ཆབ་མདོ་ངག་ཕུན།
ཀ་ཡེ་གསོན་དང་སྐལ་ལྡན་རང་རེ་རྣམས།།
ཁ་ཞེན་མེད་པའི་མ་ཎི་ཡིག་དྲུག་བགྲང་།།
ག་དུས་ཡིན་ན་དགེ་བའི་ཕྱོགས་སུ་བརྩོན།།
ང་ཚོར་དེ་ལྷག་གང་ཡང་ཡོད་མ་ཡིན།།
ཅ་ཅོ་མ་སྒྲོག་ཕན་པའི་གནས་གཅིག་མེད།།
ཆ་ལུགས་མཐུན་པའི་ཡ་རབས་ལས་ལ་བརྩོན།།
ཇ་ཆང་ཙམ་ལ་མགོ་བོ་འཁོར་མི་ཉེས།།
ཉ་གང་ཟླ་ལྟར་འོང་བའི་ཤེས་རིག་བརྩོན།།
ཏ་ཐ་ག་ཏའི་བསྟན་ལ་སྦྱོང་བརྩོན་མཛོད།།
ཐ་མའི་ངན་སྤྱོད་ཐམས་ཅད་རྩ་ལྟར་འདོར།།
ད་ལྟའི་ཉིད་ནས་དགེ་སྦྱོར་མ་བརྩོན་ན།།
ན་ཚ་ག་དུས་ཡོང་མིན་སུ་ཡི་ཤེས།།
པ་ཕའི་ཅི་གསུང་ཉམས་ལེན་མ་བྱས་ན།།
ཕ་རྒན་མེད་དུས་བློ་འགྱོད་བྱས་ཅི་ཕན།།
བ་མོ་ཇི་བཞིན་མི་ཚེ་ཡུན་ཙམ་འདིར།།
མ་རབས་གནས་ལ་ནམ་ཡང་འཇུག་མི་ཉེས།།
ཅ་ར་གཅོད་ན་འཇིག་རྟེན་འཁོར་བ་འདིར།།
ཚ་གྲང་འཐབ་ལྟར་སྙིང་པོ་སྤུ་ཙམ་མེད།།
ཛ་དྲག་ངང་ནས་དམ་ཆོས་མ་བསྒྲུབ་ན།།
ཝ་ཆུ་རྒྱུག་ལྟར་སྐད་ཅིག་སྡོད་དབང་མེད།།
ཞ་སྨྱུག་བཟུང་སྟེ་བདེན་པ་ཤོག་ཐོག་ཕབ།།
ཟ་ཟིང་ཆེ་བའི་འཇིག་རྟེན་འཁོར་བ་འདིར།།
འ་ཅག་རྣམས་ཀྱི་བདེན་དོན་རྒྱབ་རྩ་འཛིན།།
ཡ་རབས་བཟང་སྤྱོད་གནས་ལུགས་དར་སླེལ་དགོས།།
ར་ཅོ་ལྟ་བུའི་སེམས་གཤིས་གནས་ལུགས་འདི།།
ལར་ནས་བཅོས་ཐབས་སྨན་མཆོག་སངས་རྒྱས་གསུངས།།
ས་གསུམ་ཀུན་གྱིས་འདི་ཉིད་བསྟེན་པ་རེག།
ཧ་ཅང་རྩ་ཆེན་སྨན་མཆོག་འདི་ཉིད་ཡིན།།
ཨ་མ་བཟང་པོའི་བསླབ་བྱ་ཡིད་ལ་བཟུང་།།
དེ་ལས་ལྷག་གཅིག་གང་ཡང་ཡོད་མ་ཡིན།།
སེམས་ལ་གང་འཁོར་ཀ་བཤད་འདི་ཉིད་བྲིས།།
ཀུན་གྱི་དེ་དོན་ཡོངས་སུ་རྟོགས་པར་ཤོག།
སྤྱི་ལོ་ ༢༠༡༥/༥/༡༨ ཉིན་མོར་བྲིས་སོ།།
ཤ་ཆད་སོང་འདུག དེང་སང་དཀར་ཟས་རིང་ལུགས་ཀྱི་ཤུགས་རྐྱེན་འོག་ཏུ་ཤ་ཟེར་བའི་ཚིག་འདི་མེད་པ་བཟོས་ནས་གསལ་བྱེད་ཉེར་དགུ་ཅན་ཞིག་བཟོ་འདོད་ཡོད་པ་མིན་ནམ།
ས་ག་ཟླ་བར་བོད་མི་ཚང་མས་ཤ་ཟ་གི་མེད་པ་ལ་བརྟེན་ནས་་བོད་ཡིག་་གི་
གསལ་བྱེད་གསུམ་བཅུའི་ནང་ནས་ཉི་ཤུ་རྩ་བདུན་་་པ་ཤ་དེ་ས་ཟླའི་རིང་
དབུས་བོད་མིའི་སྒྲིག་འཇུག་ནས་་ཟླ་བ་གཅིག་རིང་དགོང་པ་བཏང་བ་་མིན་་
ནམ་།ཧ་ཧ་ཧ་ས་ཟླའི་དུས་བཟང་འདིར་དཀར་ཟས་ལ་སྤྱོད་པ་ཚལ་།
ར་ལུག་ཤ་ནི་ཟ་མི་བྱ། །
ལ་ཡི་གཡག་ཤ་ཟ་མི་བྱ། །
ཤ་རིགས་ཡོད་ཚད་ཟ་མི་བྱ། །
ས་སྟེང་ཡོངས་རྫོགས་དཀར་ཟས་བྱ། །
ཧ་ལས་ཡོན་ལྡན་ཉམས་ལེན་ལ། །
ཨ་མར་མོས་ནས་སྲོག་གཅོད་སྤོངས། །
ཧ་ཅང་ཟས་དཀོན་མེད་འགྱུར་ན། །
ཨ་མ་ཤ་འདྲའི་ཤ་ཟ་སྤོངས། །
ཨ་མ་ཤ་འདྲའི་ཤ་ཟ་སྤོངས།
འདི།
ཨ་མའི་ཤ་འདྲའི་ཤ་ཟ་སྤོངས།
ཀ་བཤད་བྲིས་པ་ཤིནད་ཏུ་ལེགས། །
ཁ་ནས་མཎི་འདོན་རན་འདུག །
ག་ནས་བལྟས་ཀྱང་འཆི་བདག་གིས། །
ང་ཚོ་གང་མྱུར་དེད་ཉེན་འདུག །
རྩོམ་པ་པོའི་སྡེབས་སྦྱོར་ལེགས་ཀྱང་། ཚིག་འགའ་ཤས་འོས་མིན་དུ་སོང་འདུག་པས། བདག་གཞན་གྱི་བློ་གྲོས་འཕེལ་བའི་ཕྱིར་དུ་བཟོ་བཅོས་དགོས་པར་མཐོང་། འཐད་མིན་མི་ཤེས་ཀྱང་ཁོ་བོའི་བློ་ལྟར་གླེང་བ་ནི།
ཁ་ཞེན་མེད་པའི་མ་ཎི་ཡིག་དྲུག་བགྲང་།། འདི་ལ། ཁ་ཞེ་མེད་པའི་མ་ཎི་ཡིག་དྲུག་བགྲང་།། ཞེ་ཞེས་པ་སེམས་ལ་འཇུག་པས། ཁ་དང་སེམས་མཐུན་པ་ལ་གོ ཡང་ན།
ཁ་ཞེན་ཡོད་པའི་མ་ཎི་ཡིག་དྲུག་བགྲང་།། ཁ་ནས་མ་ཎི་འདོན་པ་ལ་ཁ་ལ་ཞེན་དགོས ཁ་ལ་ཞེན་ཡོད་ན། ཁ་ལེགས་པ་འབྱུང་། ཁ་ལེགས་པས་མ་ཎི་ལེགས་པར་བགྲང་ཐུབ།
ཅ་ཅོ་མ་སྒྲོག་ཕན་པའི་གནས་གཅིག་མེད།། འདིར་སྒྲོག་གི་ཚབ་ལ་སྒྲོགས་དགོས་་ཏེ། འབྲུག་ལྟར་ཆེར་སྒྲོགས་དང་། ལྕགས་སྒྲོག་ཅེས་པ་བཞིན་ནོ།
ཇ་ཆང་ཙམ་ལ་མགོ་བོ་འཁོར་མི་ཉེས།། འདི་ལ། ཇ་ཆང་ཙམ་ལ་མགོ་བོ་འཁོར་མི་ཉན།། དེ་ལྟར་མི་འདོད་ན། འདི་གོ་བ་གཏིང་ཐུག་པ་ཞིག་ལེན་ལ་སེམས་དགོས་སོ།
་
ཏ་ཐ་ག་ཏའི་བསྟན་ལ་སྦྱོང་བརྩོན་མཛོད།། འདིར། ཏ་ཐཱ་ག་ཏའི་བསྟན་ལ་སྦྱོང་བརྩོན་མཛོད།། འདིར་ནོར་སྐྱོན་འབྱུང་བོད་ཚིག་མིན་པས་བོད་ཀྱི་ཡི་གེའི་དག་ཆ་ལ་སྐྱོན་མི་འོང་།
ས་གསུམ་ཀུན་གྱིས་འདི་ཉིད་བསྟེན་པ་རེག། འདི་ལ། ས་གསུམ་ཀུན་གྱིས་འདི་ཉིད་བསྟེན་པར་རིགས། ཟེར་ན། མི་ལེགས་སམ།
་
ཨ་མ་བཟང་པོའི་བསླབ་བྱ་ཡིད་ལ་བཟུང་།། འདི་ལ། ཨ་མ་བཟང་པོའི་བསླབ་བྱ་ཡིད་ལ་ཟུངས།། ཞེས་འདས་ཚིག་ལས་སྐུལ་ཚིག་མི་བཟང་ངམ། ཞེས་སོ།།
་
འདི་ལྟར་བྲིས་པ་འདི་ཡང་བདག་རང་གིས་བྲིས་པ་ན། ནོར་སྐྱོན་མང་པོ་མཐོང་ནས། བོད་ཀྱི་ཡི་གེའི་དག་ཆ་ལེགས་པ་འབྱུང་ཕྱིར་དུ་ཡིན་གྱིས། ངས་ཤེས་སོ་སྙམ་པའི་རློམ་སེམས་ཀྱིས་མ་ཡིན་པར་མཁྱེན་པར་མཛོད་ཅིག ཅེས་སོ།