ང་ཚོ་བོད་ཀྱི་ལོ་རྒྱུས་ལ་བོད་ཀྱི་རྒྱལ་པོ་མཐའ་མ་གླང་དར་མས། ཆོས་བསྣུབས་ཙང་། ལྷའི་སྤྲུལ་པ་ལྷ་ལུང་དཔལ་གྱི་རྡོར་རྗེས། ལྷ་སའི་རྡོ་རིང་གི་མདུན་ལ་མདའ་འཕངས་ནས་བཀྲོངས་ཅེས་གསུངས་སྲོལ་འདུག
ང་ལ་གཤམ་གྱི་དྭོགས་འདྲི་རྣམས་ཡོད་པས། མཁས་དབངས་ཚོས་ལན་ཞིག་བསྟེར་རོགས་གནང་།
༡༽ གླང་དར་མས་ཆོས་བསྣུབས་པའི་སྐོར་ལ་བོད་ཀྱི་ནང་ཆོས་ཀྱི་ལོ་རྒྱུས་ནང་གསལ་བ་ལས། རྒྱ་དང་རྒྱ་གར་གྱི་ལོ་རྒྱུས་ནང་མེད། ད་དུང་ཉེ་ཆར་ལྷ་སའི་ཉེ་འདབས་བྲག་ཡས་པའི་གུ་རུའི་བྲག་ཕུག་བསྔོགས་པར་བརྟེན་ནས། ཡིག་ཆ་རྙིང་པ་མང་པོ་བརྙེད་ཡོད་ཅིང་། དེ་ཚོའི་ནང་ཆེས་ཡ་མཚན་དགོས་པ་ཞིག་ནི། གླང་དར་མའི་གསུང་འབུམ་གྱི་དཀར་ཆག་ཞིག་ཡིན་པ་དང་། ཡིག་ཆ་དེ་དག་ལས་ཤེས་ཐུབ་པ་ཞིག་ལ། གླང་དར་མ་ནི་མི་གཏུམ་སྤྱོད་ཅན་ཞིག་མིན་པར། མཁས་འགྲུབ་གཉིས་ལྡན་གྱི་རྒྱལ་པོ་ཞིག་ཡོད་པར་བསྟན་འདུག ཁྱེད་ཚོས་དེ་གཟིགས་མྱོང་ཡོད་དམ། དཀར་ཆག་དེ་ད་ལྟ་བོད་ཀྱི་སྤྱི་ཚོགས་ཚན་རིག་ཁང་གི་ཆོས་ལུགས་ཞིབ་འཇུག་ཟོའོ་ཡིས་བདག་པོ་རྒྱག་བཞིན་ཡོད།
༢༽ མཁས་དབང་ཁག་གཅིག་གི་གསུང་སྒྲོས་ལ། ལྷ་ལུང་དཔལ་རྡོར་ནི་བོད་པ་མིན་པ་དང་། ཁོང་གི་རིགས་ནི་རྒྱ་ཡིན་ཞིང་། གོང་མའི་བཀའ་ལྟར་བོད་ཀྱི་རྒྱལ་པོ་བཀྲོངས་ནས། བོད་འདི་སྲིལ་བུར་བཏང་རྗེས། རྒྱ་ཕྱོགས་ནས་ལོ་མང་རིང་ཁ་གཏད་མི་ཐུབ་པའི་བོད་འདི་ལས་བསླ་པོར་རྒྱའི་འོག་ཏུ་བཅུག་ཐུབ་པའི་ཐབས་ཤེས་བྱས་པ་འདིར་ལམ་འགྲོ་ཆེན་པོ་བྱུང་ཚུལ་རྒྱའི་མཁས་པ་རྣམས་ཀྱིས་ཤོད་བཞིན་འདུག འདི་བདེན་པ་རེད་པས།
༣༽གལ་ཏེ་ལྷ་ལུང་དཔལ་རྡོར་གྱིས་མདའ་སྣུན་ཐེངས་གཅིག་ལ་རྒྱལ་པོའི་དབུ་ལ་ཐེབས་ཟེར་བ་འདིར་འདྲི་བ་གཅིག་ཡོད།
གུས་པས་མདའ་སྦྱངས་མྱོང་། དེ་ལ་ལག་ཤུགས་མི་ཟད་པ་ཞིག་དགོས་པ་དང་། འཐེན་སྟངས་དང་གློད་སྟངས་གཉིས་ཤིན་དུ་བྱང་པོ་ཞིག་མེད་ན་དང་པོ་མདའ་དེ་ལ་ཤུགས་སྦྱིན་མི་ཐུབ། དེ་ནས་འབེན་ལ་རྒྱག་སྟངས་ཡང་རླུང་གི་ཁ་ཕྱོགས་ཤེས་དགོས་པ་དང་། རླུང་ལ་བརྟེན་ནས་རྡའི་སྒྲོའི་བཟོ་ལྟ་དང་ཡངས་ལྗི་སོགས་སོགས་མང་པོར་བལྟོས་ནས་གྲ་སྒྲིག་བྱེད་དགོས། ལྷ་ལུང་དཔལ་རྡོར་སྒོམ་ཆེན་ཞིག་གིས་གློ་བུར་ལྷ་སར་ཡོང་ནས་མདའ་རྒྱག་ཐེངས་གཅིག་ལ་རྒྱལ་པོའི་དབུ་ལ་ཕོགས་ཟེར་བ་འདི་མདའ་ཤེས་མཁན་ཞིག་གིས་བལྟས་ན་སྣང་བ་མིན་འགྲོ་བའི་སྐད་ཆ་རེད། དེར་བརྟེན་མདའ་ཕངས་པ་བདེན་ཤས་ཆེ། ཡིན་ནའི་འཕེན་མཁན་དེ་མདའི་རྩལ་ལ་མཁས་པ་ཞིག་ཡིན་དགོས། བྱས་ན་མི་དེ་སུ་རས།
༤༽ ལྷ་ལུང་དཔལ་རྡོར་གྱིས་རྟ་ལ་སོལ་བ་ནག་པོ་བྱུག་ནས་ཆུ་སྒྲོལ་སྟབས་རྟ་དཀར་པོར་འགྱུར་ཟེར་བ་དེ་བྱིས་པར་མགོ་བོ་སྐོར་བའི་སྐད་ཆ་དང་གཅིག་པ་རེད། དང་པོ་རྟའི་ལུས་ཀྱི་ཁ་དོག་སོལ་བས་སྒྱུར་མི་ཐུབ། ཁྱེད་ཚོད་ལྟ་བགྱིད་དང་། གཉིས་པ། གལ་ཏེ་བྱུག་ཐུབ་པའི་དབང་དུ་བཏང་ཡང་། རྟ་ཆུའི་ནང་ཆ་ཚང་མ་འདིམ་བར་དུ་རྟའི་ལུས་ཡོངས་ཀྱི་སོལ་བ་སུབ་མི་ཐུབ། རྟ་ཆུའི་ནང་ཆ་ཚང་འདིམ་ན་ལྷ་ལུང་དཔལ་རྡོར་གྱིས་ཇི་ལྟར་ཆུ་སྒྲོལ་ཐུབ་བམ། ནམ་རྒྱུན་ངེད་ཚོས་རྟ་ཐོག་ནས་ཆུ་སྒྲོལ་སྐབས། རྟའི་རྐང་ལག་མིན་ཆད་ཆུའི་ནང་འདིམ་གྱི་མེད། གལ་ཏེ་རྟའི་གྲོད་པ་ཆུའི་ནང་འཐིམས་ན་རྟས་ཆུ་དེའི་ནང་མི་འཁུར་ཐུབ་ཐབས་མེད།
ཁྱེད་ཀྱི་བྱས་ན་ཇི་ལྟར་རེད།
རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་མཛད་པའི་ཕར་ཕྱིན་གྱི་འགྲེལ་པ་ཞིག་ཡོད་ཚུལ་ལེགས་བཤད་གསེར་ཕྲེང་དང་འཇམ་བཞད་ཕར་ཕྱིན་སོགས་སུ་ཡོད་བསམས། ཁྱོད་ཀྱིས་དེ་འདྲ་ཞིག་དང་ནོར་བ་མིན་འགྲོ། གང་ལྟར་གླང་དར་གྱིས་དཀོན་མཆོག་ལ་མཆོད་འབུལ་བྱས་པའི་སྐོར་ཞིག་མིང་མི་དྲན་པའི་རྡོ་རིང་ཞིག་ཏུ་བརྐོས་ཡོད་བསམས། མི་མ་ཤི་ན་གོ་རྒྱུ་མང་གི་ཡ།
ཨོ། ལྷ་ལུང་དཔལ་རྡོར་བོད་མི་མིན་ཟེར་བའི་བཤད་སྲོལ་ཞིག་རྒྱ་རྒན་ཚོས་བཟོས་པ་གཅིག་བུ་ཞིག་མ་རེད། དེ་འདྲའི་ལོ་རྒྱུས་བོད་ཡིག་ཏུ་ཡོད་པ་ཞིག་ལ་ངས་ཀྱང་བལྟས་མྱོང་ན་ཡང་དེབ་དེ་གང་ཡིན་ད་ལྟ་ལོ་ལོན་ནས་མི་དྲག་གི ཡིན་ན་ཡང་རྒྱལ་པོ་བཀྲོངས་པ་དེ་རྒྱ་ནག་རྒྱལ་པོའི་བཀའ་ཡིན་ཞེས་བྲིས་མེད་ཐག་ཆོད་ཡིན། དེ་ནི་ཁྲི་སྲོང་ལྡེའུ་བཙན་རྒྱ་ཚ་ཡིན་པའི་མཇུག་དེ་བསྐྱངས་ན་མགོ་གཏུགས་ས་རེ་ཡོད་པ་ནང་བཞིན་རེད། གང་ལྟར་རྒྱ་བོད་གཉིས་མེ་ཆུ་ནང་བཞིན་ཁ་ཁ་བྱས་ནས་བསྡད་ན་ལེགས། རྒྱལ་བོ་སྔོན་མ་དག་གིས་བོད་མོ་བཞག་ནས་རྒྱ་མོ་ཚོ་མནའ་མར་བླངས་པ་ལ་བརྟེན་ནས། ལོ་ངོ་ཁྲི་ཕྲག་དུ་མའི་རིང་ལ་ནག་ནོག་གི་དྲི་མས་མ་གོས་པའི་བོད་ཀྱི་སྲིད་པའི་གངས་རྒན་ཚོའི་དབུ་རྩེར་རྒྱ་མོ་ཚོས་གཉའ་ཁྲག་གིས་ངན་སྔགས་བྲིས་པའི་ལོ་རྒྱུས་འཇིགས་པོ་འདི་ཚོ་བྱུང་བ་རེད། ཉིག་ཡོར་ན་ཡོད་པ་ཚོ་རྒྱ་མིའི་གྲོང་དུ་སོང་ནས་རྒྱ་ཐུག་འཐུང་རྒྱུ་མ་མང་མ་གཏོགས་ཐུག་པའི་ནང་ལ་རྒྱ་མོ་ཚོའི་གཉའ་ཁྲག་ལྡུག་ན་ཐང་ཀོ
ལྷ་ལུང་དཔལ་གྱི་རྡོ་རྗེ་ནི་མི་ཚེ་བྲག་ཕུག་ནང་སྐྱེལ་མཁན་མདའ་གཞུ་ལག་ལ་ཐོགས་མ་མྱོང་བ་ཞིག་ཅི་ལ་ཡིན། ཁོང་མི་ཚེ་དགྲ་འཐབ་ནང་རྫོགས་པའི་དམག་དཔོན་རྒན་པ་སྟག་ཉ་བཟང་ངམ་ཉག་བཟང་ཞེས་པ་རྗེས་སུ་སངས་རྒྱས་ཀྱི་བསྟན་ལ་རབ་ཏུ་བྱུང་བ་ཞིག་ཡིན་པ་བདུད་འཇོམས་ཆོས་འབྱུང་ན་ཞིབ་ཚགས་པོ་ཞིག་བྲིས་ཡོད་སྙམ། ཡེར་པའི་དཀར་ཆག་ལྷ་ལུང་རྡོ་རྗེ་དཔལ་》ཞེས་པར་ཡང་། “་་་་ལྷ་ལུང་དཔལ་གྱི་རྡོ་རྗེ་མི་སྐྱའི་མིང་། སྟག་ཉ་བཟང་བྱ་བ་ལགས། འབྲོམ་སྟོད་དགུང་མོ་ཆེར་སྐྱེ་བ་བཞེས། རྒྱ་བོད་བྱེ་མ་ལ་ཐོག་ཏུ་རྒྱའི་དམག་རྣམས་བཏུལ།སྟོང་དེ་ན་མི་བསྐྱོད་པ་ཡོད་ལྷས་ཀྱི་ལྗང་ར་ན་སྤྱན་རས་གཟིགས་ཡོད། དེ་ཡན་ཆོད་ན་རྒྱ་ནག་པོ་ཡོད། དེ་མན་ཆད་ན་བོད་ཀྱི་མགུར་མོ་ཆེའི་དཔོན་ཉ་བཟང་བྱ་བ་ལགས།རྒྱ་དང་དམག་འཐབ་ནས་ཡོང་། མདུང་ཕྲག་པ་གཡས་དང་རྨོག་ཕྲག་པ་གཡོན་ལ་བཀལ་ནས་ཡོང་ཙ་ན། གོ་ཆ་རྣམས་ཕུད་རིན་པོ་ཆེའི་གཟུངས་ཀྱི་ནང་ན། བྲ་ཉེ་ལ་ནི་གང་སྐྱེས་པ། རྐང་པའི་རྨེ་བ་དམར་པོ་ཅན། ཤི་ནས་དམྱལ་བར་སྐྱེ་བར་འགྱུར། ཞེས་ཟེར་བ་ཐོས་པས། རྐང་མཐིལ་གྱི་སྲུལ་ལ་བལྟས་པས་རྨེ་བ་དམར་པོ་འདུག དེར་ཡབ་མཆེད་གཉིས། ཁོང་རང་དང་བཅས་སྤུན་གསུམ་བསམ་ཡས་ན་པཎྜི་ཏ་བཞུགས་པའི་སར་ཕྱིན། རབ་ཏུ་བྱུང་བའི་མཁན་པོ་སློབ་དཔོན་བཱི་མ་ལ་མི་ཏྲ་དང་། སློབ་དཔོན་པདྨ་སམ་བྷ་བ་ལས་བྱང་ཆུབ་སེམས་ཀྱི་སྡོམ་པ་བླངས། ་་སོགས་གསལ།
གཞན་འདི་ཡང་བཀོད་པར་བྱ་སྟེ། ་་བཙུན་པ་དཔལ་གྱི་དབྱངས་དང་། དཔལ་གྱི་རྡོ་རྗེ། རབ་འབྱོར་དབང་པོ་བྱ་བ་གསུམ་སྐུ་མཆེད་ཡིན། དེ་གོང་སྒོམ་བྱ་དགོས་སྙམ་པ་ལ་མ་བྱུང་། དེ་ནས་གྲིབ་ཀྱི་དཀར་མོ་ལུང་དུ་བྲག་བྲུས་ཙ་ན་ལྷ་ལུང་དཔལ་གྱི་རྡོ་རྗེའི་ཆོས་གོས་ལྷགས་པས་འཁྱེར་ཏེ་ལྷ་རི་སྙིང་པོའི་རྩེ་ལ་ཤུག་པ་བྱ་ཕོ་ཙམ་གྱི་རྩེ་ལ་དཀྲིས་ནས་འདུགམཁས་པས་གཟིགས་པས།སྤྱིར་རི་འདི་ཇོ་མོ་སྒྲོལ་མའི་བཞུགས་ཚུལ་དང་འདྲ་བ་གཡས་བསྐུམ་གཡོན་བརྐྱང་པ། ཤར་རི་དཔུང་པ་འདྲ་བ། ནུབ་རི་རིན་ཆེན་བསྟར་ལ་སྦྲེལ་བ་འདྲ་བ། ལྷོ་ཞོལ་བ། བྱང་སྐྱིབས་པ། བྲག་བྱ་རྒོད་དཔུང་པ་འདྲ་བ། ཤུག་པའི་ནགས་སྙུག་ལོ་འདྲ་བ། ཡར་གྱི་གནམ་སྒོ་ཕྱེ་བ་འདྲ་བས་གྲུབ་པ་ཐོབ་པའི་གནས་སུ་བཟང་བར་གཟིགས། ཡབ་མཆེད་རྣམས་སྤྱན་དྲངས། འབངས་པོ་དང་གཉོས་གཉིས་བྱང་ཚྭ་ཁར་བཏང་། བྲག་ལྷོ་བྲག་ཕུག་བྲུས་པ་དང་། བྲན་སྲིན་ལངས། རྣལ་འབྱོར་ཕུག་གི་མཆོད་རྟེན་བཞེངས། མས་ཀྱི་ཀླུ་གཉན་ཡལ་བས་ཁང་གི་མཆོད་རྟེན་བཞེངས།ཕ་ཞང་བྲག་ལས་བྲག་སྲིན་ལངས་པས། བྲག་གུང་དཀར་པོའི་མཆོད་རྟེན་བཞེངས། བྲག་བྲེ་རེ་ལ་ཚྭ་བྲེ་རེ་སྦྱིན། དུས་དེ་ཙ་ན། རྒྱལ་ཁམས་གཞན་ན་ཆོས་བྱེད་པ་ནི་མེད།མི་ལོ་བཞི་བཅུ་རྩ་གཉིས་ཀྱི་ཆོས་སྟོན་དུ་གཉེར་བ་རྣམས་འཚོགས། མཆོད་གནས་བླ་མཆོད་ཚོ་གསུམ་ལས། རབ་ལ་བསྐྱེལ། འབྲིང་ལ་འབྱོན་པར་ཞུ། གཞན་རྣམས་ལ་གཡོག་པོས། ཕུག་རོན་སྒང་ནས་དུང་བུས་པས་ཁྱམས་ཁྲོ་མོར་བྱོན། དཔོན་སྣང་། གླང་མི་ཆེ་ཆུང་། སོག་པོ་མཐའ་བཞི། འ་ཞྭ། ཤར། དབྱེ་མ། རྨཱ། སྒྲགས་ལུང་། སུམ་པ་བཅས་འདི་རྣམས་ཀྱིས་སྒོམ་ཆེན་རྣམས་ལ་ཞབས་ཏོག་བྱེད། དུས་དེ་ཙ་ན། ཡེར་པར་བྲག་ཕུག་བརྒྱ་རྩ་བརྒྱད་དུ་གྲུབ་པ་ཐོབ་པའི་རྣལ་འབྱོར་པ་བརྒྱ་རྩ་བརྒྱད་བྱུང་། དེ་དག་ལ་བཙུན་པ་དཔལ་གྱི་རྡོ་རྗེའི་འབངས་རྣམས་ཀྱིས་ཞབས་ཏོག་བྱས་སོགས་”ཞེས་དང་། ལྷ་ལུང་དཔལ་གྱི་རྡོ་རྗེས་རྒྱལ་པོ་གླང་དར་མ་ཇི་ལྟར་བསྒྲལ་བའི་ལོ་རྒྱུས་ཀྱང་ཞིབ་ཏུ་འཁོད་ཡོད་འདུག་པ་གསལ།
ཕྱག་གཉིས་པས་ཁུངས་ལུང་དྲངས་པ་ལ་ཐུགས་རྗེ་ཆེ་ཞུ། འདི་ནི་ངས་བསྔགས་བརྗོད་ཆེད་འབྲི་གིན་མེད། འདི་ནི་ང་ཚོས་མཆན་འདི་ལྟར་འབྲི་ཐུབ་ཚེ་མ་རིག་མུན་སེལ་དུ་འགྱུར་བ་འདུག་ལ། ང་ལ་ཡང་བློ་གསར་པ་རག་བྱུང་ཞུ་བ་ཡིན།
དགོངས་དག བདུད་འཇོམས་ཆོས་འབྱུང་ནང་ངས་ཁུངས་རྙེད་མ་སོང་། ད་དཔེ་ཆ་གང་ཡིན་ཀླད་པའི་རྒྱ་ཡུལ་ལ་ཡང་འཆར་གྱི་མི་འདུག སྟག་ཉ་བཟང་གི་སྐོར་དེ་དཔེ་ཆ་གཉིས་གསུམ་ཞིག་ནང་ངས་མཐོང་མྱོང་། ད་ངོ་ནས་སྤོབས་པས་བཤད་པ་བཞིན་ངའི་བླ་ཉམས་བཞག །
ང་ཚོ་བོད་ཀྱི་ལོ་རྒྱུས་སྨྲ་བ་དག་ལ་དམིགས་བསལ་གྱི་ཆེད་ཆོས་ཤིག་ཡོད་པ་ནི་ལོ་རྒྱུས་ནག་གསུབ་བཏང་རྒྱུ་དེ་རེད། ཁོང་ཚོས་ལོ་རྒྱུས་ཐོག་གི་མཁས་མཛངས་ཅན་ལ་སྐྱོན་ཞིག་ཞིག་འདོགས་ཐབས་དང་ནག་ཉེས་ཅན་ལ་ཡོན་ཏན་ཞིག་བརྗོད་རྒྱུ་རྙེད་ཚེ་དེ་ནི་ཧ་ཅང་རྣམ་དཔྱོད་ཅན་ཞིག་དང་གསར་གཏོད་པ་ཞིག་ལ་བརྩི། ནད་ངན་དེ་ཁ་བརྡ་དྲྭ་རྒྱའི་ཐོག་ཏུའང་ཞུགས་ཚར་འདུག ཉིན་ཁ་ཤས་གོང་མི་ལ་རས་པ་དང་དེའི་མཛད་རྗེས་ཀྱི་རྣམ་ཐར་དག་ཀྱང་བརྫུན་དུ་འདུག་སྐད་བཤད་སོང་ལ་དེ་རིང་གླང་དར་མ་ཡང་གྲུབ་ཐོབ་རེད་འདུག་ཟེར། ཁྱེད་ཅག་སྨྱོ་ཚར་བ་རེད་དམ།
ྐླུ་སྨྱོན་ལགས། ཁྱེད་ཀྱིས་གསུངས་པའི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་མཛད་པའི་ཕར་ཕྱིན་གྱི་འགྲེལ་བ་ཞེས་པ་དེ་སྡེ་དགེ་བསྟན་འགྱུར་ཁྲོད་དུ་བཞུགས་པའིབཀའ་ཡང་དག་པའི་ཚད་མ་ལས་མདོ་བཏུས་པ་བཞུགས་སོ་ཞེས་པ་དེ་མ་རེད་དམ། དེ་རྒྱ་འགྱུར་མ་ཡིན་ཡང་དཔེ་རྙིང་རྩ་ཆེན་ཡིན་སྟབས་སྡེ་དགེ་བསྟན་འགྱུར་ནང་བཞག་པ་འདྲ། ལེའུ་བཅོ་ལྔའི་རང་བཞིན་ཅན་མདོ་སྐོར་ཀྱི་གཞུང་སྐད་གསར་བཅད་ཀྱང་བྱས་ཟིན་པ་ཧ་ཅང་ལེགས་པོ་ཞིག་འདུག ཡིན་ན་ཡང་ཁྲིད་རྒྱུན་འདྲ་ཡོད་མེད་མ་ཤེས། དཔེ་ྐློག་གནང་ན་ཡག་པོ་ཡོད་ངེས་རེད། འདིར་དར་ཐང་སྤྲུལ་སྐུས་པར་དུ་བཏབ་པ་ཞིག་ཀྱང་མཇལ་བྱུང་།
ཕྱག་གཉིས་པ་འདིས་ལོ་རྒྱུས་ཀྱི་ཁུངས་འདི་འདྲ་དྲངས་ཐུབ་པར་སྔོན་དཔག་བྱེད་མ་མྱོང་། ད་ལྟ་བར་དུ་དྲྭ་དེབ་གཅིག་གི་སྟེང་དུ་གཤིབས་སྐབས་མི་འདིས་ལ་གཤེ་གཤེ་གཏོང་བ་མ་གཏོགས་ཅི་ཡང་ཤེས་ཀྱི་མི་འདུག་སྙམ་བྱུང་། ཡིན་ན་ཡང་མི་ཁོག་མིས་མི་མཐོང་ཟེར་བ་དེ་ཅིས་མ་བདེན།
ལྷ་ལུང་དཔལ་རྡོར་གྱི་སྐོར་ལ་ཚིག་ཁ་ཤས་ཤིག་ཞུ་རྒྱུ་ཡོད། ལོ་རྒྱུས་ཀྱི་དེབ་ཁག་ཅིག་བཀླགས་ཐོའི་ནང༌། ལྷ་ལུང་དཔལ་གྱི་རྡོ་རྗེ་ཟེར་བ་གཉིས་བཀོད་འདུག་པ་ནི། སྲོང་བཙན་སྐབས་དཔལ་གྱི་རྡོ་རྗེ་འམ་ལྷ་ལུང་དཔལ་གྱི་རྡོ་རྗེ་ཞུ་བ་ཞིག་དང༌། རྒྱལ་པོ་ཨུ་དམ་བཙན་བཀྲོངས་མཁན་གྱི་ལྷ་ལུང་དཔལ་གྱི་རྡོ་རྗེ་གཉིས་རེད། སྲོང་བཙན་སྐབས་ཀྱི་ལྷ་ལུང་དཔལ་རྡོར་ནི། ཐོན་མི་སྃ་བྷོ་ཊ་དང་ལྷན་དུ་ལྷ་ལུང་དཔལ་གྱི་རྡོ་རྗེ་འམ་ལྷ་ལུང་རྡོ་རྗེ་དཔལ་སོགས་ཀྱིས་ཐུགས་རྗེ་ཆེན་པོའི་མདོ་རྒྱུད་ཉེར་གཅིག་སོགས་བོད་སྐད་དུ་བསྒྱུར་ཞེས་ལོ་རྒྱུས་རྣམས་སུ་འཁོད་པ་དེ་ལགས།
ད་ལྟ་ང་ཚོས་གླེང་བཞིན་པ་འབྲོམ་སྟོད་གུར་མོ་ཆེར་སྐུ་འཁྲུངས་ཞེས་འཁོད་པའི་ལྷ་ལུང་དཔལ་རྡོར་ནི་བཙན་པོ་བཀྲོངས་མཁན་ཏེ། ཕྱི་ལོའི་དུས་རབས་བརྒྱད་པའི་ནང་འཁྲུངས། སྐྱ་མིང་ལ་སྟག་ཉ་བཟང་ཟེར། རྒྱ་བོད་ས་མཚམས་སྲུང་བའི་དམག་དཔོན་མཛད། བི་མ་ལ་མི་ཏ་ལས་རབ་ཏུ་བྱུང་བས། དཔལ་གྱི་རྡོ་རྗེར་བཏགས། སློབ་དཔོན་པདྨ་ལས་བྱང་སེམས་ཀྱི་སྡོམ་པ་ཞུས། བྲག་ཡེར་བར་བྱོན་ནས་སྒོམ་ལ་ཞུགས། ཞེས་བཀོད་དེ་འདུག གང་ལྟར་བསམ་ཡས་ཀྱི་མཁན་རབས་དགུ་པ་རེད། དམངས་ཁྲོད་ཀྱི་ཁ་རྒྱུན་ལ། ལྷ་ལུང་དཔལ་རྡོར་རི་ལ་ཕྱིན་ཀྱང༌།། རྟ་ཕོའི་ཞབས་རྗེས་ཐང་ལ་བཞག། ཅེས་གླེང་སྲོལ་ཡོད། འདི་བས་བཙན་པོ་བཀྲོངས་པའི་ཚུལ་ནི་ལོ་རྒྱུས་རྣམས་སུ་གསལ་བ་དེ་ལྟར་ལགས་ཤིང༌། སྐབས་དེར་བཙན་པོས། ཡང་ན་ལོ་གསུམ་གསོད་པ་སྔས།། ཡང་ན་ལོ་གསུམ་གསོད་པ་འཕྱིས།། ཞེས་བཤད་པར་གྲགས་པ་ཡིན། འདིར་ཆོས་འབྱུང་མེ་ཏོག་སྙིང་པོ་མང་རྩིའི་བཅུད་ནང་གང་གསལ་ཐར་ཆགས་སུ་བཀོད་ན། འདི་ལྟ་སྟེ། ༼དེ་ལ་ཐབས་དང་རྟེན་འབྲེལ་བརྩིས་ནས་ཁོང་རང་གི་འཁོར་ལ་ང་རང་ལོག་ལོག་བར་དུ་རྔ་དང་དྲིལ་བུ་རོལ་མོའི་སྒྲ་ཐུན་དྲུག་ཏུ་མ་ཆག་པར་གྱིས་ཤིག་ཅེས་བསྒོས་ནས། སློབ་དཔོན་སྣུབས་མཁའི་སྙིང་པོ་ལ་ཞུས་པས། ང་ཁམས་ཀྱི་ཟས་སྤངས་པས། དེ་ཁྱེད་ཀྱིས་སྒྲོལ་ཅིག་ལམ་ཐམས་ཅད་མྱུར་དུ་བགྲོད་དོ་གསུངས་ནས་བྱིན་གྱིས་བརླབས་སོ།། དེ་ནས་ཁོང་གིས་རྟ་དཀར་པོ་གཅིག་ལ་སོལ་ཕྱེ་ནག་པོ་བྱུགས་སོ།། བེ་ནག་ནང་དཀར་པོ་ལ་ཕྱི་ནག་པོ་གཅིག་གྱོན། ལྕགས་མདའ་དང༌། ལྕགས་གཞུ་ཞིག་ཐོགས། མདུང་དཀར་པོ་ལ་སོལ་བ་ནག་པོ་བྱུགས་པ་གཅིག་ཁྱེར། ལྷ་སར་ཕྱིན་པའི་དུས་སུ། བཙན་པོ་ན་རེ། ང་ཁམས་གཅིག་ཀྱང་མ་བདེ། མདང་རྨི་ལམ་གཅིག་ཀྱང་ངན། སྙིང་གཅིག་ཀྱང་མི་དགའ་ཟེར་ཞིང༌། ར་སའི་རྡོ་རིང་གི་ཡི་གེ་ཀློག་གིན་འདུག་པ་ལ། ལྷ་ལུང་དཔལ་གྱི་རྡོ་རྗེ་མི་གཅིག་དང་འཕྲད་པས། དེ་ན་རེ། ཇོ་བོ་མི་ནག་གར་འགྲོ་ཟེར་བས། ང་བཙན་པོ་ལ་ཕྱག་བྱེད་པ་ཡིན་ཏེ། རྗེ་གང་ན་བཞུགས་བྱས་པས། རྗེ་རྡོ་རིང་གི་ཡི་གེ་ཀློག་གིན་འདུག་ཟེར། བཙན་པོས་ལྷ་ལུང་དཔལ་གྱི་རྡོ་རྗེ་བྱུང་བ་མཐོང་ནས། མགོན་པོ་ནག་པོ་བྱུང་ཟེར་ནས། གཙུག་ལག་ཁང་དང་དགའ་ལྡན་གྱི་བར་གྱི་མཆོད་རྟེན་ལ་སྐུ་མཉེས་ནས་བཞུགས་འདུག་པའི་མདུན་དུ། ལྷ་ལུང་དཔལ་གྱི་རྡོ་རྗེས་རྟ་བབས་ནས། པུས་མོ་ལ་བརྟེན་ནས་གཞུ་བཀངས་པས། བཙན་པོས་དེ་ཕྱག་བྱེད་པར་གོ་ནས་བཞེངས་འཚལ་ཟེར། ཕྱག་དང་པོ་བྱས། རྟེན་ཕྱག་གཉིས་པ་བྱེད་ཙ་ན་མདའ་ལྟོང་ཁ་སྦྱར། ཕྱག་ཐ་མ་ཟིན་ཏེ་རལ་པ་རྒྱབ་ཏུ་བསྐྱུར། མཐེབ་བཀྲོལ་ཏེ། བཙན་པོའི་བྲང་ལ་བརྒྱབ་ནས། རྒྱལ་པོ་སྡིག་ཅན་དེ་ལྟར་བསད་དོ།། ༽ ཞེས་བཀོད་འདུག གང་ལྟ་འདི་བས་བཀྲོངས་པ་ལ་ཚོམ་མི་དགོས་པ་སྟེ། ལྷ་ལུང་དཔལ་རྡོར་འདི་བ་གཅིག་ནས་བསྟན་པའི་ལར་ཞེན་རྩེ་གཅིག་པ་ཡོད་པ་དང༌། དེ་ཐོག་ཆོས་བློན་དང་དད་ལྡན་ཁག་ཅིག་ནས་རེ་སྐུལ་གྱི་དོན་བཞིན་འདི་འདྲའི་ལས་སྦྱོར་ལ་ཞུགས་པ་སོགས་དེབ་ཐེར་དག་ན་གསལ་ཞིང་འདུག
དེ་རེད། དཀོན་མཆོག་གསུམ་མ་རེད་ན། ལྷ་ལུང་དཔལ་རྡོར་སྔོན་མ་དེས་རྒྱལ་པོ་གླང་དར་བཀྲོང་ཐབས་ཡོད་པ་མ་རེད། ལོ་ཧ་ཅང་རྒན་པོ་ཆགས་ཡོད་རེད། ལྷ་ལུང་དཔལ་རྡོར་སྔ་ཕྱི་གཉིས་ཡོད་དགོས་ངེས་རེད། དཔེ་མིས་ཤོག་གྲངས་བཤད་མི་ཐུབ་རུང་མྱི་ལྡང་གིས་བཤད་པ་བཞིན་ལྷ་ལུང་དཔལ་རྡོར་སྔོན་རྗེས་གཉིས་ཡོད་པ་དངོས་འབྲེལ་རེད།
ལྷ་ལུང་དཔལ་རྡོར་དེས་རྒྱལ་པོ་བཀྲོངས་པ་ནས་བཟུང་། བོད་མི་རིགས་འདི་ཆགས་འཇིགས་ཀྱི་དུར་སར་བརྫངས་ནས། ད་ལྟ་ང་ཚོ་བོད་མིའི་ཁྲག་ཟིན་པ་རྣམས་རྱྒའི་འོག་ཏུ་ཤི་མ་ཤི་མྱངས་ཀྱི་ཡོད། གལ་ཏེ་ལྷ་ལུང་གིས་རྒྱལ་པོ་བཀྲོངས་མེད་ན། ད་ཆའི་བོད་འདི་མི་འདྲ་བ་ཞིག་ཡོང་ངེས།
དཔལ་རྡོར་ལ་བོད་མིའི་རྩ་མེད་གཏོང་མཁན་གྱི་ནག་ཉེས་ཡོད། གལ་ཏེ་བོད་ཀྱི་རྒྱལ་ཁབ་དེ་སླར་གསོ་ཐུབ་པའི་དུས་གཅིག་ཤར་ན། ལྷ་དཔལ་དང་ཁོང་གི་རྗེས་བྲངས་རྣམས་ལ་རྩིས་ཡག་པོ་ཞིག་མ་རྒྱབ་ན་བདེན་པ་དར་མི་ཐུབ།
ལྷ་ལུང་དཔལ་རྡོར་ལོ་ན་མཐོན་པོར་བསླེབས་པ་ཞིག་གིས་རྒྱལ་པོ་གླང་དར་གསོད་མི་ཐུབ་ཟེར་བའི་དཔྱད་གཏམ་ཞིག་འཇའ་ཕེན་དུ་ཡོད་པའི་ཁང་དཀར་ཚུལ་ཁྲིམས་སྐལ་བཟང་ལགས་ནས་བྲིས་ཏེ་སྦྲང་ཆར་དུས་དེབ་ཏུ་སྤེལ་བ་ཞིག་ལ་དེང་སྐབས་རྒྱ་གར་ལྷོ་ཕྱོགས་སུ་ཡོད་པའི་ལྡི་ཚ་བ་འཇིགས་མེད་ཀྱིས་དགག་ལན་ཡག་པོ་ཞིག་བྲིས་ནས་ཁང་དཀར་བ་གནས་སྐབས་རིང་གྲགས་འགུལ་མེད་པ་ཞིག་བཟོས་པ་དེ་དྲན་ཡོང་།
ལོ་རྒྱུས་འབྲི་སར་ངག་རྒྱུན་ཡིག་ཐོག་ཏུ་བཀོད་པ་དེ་ཚོ་ཁྱེར་མ་ཡོང་ན་བཟང་།
བོད་ཀྱི་ལོ་རྒྱུས་ནང་ལྷ་ལུང་དཔལ་རྡོར་གཉིས་ཀྱིས་ག་ལ་ཚད། འུ་དུམ་བཙན་པོ་བཀྲོངས་སྐབས་ཀྱི་ལྷ་ལུང་དཔལ་རྡོར་བཤད་སྐབས་སྲོང་བཙན་སྐབས་ཀྱི་ལྷ་ལུང་དཔལ་རྡོར་ག་རེ་བྱས་ནས་འདིར་ཁྱེར་ཡོང་དགོས་པ་རེད། དེ་ནི་ཨ་ལགས་ཞབས་དྲུང་ཚང་གིས་ཐོན་མིའི་ཞལ་ལུང་ནང་ལོ་གཞོན་སུམ་རྟགས་སློབ་མཁན་ཚོར་གསལ་བཤད་བྱས་ཚར་ཡོད་པ་ཞིག་རེད། ཁྱེད་ཚོས་རྙོག་དྲ་མེད་སར་རྙོག་དྲ་ཁྱེར་མ་ཡོང་ན་བཟང་།
ཡོངས་གྲགས་སུ། རྒྱལ་པོ་གླང་དར་མའི་མགོ་ལ་རྭ་ཡོད་པ། ལྕེ་ཡང་ནག་པོ་ཡིན་པ།
ལྷག་པར་དུ་ཐུགས་སུ་གདོན་གསོལ་བ། སངས་རྒྱས་ཀྱི་བསྟན་པ་བསྣུབས་པ་རེད་ཅེས་བཤད་ཀྱིན་ཡོད། རྒྱལ་པོ་གླང་དར་མས་སངས་རྒྱས་ཀྱི་བསྟན་པ་བསྣུབས་ཚུལ་གྱི་སྐོར་ཐོག་མར་བརྗོད་མཁན་ནི་རྦ་བཞེད་ཞབས་བཏགས་མ་ཡིན་པར་གྲགས། ཕྱིས་སུ་བྱོན་པའི་མཁས་པ་རྣམས་ཀྱིས་རྦ་བཞེད་ཞབས་བཏགས་མའི་ནང་ཇི་གསལ་ལ་བརྟེན་གླང་དར་གྱིས་བསྟན་པ་བསྣུབས་པ་རེད་ཅེས་གསུངས་པ་དང་། ཞབས་བཏགས་མའི་ནང་བསྟན་པ་བསྣུབས་པའི་སྐོར་བཤད་པ་ཙམ་ལས་སྣུབ་དགོས་པའི་རྒྱུ་མཚན་སོགས་བཤད་སྲོལ་མི་འདུག་ཟེར། རྒྱལ་པོ་གླང་དར་གྱི་རིང་། དགེ་འདུན་གྱི་སྡེའི་འཚོ་རྟེན་རྒྱལ་པོའི་བླ་མཛོད་ནས་རྒྱུན་བཅད་པ་དང་། མི་གཞོན་རྣམས་དམག་མིར་འགྲོ་དགོས་པའི་རྐྱེན་བྱས་ཏེ་རབ་ཏུ་བྱུང་བ་རྣམས་བཀག གྲ་བ་འགའ་ཤས་ཁྱིམ་དུ་ཕབ་པའི་ཉེར་ལེན་གྱིས་བསྟན་པ་བསྣུབས་ཞེས་པའི་ཚིག་དུམ་འདི་རྒྱ་ཁྱབ་དུ་སོང་སྲིད་མོད། གླང་་དར་མ་ནི་ཐུགས་ལ་གདོན་གསོལ་མཁན་ཞིག་མིན་པ་དང་། ཁོང་གི་རིང་ལ་སྤྱིའི་ཆ་ནས་སངས་རྒྱས་ཀྱི་བསྟན་པ་དར་ཡོད་པ་ནི། དཔེར་ན། གནའ་རབས་ཀྱི་ཡིག་རྙིང་སྟེ་ཏུན་ཧོང་ཡིག་རྙིང་དུ་གྲགས་པའི་ནང་།
ཡུལ་མཐོ་ས་གཙང་བོད་ཀྱི་ཡུལ།
གངས་རི་མཐོ་ཚང་(གཙང་)ཀུན་གྱི་གཉའ།
ཆུ་བོ་ྐླུང་ཡས་ཀུན་གྱི་མགོ
ལྷ་གཉན་ཡུལ་དབྱིངས་དཀྱིལ་འདི་ན།
རྒྱལ་པོ་ཙ་ཞེས་བྱ་བ་དེ།
ལྷའི་རིགས་ལ་བྱང་ཆུབ་སེམས་དཔའི་རྒྱུ(རྒྱུད)།
ལྷ་སྲས་ཁྲི་སོང་ལྡེའུ་བཙན་གྱིས།
དམ་ཆོས་སློབ་དཔོན་རྒྱ་གར་ཡུལ་ནས་སྤྱན་དྲངས་ཏེ།
མུན་ནག་དཀྱིལ་དུ་སྒྲོན་བཏེག་བཞིན།
རྒྱལ་ཁམས་ཕྱོགས་ཀྱང་སྤྱོད་པར་གནང་།
བྱང་ཆུབ་མཆོག་ཀྱང་ལམ་ལ་བཀོད།
ལྷ་སྲས་ལྷའི་དྲིན་རེ་ཆེ།
བཀའ་ལུང་གཞུང་དང་འཐུན་(མཐུན་)པའི་ཚེ།
ཕྱི་ནང་གཉིས་ཀྱི་སློབ་དཔོན་དང་།
ལས་ཀྱི་མཁས་པ་རྡོ་རྗེ་གསུམ།
མ་འདྲེས་སྤྱོད་ལམ་འདི་ལྟ་བུ།
མཁས་བཙུན་སྤྱོད་ལ་འཁྲུག་པ་མེད།
བོད་ཁམས་ཀུན་ཀྱང་བདེ་ཞིང་སྐྱིད།
ལྷ་སྲས་དར་མ་མན་ཅད་(ཆད)དང་།
འོད་སུས་(སྲུང་)དབོན་སྲས་མན་(ཡན་)ཆད་དུ།
སྤྱི་ནི་དར་ཅིང་རྒྱས་ཅེས་(ཆེས་)པས།
མིར་སྐྱེས་ཀུན་ཀྱང་འགྲུབ་པར་བཞེད། ཅེས་འཁོད་འདུག་པར་མ་ཟད། ད་དུང་ཏུན་ཧོང་ཡིག་རྙིང་དུ། བཙན་པོ་ལྷ་སྲས་འུའི་དུན་བརྟན་གྱི་སྐུ་ཡོན་དུ་བསྔོ་བའི་སྨོན་ལམ་གསོལ་བ། ཆགས་(ཆབ་)འོག་གི་འབངས་ལས་མཆོད་པའི་གནས་སུ་གནང་སྟེ། རང་དབང་བསྐུར་ནས་མྱི་མང་པོ་ཐར་པར་བཀྱེ་ཡང་གྲོལ། ཐར་པའི་སྣོད་དུ་འགྱུར་ཞིང་། འགྲོ་བ་མང་པོ་ལ་ཕན་པ་དང་། བདེ་བའི་དོན་བྱེད་པར་པར་གྱུར་ཅིག བར་ཆད་ཀྱི་བགེགས་དང་བྲལ་ཏེ། ཚེ་ལ་དབང་ཐོབ་པར་སྨོན་ནོ། གཙུག་ལག་ཁང་དང་མཆོད་རྟེན་གསར་བརྩིགས་ཤིང་རྙིང་བཅོམས་ཀྱང་ལྷ་དང་མྱིའི་མཆོད་པའི་རྟེན་ནམ་ཉི་མ་དང་ཟླ་བ་ཡོད་ཀྱི་བར་དུ་དམ་པའི་ཆོས་མྱི་འཇིག་ཀྱང་གནས་པར་གྱུར་ལ་འགྲོ་བ་མང་པོའི་བསོད་ནམས་ཀྱི་གཞིར་གྱུར་ཅིག ཕྱོགས་བརྒྱད་ཀྱི་རྒྱལ་པོ་ཐམས་ཅད་ཀྱང་བཀའ་འོག་ཏུ་འདུས་པ་དང་། ད་ལྟར་བཞུགས་པའི་སྐུ་འདི་ལ་ལྟས་ངན་པ་སྟོན་པ་དང་། བགེགས་དང་ཕས་ཀྱི་རྒོལ་བ་ཐམས་ཅད་ཀྱིས་མི་ཚུགས་ཤིང་སྐུ་ཚེ་གཡུང་དྲུང་དུ་བཞུགས་པར་སྨོན་ནོ་ཞེས་གསལ་བ་འདིའི་ཐོག་ནས་རྒྱལ་པོ་གླང་དར་ནི་ཐུགས་ལ་གདོན་གསོལ་བའི་རྒྱལ་པོ་གཏུམ་སྤྱོད་ཅན་ཞིག་མིན་པར་སྙམ་མོད། འོན་ཀྱང་། རྣམ་པ་ཚོས་ཏུན་ཧོང་ཡིག་རྙིང་དུ་གསལ་བའི་ལུང་འདི་གཉིས་ཐུགས་ལ་བཞེས་ཏེ་ཞིབ་འཇུག་གནང་རོགས།
འུ་དུམ་བཙན་པོའི་སྐོར་འདི་རྙོག་དྲ་ཚ་བོ་ཞིག་རེད། ལུང་དུམ་རེ་ལ་གཞི་བཅོལ་ནས་སྐད་ཆ་མང་པོ་བཤད་རྒྱུ་ཞེ་དྲག་མི་འདུག བོད་ཀྱི་རྒྱལ་རབས་ལོ་རྒྱུས་ནང་ཡོངས་གྲགས་ཀྱི་མི་ངན་ཞིག་ཡིན་པ་མ་ཟད་ཆེན་པོ་ཐང་གི་ལོ་རྒྱུས་ནང་ཡང་ཁོའི་སྐོར་ཡག་པོ་ཞིག་བྲིས་མེད་པ་ཁྱེད་རྣམ་པ་ཚོས་ཤེས་པའི་དོན་དག་ཅིག་རེད། ཁོའི་མགོ་ལ་ར་ཡོད་པ་དང་ལྕེ་ནག་པོ་ཡིན་པ་དེ་ཡང་རྒྱུ་མེད་རྐྱེན་མེད་དུ་ག་ལ་སྐྱེ། གོང་གི་ལུང་ཚིག་འདིས་ཐུགས་ལ་གདོན་གསོལ་མེད་པ་ཅི་ལྟར་སྒྲུབ་ཐུབ།
གཞན་གོང་གི་ལུང་དུམ་དེའི་ནང་། ལྷ་སྲས་དར་མ་མན་ཅད་དང་། འོད་སུས་དབོན་སྲས་མན་ཆད་དུ། སྤྱི་ནི་དར་ཞིང་རྒྱས་ཅེས་པས་ཞེས་པ་དེར་བཟོ་བཅོས་རྒྱབ་ནས་མན་ཆད་ལ་ཡན་ཆད་ཅེས་བཅོས་ཡོད་པ་འདི་ཙམ་ལ་ཡང་བརྟག་དགོས་པའི་གནད་འདུག མ་གཞི་ལུང་ཚིག་འདི་པར་མ་གང་པར་སྐྲུན་གྱི་ཟླ་ཚེས་སོགས་ཁ་གསལ་ཞིག་འབྲི་ཐུབ་ན་ཐུགས་རྗེ་མི་ཆུང་བ་ཞུ།
མགོན་པོ་ཕྱག་གཉིས་ལགས། གོང་དུ་མཆན་དྲངས་པའི་ལུང་དེ་གཉིས་ཧྥ་རན་སིའི་རྒྱལ་ས་ཕ་རེ་སིའི་དཔེ་མཛོད་ཁང་ཞིག་ཏུ་བཞུགས་པའི་ཏུན་ཧོང་ཡིག་རྙིང་རེད། མཁར་རྨེའུ་བསམ་གཏན་རྒྱལ་མཚན་གྱིས་གསར་དུ་རྙེད་པ་པ་དང་། མཆན་དང་པོ་དེ། ཏུན་ཧོང་ཡིག་རྙིང་(A.Macdonald, Y.Imaeda, Choix du documents Tibetains conseives a la Biliotheque nationale, paris 1978 vol.1pi.155)མཆན་གཉིས་པ་དེ། ཏུན་ཧོང་ཡིག་རྙིང་(Louis de la vallee poussin, catalogue of tibetan manuscripts from tun-huang in the India Library, london, 1962, no.689/2)འདི་རེད།
ཉེ་སྔོན་ཞིག་ནས་ཧྥ་རན་སིར་ཡོད་པའི་ཏུན་ཧོང་གི་ཡིག་རྙིང་གི་ཤོག་ཧྲུལ་འགའ་ཉི་ཧོང་ནས་དཔར་དུ་བཏབ་དུ་འདྲ། གཞན་གཞེས་ནིང་ལོར་ཡིན་བསམས་སོང་། བོད་ནས་ཆ་ཚང་དཔར་དུ་བཏབ་ཡོད་པའི་གཏམ་ཞིག་ཐོས།
ཁྱེད་ཀྱིས་ལུང་དུམ་རེ་ལ་གཞི་བཅོལ་ནས་སྐད་ཆ་བཤད་རྒྱུ་མི་འདུག་ཅེས་ལབ་སོང་། ལོ་རྒྱུས་ཤིག་འགྲུབ་བྱེད་ཀྱི་མ་ལག་གཙོ་བོ་ནི་ལུང་དང་ངག་རྒྱུན་རེད། ལྷག་པར་དུ་ཏུན་ཧོང་ཡིག་རྙིང་ནི་ལོ་རྒྱུས་ཀྱི་གཞུང་རྟ་ལྟ་བུ་རེད། ཆོས་འབྱུང་མཁས་པའི་དགའ་སྟོན་ཕུད། དེབ་ཐེར་གཞན་དག་ནི་ལོ་རྒྱུས་ཀྱི་ལེ་ལག་ལྟ་བུའང་རེད་སྙམ།
ལུང་དུམ་རེ་ལ་གཞི་བཅོལ་ནས་སྐད་ཆ་བཤད་རྒྱུ་མི་འདུག་ཅེས་ངས་བཤད་མེད། ལུང་དུམ་རེ་ལ་གཞི་བཅོལ་ནས་སྐད་ཆ་བཤད་རྒྱུ་ལོས་ཡོད། ཡིན་ན་ཡང་། ལུང་དེས་གང་ཞིག་ར་སྤྲོད་ཐུབ་པ་ལས་ལྷག་ཅིག་བཤད་རྒྱུ་མི་འདུག དེ་བས་ངས་ ་་ལུང་དུམ་རེ་ལ་གཞི་བཅོལ་ནས་སྐད་ཆ་མང་པོ་བཤད་རྒྱུ་ཞེ་དྲག་མི་འདུག་་ཅེས་བྲིས་ཡོད། དེ་གཉིས་ལ་ཁྱད་པར་ཆེན་པོ་ཡོད་རེད། ལོ་རྒྱུས་བ་ཞིག་ལ་མཚོན་ན་ལྷག་པར་ཁྱད་པར་ཆེན་པོ་རེད། འདི་ལྟར་ཚིག་ཟུར་རེ་བཅོས་ཤིང་བཅོས་ཤིང་ལོ་རྒྱུས་ཀྱི་ཁ་དོག་གཞན་ཞིག་ལ་བསྒྱུར་བ་ཡིན་ན་ད་ལོ་རྒྱུས་ཇི་ལྟར་འབྲི་དགོས་རེད།
དེ་ཡིན་ན། ཞེ་དྲག་མི་འདུག་ཅེས་བཤད་འདུག ངོ་མ་རེད། ཁྱེད་ཀྱིས་སེམས་ངོར་འཕྲོད་དཀའ་བའི་ལུང་གང་དག་ཡིན་ནམ། ངས་ཀྱང་དེར་བསམ་བློ་གཏོང་གི་ཡིན། ཤོད་དང་།
གླང་དར་གྱི་སྐོར་འདི་ན་ཡང་བལྟ་རྒྱུ་འདུག