྲག་གི་དངས་མའི་ཁུ་བ་དཀར་པོ
མི་ལུས་བསྐྲུན་བྱེད་ཀྱི་བདུད་བརྩི་ཡིན་པ་བདེན་དུ་མཆིས་ན
གཅིན་ཁུང་ཆུང་ཆུང་དེ་ནས་ག་ལེར་འཕྱོ་བའི་དཀར་ཐིགས་རེ་རེ་ནི
གཞལ་དུ་མེད་པའི་རིན་ཐང་ཞིག་ཡིན་ཤས་ཆེ་ཡང་
དེ་ཉིད་གཙུག་འཛིན་བྱེད་མཁན་གྱི་མི་བུ་ང་ནི
དུག་རྫས་གཞན་ཞིག་གི་བསླུ་བྲིས་འོག་འཚོ་དུས
སྐྱེ་བ་གཞན་ཞིག་གི་ལན་ཆགས་ཤིག་ཡིན་སྲིད