གཞུང་པ་ཚེ་དབང་བསོད་ནམས།
དཀོན་མཆོག་གསུམ་པོ་རྒྱུན་དུ་སྤྱི་བོར་བཀུར།།
ཁམས་གསུམ་སེམས་ཅན་དོན་དུ་ཡིག་དྲུག་བསོག །
དགའ་དད་སྤྲོ་གསུམ་ངང་ནས་སྦྱིན་པ་གཏོང་།།
ང་རྒྱལ་སྤང་ནས་ས་ཟླར་དགེ་ལས་བསྒྲུབ།།
བཅོ་ལྔ་གནམ་གང་དགེ་ལས་རླབས་ཆེ་བས།།
ཆ་བརྒྱད་སྨྱུང་གནས་སྲུང་ན་དགེ་ཕན་ཆེ།།
ཇ་ནག་རྩམ་པ་དཀར་ཟས་བསྟེན་ལ་རེམ།།
ཉ་ཟླའི་དུས་ལ་ཕྱག་དང་མཆོད་འབུལ་ཟབ།།
ཏ་ཐ་ག་ཏའི་དུས་བཟང་ས་ཟླ་ལ།།
ཐ་མག་ནག་པོའི་དྲི་ངན་རྒྱང་དུ་སྤོང་།།
དམ་ཆོས་འཛིན་པའི་སྟོན་པའི་རྗེས་འཇུག་རྣམས།།
ནོར་བ་མེད་པའི་བསྟན་ལ་འཇུག་པར་འཚལ།།
དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ།།
ཕ་ཆོས་གདམས་ངག་གནད་དུ་སྨིན་པར་མཛོད།།
བུ་རབས་ཚ་རྒྱུད་རྗེས་སུ་འཛིན་པར་ཤོག །
མ་གྱུར་སེམས་ཅན་དུག་ལྔའི་མཚོ་ལས་སྒྲོལ།།
རྩ་བའི་བླ་མའི་ཐུགས་རྗེས་རྒྱང་ནས་གཟིགས།།
ཚེ་རབས་ཀུན་ཏུ་ཡང་དག་ལྟ་བ་སྒོམས།།
འཛད་མེད་ལོངས་སྤྱོད་སྔོན་བསགས་ཚོགས་ལས་བྱུང་།།
ཝ་ར་ན་སི་རྡོ་རྗེ་གདན་སོགས་སུ།།
གཞན་ཕན་ཚོགས་བསག་སྡིག་སྒྲིབ་སྦྱང་ན་དགའ།།
ཟས་ལས་མགོ་འཁོར་མི་ཚེ་སྟོང་པར་རྫོགས།།
འ་ཆད་འུ་ཐུག་འཚོ་བས་འཕོང་པ་རྣམས།།
ཡ་རབས་འཇིག་རྟེན་གཞན་ཕན་བྱ་བ་སྒྲུབས།།
ར་ལུག་དུད་འགྲོའི་ཚེ་སྲོག་སྐྱོབ་པར་མཛོད།།
ལོ་རེ་རྫོགས་དུས་འཆི་བདག་ཉེ་སརའགྲོ །
ཤ་ཚ་ཆེ་བའི་གཏམ་གྱི་ཀ་བཤད་འདི།།
ས་ཟླའི་དུས་བཟང་དཀར་པོའི་དགེ་ལ་བརྩོན།།
ཧ་ཅང་ཐལ་བའི་དགོས་མེད་ཚིག་རྙོག་ལ།།
ཨམ་གཙིགས་མ་སྡམ་ནོར་བར་དགོངས་སེལ་ཞུ།།