ཨེ་མ་ཧོ།
ན་མོ་གུ་རུ་བུདྡྷ་ཛྙྰ་ན་ཡེ།
ཀ་དག་གདོད་མའི་གཞི་དབྱིངས་སུ།།
ལྷུན་གྲུབ་འོད་གསལ་སྙིང་པོའི་གཤིས།།
རང་བཞིན་རྫོགས་པ་ཆེན་པོའི་ཆོས།།
ཀུན་གྱིས་རྟོགས་པའི་དཔལ་དུ་ཤར།།
༡༽ དྲན་པ་ནམ་མཁའི་རྒྱལ་པོ་རུ།།
དུང་བ་སྤྲིན་གྱི་རྒྱ་མཚོར་འཁྱིལ།།
ངེས་ཤེས་རིག་པའི་སྦྲང་ཆར་ཉིད།།
ཕན་བདེ་ནོར་འཛིན་དཔལ་དུ་སྨིན།།
༢༽ བསམ་པ་བཟང་པོའི་ཞིང་ས་རུ།།
བྱམས་པ་ཆེན་པོའི་འབྲུ་དྲུག་སྨིན།།
རྟེན་འབྲེལ་དགེ་བའི་ལོ་ཏོག་ལ།།
ཤེས་བཞིན་ཚུལ་ལྡན་འབྲས་བུ་བརྟས།།
༣༽ བག་ཡོད་གསེར་གྱི་ས་གཞི་རུ།།
དགའ་བ་ཆེན་པོའི་སྤོས་ཆུས་གདལ།།
བླང་དོར་མཁྱེན་པའི་དྲི་བཟང་ཁྱབ།།
ལེགས་བྱས་འཇིག་རྟེན་རྒྱན་ཏུ་མཛེས།།
༤༽ སྲིད་པ་ལས་ཀྱི་གྲོང་ཁྱེར་རུ།།
བསླུ་མེད་དཀོན་མཆོག་རིན་ཆེན་ལ།།
ཡིད་ཆེས་དད་གུས་མེ་ལོང་ངོར།།
ཇི་བཞིན་གསལ་བས་སྐལ་བ་བཟང་།།
༥༽ སྙིང་རྗེ་ཆེན་པོའི་ནོར་བུ་རུ།།
བྱང་ཆུབ་སེམས་ཀྱི་སྨྱུ་གུ་འཁྲུངས།།
ཀུན་ཕན་རང་གཞན་བདེ་བའི་དཔལ།།
སྒོ་གསུམ་ཕྱུག་པར་ཨ་ཧོ་རྨད།།
༦༽ ཐོག་མེད་བསགས་པའི་ཉེས་སྒྲིབ་ལ།།
ཀུན་སེལ་རིགས་བདག་རྡོ་རྗེ་སེམས།།
སྟོབས་བཞི་ཚང་པས་གྲིབ་བསལ་བ།།
གསང་ཆེན་ཐབས་བྱུང་མཆོག་ཏུ་བསྔགས།།
༧༽ དཔག་བསམ་ཤིང་གི་བསིལ་གྲིབ་འོག།།
ཐར་འདོད་ཚོགས་བསགས་ཡེ་ཤེས་དཔལ།།
སྐུ་གསུམ་རྒྱལ་བའི་དཀྱིལ་འཁོར་ལ།།
ལོངས་སུ་སྤྱོད་པ་བསོད་ནམས་བཟང་།།
༨༽ རྒྱལ་བ་ཀུན་འདུས་པདྨ་འབྱུང་།།
སྲས་བཅས་དགྱེས་པའི་གེ་སར་བཞད།།
དགེ་འདུན་སྨིན་གྲོལ་སྙིང་པོ་ཅན།།
རང་རིག་བླ་མའི་རྣལ་འབྱོར་མཐོང་།།
༩༽ མ་ཧྰ་ཡོ་གའི་དཔག་བསམ་ཤིང་།།
ཨ་ནུ་ཡོ་གའི་ལོ་འདབ་རྒྱས།།
ཨ་ཏི་ཡོ་གའི་འབྲུ་བཅུད་གཏམས།།
རིག་འཛིན་རྣམ་བཞིའི་སྨིན་གྲོལ་ཐོབ།།
༡༠༽ འགྲོ་ཁམས་བདེ་བའི་བསོད་ནམས་དཔལ།།
བསྟན་པ་རྒྱས་པའི་ཡེ་ཤེས་ཚོགས།།
དགེ་མཆིས་ཀུན་བཟང་རྒྱན་ཏུ་འབུལ།།
སྨོན་ལམ་རྒྱ་མཚོར་མཐར་ཕྱིན་ཤོག།
ཅེས་པ་འདི་ཡང་རབ་གནས་ཤིང་ལུག་ས་ག་ཟླ་བ་འམ་དུས་ཆེན་གསུམ་འཛོམས་ཀྱི་དུས་བཟང་གི་དཀར་ཕྱོགས་དགའ་བ་དང་པོར་མཁའ་འགྲོ་ཆོས་སྒྲོན་དང་མཁའ་འགྲོ་དཔལ་ལྷ་མོས་གསུང་སྐུལ་དང་རིག་འཛིན་ནམ་མཁའ་རྡོ་རྗེ་སོགས་ཨེ་ཝཾ་ཡིད་བཞིན་ནོར་བུའི་ཆོས་ཚོགས་ཀྱི་དགེ་འདུན་པ་སྤྱི་མགྲིན་ནས་ཡང་ཡང་བཀའ་སྐུར་ངོར་རིག་འཛིན་ཨེ་མ་ཧོས་གང་ཤར་ཐོལ་བྱུང་བྲིས་པས་འགྲོ་བ་སེམས་ཅན་ཀུན་གྱིས་དྲན་པ་ཀུན་བྱེད་ནམ་མཁའི་རྒྱལ་པོའི་དཔལ་ཡོན་ལ་སྤྱོད་པའི་རྒྱུ་རུ་གྱུར་ཅིག་གུ།།
མ་ཧྰ་ཡོ་གའི་དཔག་བསམ་ཤིང་།།
ཨ་ནུ་ཡོ་གའི་ལོ་འདབ་རྒྱས།།
ཨ་ཏི་ཡོ་གའི་འབྲུ་བཅུད་གཏམས།།
རིག་འཛིན་རྣམ་བཞིའི་སྨིན་གྲོལ་ཐོབ།།
འདི་ལ།
བསྐྱེད་པ་མ་ཧའ་ཡོའ་ག་དང་། །
རྫོགས་པ་ཨ་ནུ་ཡོ་ག་གཉིས། །
ཟུང་འཇུག་ཨ་ཏི་ཡོའ་ག་ཡི། །
དབང་བཞི་སྨིནད་ཅིང་གྲོལ་བར་འགྱུར། །
ཞེས་སྦྱར་ན་འགྲིགས་སམ། ལགས།། །།
ཨེ་མ་ཧོ་ངོ་མཚར་ཤིན་ཏུ་ཆེ་བྱུང་།