སྤོབས་པ་མཐའ་ཡས།
ད་ལོའི་ས་ག་ཟླ་བའི་དུས་ཆེན་གྱི་གཞུང་འབྲེལ་མཛད་སྒོའི་སྟེང་དུ། རྒྱ་གར་གྱི་སྲིད་བློན་ན་རེན་ཌ་མུ་དྷི་ཡིས་གསུངས་དོན། “དུས་རབས་ཉེར་གཅིག་པ་ནི་ཨེ་ཤེ་ཡའི་དུས་རབས་ཡིན། འོན་ཀྱང་། སྟོན་པ་སངས་རྒྱས་ཀྱི་ཆོས་ལ་མ་བརྟེན་པར་དེ་མངོན་འགྱུར་བྱ་མི་ནུས།” ཞེས་གསུངས།
དུས་རབས་བཅོ་བརྒྱད་པ་ཡན་ཆོད་དུ་འཛམ་བུ་གླིང་གི་སྣེ་ཁྲིད་མཁན་ཨེ་ཤེ་ཡ་ཡིན་ན་ཡང་། དེ་ནས་ཉམས་རྒུད་དུ་ཕྱིན་པ་རེད། དེ་ཡང་། ཨེ་ཤེ་ཡའི་དཔལ་ཡོན་གྱི་འབྱུང་ཁུངས་ཆེ་ཤོས་ཀྱི་ཡུལ་ལུང་གཉིས་ཡོད་པ་དེ་ནི་རྒྱ་གར་དང་རྒྱ་ནག་གཉིས་རེད། རྒྱ་ནག་ལ་སོག་པོ་དང་མུན་ཇུའི་བཙན་འཛུལ་ལ་བརྟེན་ནས་རིག་གནས་དང་ལག་རྩལ་མདུན་སྐྱོད་ལ་གནོད་སྐྱོན་ཐེབས་པ་དང་། རྒྱ་གར་ལ་ནུབ་བྱང་གི་ཏུ་རུ་ཁ་པས་བཙན་འཛུལ་བྱས་ནས་མི་ལོ་བརྒྱད་བརྒྱ་ཙམ་གྱི་རིང་ལ་གནོད་སྐྱོན་རྒྱུན་མ་ཆད་དུ་བྱས་པས་དཔལ་ཡོན་མདུན་སྐྱོད་ལ་བར་ཆད་བྱས་ཡོད། དེ་ནས་རང་རེ་ཨེ་ཤེ་ཡའི་སྤྱི་ཚོགས་ཕལ་ཆེ་བ་བཙན་རྒྱལ་རིང་ལུགས་པའི་མི་སེར་སྤེལ་ཡུལ་དུ་གྱུར་པ་དང་དེའི་ཤུགས་རྐྱེན་གྱིས་རྗེས་ལུས་ཚབ་ཆེན་ཐེབས།
འཛམ་གླིང་འཁྲུགས་ཆེན་གཉིས་པ་མཇུག་དྲིལ་ནས་རྒྱ་གར་ལ་རང་བཙན་ཐོབ་པ་དང་། རྒྱ་ནག་ཀྱང་བཙན་རྒྱལ་རིང་ལུགས་པའི་ཤུགས་རྐྱེན་ལས་གྲོལ། ཝི་ཏི་ནམ་དང་། ཁེམ་བྷོ་ཌི་ཡ། ལའོ་སི་གསུམ་པོ་ཡང་ཧྥ་རན་སིས་དབང་བསྒྱུར་ལས་གྲོལ། དབུས་ཨེ་ཤེ་ཡའི་སྤྱི་མཐུན་རྒྱལ་ཁབ་ཡོངས་ཁྱབ་ཏུ་སི་ཐན་ལྔར་གྲགས་པ་སོགས་ཀྱང་ཨུ་རུ་སུ་དམར་པོའི་དབང་འོག་ལས་གྲོལ་བས་སླར་ཡང་ཨེ་ཤེ་ཡའི་བསྐྱར་གསོའི་གོམ་སྟབས་ཐོག་མར་བསྒྱུར་ཐུབ་པ་བྱུང་ཡོད། རྒྱ་ནག་གི་མངའ་སྡེ་མ་ཁའོ་འམ་ཨོ་མིན་ཞེས་འབོད་པ་དེ་ཕོར་ཅི་རྒལ་གྱི་ལག་ནས་ཕྱིར་ཐོབ་པ་དེ་ནི་རང་རེ་ཨེ་ཤེ་ཡའི་ཡུལ་ལུང་ཚང་མར་ནུབ་ཕྱོགས་བཙན་རྒྱལ་རིང་ལུགས་པའི་མི་སེར་སྤེལ་ཡུལ་གྱི་མཇུག་དྲིལ་བ་ཡིན་ཚུལ་བསྒྲགས་ཡོད།
ཨེ་ཤེ་ཡའི་དཔལ་ཡོན་ཞེས་ཨེ་ཤེ་ཡ་ཡོངས་ཁྱབ་ཏུ་གླེང་སྐབས་སུ་སྟོན་པ་སངས་རྒྱས་ཀྱི་བཀའ་སློབ་དང་ཁ་འབྲལ་ཐབས་མེད། སྟོན་པ་འདས་ནས་ལོ་ཉིས་བརྒྱ་ཡས་མས་སུ་མོར་ཡན་རྒྱལ་རབས་༼ཕྱི་ལོ་མགོ་ཚུགས་དུས་ནས་ཡར་བརྩིས་པའི་ལོ་༣༢༢ནས་༡༡༨་བར་དུ་སྲིད་དབང་བཟུང་༽ཀྱི་ཆོས་རྒྱལ་མྱ་ངན་མེད་ཀྱི་དུས་སུ་རྒྱ་གར་གྱི་དཔལ་ཡོན་ལ་འཛམ་གླིང་འདིར་འགྲན་ཟླ་མེད་པ་དང་། དུས་རབས་དང་པོའི་ནང་ཙམ་ལ་དབུས་ཨེ་ཤེ་ཡ་ནས་མགོ་ཚུགས་པའི་ཀུ་ས་ནི་རྒྱལ་རབས་༼ཕྱི་ལོ་མགོ་ཚུགས་དུས་ནས་ཡར་བརྩིས་པའི་ལོ་༡༠༠་ནས་ཕྱི་ལོ་༢༠༠བར་ཡས་མས་སུ་སྲིད་དབང་བཟུང་༽ཀྱི་ཆོས་རྒྱལ་ཀ་ནི་ཤི་ཀ་ནི་འཛམ་གླིང་གི་སྟོབས་ཆེན་བཞི་ཞེས་གྲགས་པའི་ནང་དུ་ཚུད། དེ་ཡང་། ཤར་ཕྱོགས་ན་རྒྱའི་ཧན་རྒྱལ་ཁམས་དང་། ནུབ་ཕུར་ཤ་ཡའི་རྒྱལ་ཁམས། ཡོ་རུབ་ཀྱི་རོམ། རྒྱ་གར་བཅས་ལ་འགྲན་ཟླ་མེད་པ་ཡིན།
སྐབས་དེར། འཛམ་བུ་གླིང་གི་ལོ་རྒྱུས་ཀྱི་དཀྱོག་མཚམས་ཆེན་པོ་ཞིག་དང་། ཡར་རྒྱས་ཀྱི་གོམ་སྟབས་ཆེན་པོ་ཞིག་སྤོས་པ་དེ་ནི་ངོ་མཚར་འགྲན་ཟླ་མེད་པའི་མིའི་རིགས་ཀྱི་དཔལ་ཡོན་ཆེན་པོ་གཉིས་ཟུང་དུ་འབྲེལ་ཐུབ་ཡོད། དེ་ནི་དབུས་ཨེ་ཤེ་ཡའི་ཟ་འོག་དར་ལམ་བརྒྱུད་ནས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་རྒྱ་གར་ནས་རྒྱ་ནག་ལ་དར་ཐུབ་པ་དེ་རེད། རྒྱ་ནག་དུ་དགེ་འདུན་པའི་སྡེ་ཐོག་མ་རྟ་དཀར་དགོན་པ་བཞེངས་པའི་སྦྱིན་བདག་ཆེན་པོ་རྒྱའི་ཧན་ཤར་མའི་རྒྱལ་པོ་མིང་ཏི་ཡི་དུས་སུ་རྒྱ་ནག་གི་དཔལ་ཡོན་ལ་འགྲན་ཟླ་མེད་ཅིང་། རྒྱ་མི་རིགས་ཀྱི་མིང་ལ་ཡང་རྒྱལ་རབས་ཀྱི་ཆེ་བ་ལས་དྲངས་ཏེ་ཧན་གྱི་མི་རིགས་ཞེས་རྒྱལ་རབས་ཀྱི་མིང་དེ་སྤྱི་ཚོགས་ལ་ཐོགས་པ་ད་ལྟ་བར་འབོད་བཞིན་པ་རེད། དེ་ནས་ཐང་རྒྱལ་རབས་༼༦༡༨ནས་༩༠༧བར་དུ་སྲིད་དབ་བཟུང་༽ཅེས་འཛམ་བུ་གླིང་གི་མིག་དཔེར་ལྟ་སྲོལ་ཡོད་པའི་རྒྱལ་ཁམས་དེ་འཛུགས་བསྐྲུན་བྱེད་པ་ལ་སངས་རྒྱས་ཀྱི་ཆོས་ཀྱིས་ཞབས་འདེགས་བླ་ན་མེད་པ་བསྒྲུབ་ཡོད།
དེ་བཞིན་ཤར་གྱི་ཉི་ཧོང་གི་ཧེན་རྒྱལ་རབས་༼ཕྱི་ལོ་༧༨༤ནས་༡༡༨༥་བར་ལ་སྲིད་དབ་བཟུང་༽དང་། ཤར་ལྷོ་ཨེ་ཤེ་ཡའི་ཤྲི་བི་ཛཡའི་རྒྱལ་རབས་༼ཕྱི་ལོ་༦༠༠ནས་༡༣༥༠བར་དུ་སྲིད་དབང་བཟུང༽དང་། ཕ་གྷན་རྒྱལ་རབས༼༨༤༠༩་ནས་༡༢༨༧་བར་རྒྱལ་ས་བཟུང་བའི་འབར་མའི་རྒྱལ་རབས་ཤིག་ཡིན༽། ཁུན་བྷང་རྒྱལ་རབས༼༡༧༥༢ནས་༡༨༨༦་བར་དུ་སྲིད་དབང་བཟུང་བའི་འབར་མའི་རྒྱལ་རབས༽། ཨང་ཁོར་གྱི་ཁུ་མེར་རྒྱལ་རབས༼༨༨༠༩ནས་༡༤༣༡་བར་དུ་ཁེམ་བྷོ་ཌི་ཡའི་ཁོངས་ཨང་ཁོར་ཝ་ཊི་ལ་རྒྱལ་ས་བྱས་ཤིང་དེ་ནས་དེང་དུས་ཀྱི་རྒྱལ་ས་ཕི་ནམ་ཕེན་དུ་སྤོས༽། ས་ལན་དྷྲིའི་རྒྱལ་རབས༼༧༦༠ནས་༨༦༠་བར་སྲིད་དབང་བཟུང་ནས་ཨི་ཊོ་ནི་ཤི་ཡའི་གླིང་ཕྲན་འཇའ་བ་རུ་བྷ་རོ་བྷ་དྷོར་དུ་གྲགས་པའི་མཆོད་རྟེན་ཆེན་པོ་སོགས་བཞེངས༽། ཨ་ཡུ་ཐི་ཡའི་རྒྱལ་རབས༼༡༣༥༡ནས་༡༧༦༧་བར་དུ་ཐའེ་ཡའི་སྲིད་དབང་བཟུང་༽། ཅམ་པའི་རྒྱལ་རབས༼༥༠༠ནས་༡༤༧༡་བར་དུ་དེང་སང་གི་ཝི་ཏི་ནམ་དང་ཁེམ་བྷོ་ཌི་ཡའི་ས་ཁོངས་སུ་སྲིད་དབང་བཟུང་༽། རྒྱ་གར་དབུས་ཀྱི་པ་ལ་དང་སེ་ནི་རྒྱལ་རབས་སོགས་འཛམ་བུ་གླིང་གི་མིག་དཔེར་འོས་པའི་སྤྱི་ཚོགས་དེ་དག་ཀྱང་སངས་རྒྱས་ཀྱི་ཆོས་ལུགས་ལ་བརྟེན་ནས་དཔལ་ཡོན་དར་འཕེལ་བྱུང་བ་རེད། ཡུལ་ལུང་དེ་ཚོར་སངས་རྒྱས་ཀྱི་བསྟན་པ་ཉམས་པ་དང་དུས་མཉམ་དུ་ཆབ་སྲིད་སྟོབས་ཤུགས་དང་། དཔལ་འབྱོར། ལག་རྩལ། སྤྱི་ཚོགས་ཀྱི་ཡ་རབ་བཟང་སྤྱོད་ཚང་མ་ཉམས་རྒུད་དུ་འགྱུར་འགྲོ་བཞིན་ཡོད།
སྤྱིར་འདས་པའི་སྟོང་ལོ་དང་། ལྷག་པར་ཡང་དུས་རབས་བཅོ་བརྒྱད་པ་ནས་བཟུང་སྟེ་རང་རེ་ཨེ་ཤེ་ཡའི་སྤྱི་ཚོགས་འདི་ཉམས་རྒུད་ཚབ་ཆེན་ཐེབས་ཡོད་ལ་སངས་རྒྱས་ཀྱི་བསྟན་པར་ཡང་ཉམས་ཆག་ཚབ་ཆེར་ཕྱིན་ཡོད།
འོན་ཀྱང་། དུས་རབས་ཉེར་གཅིག་པ་ནས་སླར་ཡང་ཨེ་ཤེ་ཡའི་དཔལ་ཡོན་བཞད་མགོ་ཚུགས་པ་དང་། སངས་རྒྱས་ཀྱི་ཆོས་ལ་ཡང་དོ་སྣང་ཆེ་བར་འགྱུར་བཞིན་ཡོད། སངས་རྒྱས་ཀྱི་ཆོས་ནི་མི་ཡིས་བསྐྲུན་ཞིང་། མིའི་རིགས་ཀྱི་ཆོས་ཡིན། ལྷག་པར་ཡང་ཨེ་ཤེ་ཡའི་དཔལ་ཡོན་བསྐྱར་གསོ་དགོས་ན་སངས་རྒྱས་ཀྱི་ཆོས་དང་ཁ་འབྲལ་མི་རུང་བ་ནི་ལོ་རྒྱུས་ཀྱི་གནང་བའི་བསླབ་བྱ་ཡིན།
ཨེ་ཤེ་ཡ་རྒྱལ་ལོ།སངས་རྒྱལ་ཀྱི་ཆོས་རྒྱལ་ལོ།
རྒྱལ་ཁབ་ཀྱི་དཔལ་འབྱོར་དང་སྟོབས་ཤུགས་སོགས་ཡར་རྒྱས་འགྲོ་བ་ལ་སངས་རྒྱས་ཀྱི་བསྟན་པའི་ཞབས་འདེགས་སྒྲུབ་མི་ཐུབ་པ་གསལ་པོ་རེད། གང་ན་ཆོས་ལུགས་ཀྱི་ལྟ་བ་མཁྲེགས་པོ་ཡོད་ས་ན་དཔལ་འབྱོར་ཀྱི་ཡར་རྒྱས་ཞན་པ་རེད། སྤོབས་པས་སྨྱོ་ལབ་རྒྱབ་འདུག །
དེ་འདྲའི་འབེལ་གཏམ་ཡག་པོ་ཞིག་སྤེལ་སོང་། མུ་འཐུད་ཤོག་ཨ། ངོ་མ་དོན་སྙིང་ལྡན་པ་གསུངས་འདུག སྤོབས་པ་མཐའ་ཡས་ཀྱི་གསུང་ལ་ཡི་རང་ཡོད། ཆོས་རྒྱལ་ཆེན་པོ་དང་ཆོས་པ་ཡང་དག་ཚོ་རྒྱལ་བར་ཤོག ཆོས་མིན་སྲིད་མིན་གྱི་ཕུང་གསུམ་པ་དེ་ཚོས་བྲོ་གར་རྒྱུན་པར་ཤོག།
རང་བྱུང་རིག་རྡོར་ལགས། ངས་བསམ་ཚུལ་བཤད་གི་མེད། རྒྱུ་མཚན་བཤད་གི་ཡོད། ལོ་རྒྱུས་རང་བཞིན་གྱི་རྒྱུ་མཚན་བགྲང་གི་ཡོད། ལན་འདེབས་བསམ་ན་ལོ་རྒྱུས་རང་བཞིན་གྱི་རྒྱུ་མཚན་བགྲང་ནས་ལན་ཐོབས་དང་དགའ་བསུ་ཞུ།
གང་ན་རྨོངས་དད་ཡོད་སར་དཔལ་ཡོན་མེད་། གྲོང་གསེབ་ལུང་ཁུག་དག་ཏུ་རྨོངས་དད་ཆེ། རྨོངས་དད་ཇི་ཙམ་དར་བས་ཚན་རིག་མེད། ཚན་རིག་མེད་པས་ཉེར་གཅིག་དུས་རབས་མེད། དུས་ཀྱི་འགྱུར་བར་མ་བསྟུན་ཡར་རྒྱས་མེད། དཔེར་ན་རྒྱ་བལ་བོད་འབྲུག་གྲོང་གསེབ་ཏུ། མི་ལ་གནས་མེད་ལྷ་ཁང་ཁྱིར་སྐྱག་བཞིན། གང་ས་གང་དུ་མི་དམངས་རྔུལ་ཁྲག་ལས། བཞེངས་པས་དམངས་རྣམས་དབུལ་པོར་གྱུར།
འདས་པའི་མ་དག་པའི་ལོ་རྒྱུས་ལ་བློ་བཅོལ་ནས་ད་ལྟའི་སྤྒི་ཚོགས་འདི་
མགོ་བོ་རྨོང་དུ་མ་བཅུག་རོགས་།ཧ་ཧ་ཧ་
དཔལ་ཡོན་དར་ནས་ཆོས་ལུགས་སྤེལ་བ་ལ་མཐུན་རྐྱེན་བསྐྲུན་པ་རེད།
ཆོས་ལུགས་དར་ནས་དཔལ་ཡོན་དར་བའི་རྩེ་མོ་ཐོན་པ་མ་རེད། ཨེ་ཤ་ཡའི་གླིང་ལ་སངས་རྒྱས་ཆོས་ལུགས་ཀྱི་ཤུགས་རྐྱེན་ཟབ་པ་བདེན་པ་རེད། དུས་རབ་ཉེར་གཅིག་པ་ཨེ་ཤ་ཡའི་དཔལ་ཡོན་སྐྱར་གསོ་དགོས་ན་སངས་རྒྱས་ཆོས་དང་ཁ་འབྲལ་མི་རུང་བ་ལོ་རྒྱུས་ཀྱི་གནང་བའི་བསླབ་བྱ་ཡིན་ཟེར། དེང་སང་རྒྱ་གར་ནི་འཛམ་གླིང་ནང་དཔལ་ཡོན་དར་རྒྱས་ཆེན་པོ་བྱིན་ཡོད། ཡིན་ཡང་ནང་ཆོས་དར་རྒྱས་སོང་མེད། དེ་ནི་གོང་གི་དེ་དང་འབྲེལ་མི་འདུག་ཀ ལྷག་པར་རྒྱ་གར་ནང་སངས་རྒྱས་ཆོས་ལུགས་ཉམས་ཆགས་སུ་འགྲོ་རྐྱེན་ཆོས་པ་རྣམས་པའི་འདོད་པའི་དཔལ་ཡོན་ལ་དང་དོད་ཤུགས་ཆེན་བྱས་འབྲས་ཀྱི་ཉེན་ལེན་ཡིན་རབ་ཡོད། དེང་སང་གི་རང་རེའི་སྤྱི་ཚོགས་ཡང་དེས་ཉེན་ཁ་ཡོད།
ངོ་མའི་བདེན་རེད་།
ཆོས་ཆད་ཉན་ཚང་མས་ཟབ་ཟབ་གནང་རོགས་གནང་།
ཕ་ཨ་གུ་བཙན་དན་སྡོང་པོ་རེད་།བརྒྱུད་བུ་ཕྲུག་ཚེར་ཤིང་ལོ་མ་རེད་།
ཕ་ཨ་གུ་གསེར་གྱི་ཐིག་པོ་རེད་།
བརྒྱུད་བུ་ཕྲུག་རག་གི་སྙིགས་རོ་རེད་།
ཕ་ཨ་གུ་དངུལ་དཀར་མེ་ལོང་རེད་།
བརྒྱུད་བུ་ཕྲུག་ཧ་ཡང་སྟོང་པ་རེད་།
ཆོས་དང་སྲིད་གཉིས་དར་ན་མཉམ་དར་དང་རྒུད་ན་མཉམ་རྒུད་རེད། འདིའི་དཔེ་མཚོན་ནི་བོད་བཙན་པའི་དུས་རིམ་དང་། ད་ལྟའི་ཨ་རི་རྒྱལ་ཁབ་ལྟ་བུ་རེད།
དྲང་པོར་ཞུས་ན། སངས་རྒྱས་ཆོས་ལུགས་ནི་རྩ་ཆེན་པོ་རེད། ཡིན་ནའང་། དཔལ་འབྱོར་ནི་དེ་ལས་ཀྱང་མི་རྣམས་སྤྲོ་བ་ཡོད་ས་དེ་ཡིན་པས། ལས་རྒྱུ་འབྲས་ཞེས་བཤད་སྐབས། བཙུན་པ་ཚོའང་ཞེན་པ་ལོག་ཡོད་པའི་ཚུལ་རེད།
རྩོམ་ཡིག་འདིའི་ནང་དུ་སངས་རྒྱས་ཆོས་ལུགས་ཀྱིས་སྲིད་དོན་དོན་ལ་ཞབས་འདེགས་ཞུས་པའི་གཏན་ཚིགས་གཅིག་ཀྱང་མཐོང་མ་སོང་། སྲིད་དོན་པས་ཆོས་ལུགས་པར་ཞབས་འདེགས་ཞུས་པ་རྒྱ་དཀར་ནག་ཀུན་ལ་ཡོད་པ་རེད། དེ་ལ་ལྡོག་ཕྱོགས་ཀྱི་གོ་བ་བླངས་ན་ག་ལ་འགྲིག
་་་་་་་་་་་ ཡུལ་ལུང་དེ་ཚོར་སངས་རྒྱས་ཀྱི་བསྟན་པ་ཉམས་པ་དང་དུས་མཉམ་དུ་ཆབ་སྲིད་སྟོབས་ཤུགས་དང་། དཔལ་འབྱོར། ལག་རྩལ། སྤྱི་ཚོགས་ཀྱི་ཡ་རབ་བཟང་སྤྱོད་ཚང་མ་ཉམས་རྒུད་དུ་འགྱུར་འགྲོ་བཞིན་ཡོད། ་་་་་་་་་་་་་་
སྤོབས་མཐའི་ཆེད་རྩོམ་འདི། ཡིག་སྣོད་ནང་ལ་འཇོག་རུང་ཅིག བྲིས་འདུག་གོ
ནང་བསྟན་ལས་འབྲས་བརྩི་ལུགས་ཀྱི་སློབ་གསོ་འདི་མིའི་སྤུས་ཀ་ཇེ་ཡག་ཏུ་གཏོང་བའི་ཐབས་ལམ་ཞིག་རེད། མི་ལ་སྤུས་ཀ་ཡག་པོ་ཞིག་མེད་ན་ཤེས་ཡོན་ཡོད་ཀྱང་ཕན་ནི་མ་རེད་གོ །གྲོགས་པོ་ཚོ།
སྤོབས་པ་མཐའ་ཡས་ལེགས་ཀྱིས་རིག་པ་སྤེལ་བའི་རྩོམ་ཡིག་བྲིས་པ་དང་། མིག་བརྒྱད་པ་མཆོག་གིས་པན་པའི་མན་ངག་ལ་བཀའ་དྲིན་ཆེ། ཞུའོ།
རྒྱལ་ཁབ་དར་རྒྱས་ཀྱི་རྩེར་སོན་སྐབས་ནང་ཆོས་དར་འགོ་ཚུགས། ནང་ཆོས་དར་རྒྱས་ཀྱི་རྩེར་སོན་སྐབས་རྒྱལ་ཁབ་ཉམས་འགོ་བརྩམས། འདི་ནི་ལོ་རྒྱུས་ཀྱི་བདེན་པ་རེད།