སྐྱིད་སྲས།
དེ་རིང་སེམས་རླུང་ལྡང་ཡུན་མཚམས་ཐིག་མི་འདུག།
མདུན་ནས་རྒྱབ་དང་ཐོག་ནས་འོག་ལ་རྒྱུ་བྱུང་།།
གངས་རི་ཨི་ཁུང་རྫ་རི་འགོམ་མྱུག་བྱས་པ།།
དྲན་གདུང་རྩམ་སྐྱ་འགམ་པའི་གློ་གསུད་རེད་འདུག།
སྐྲ་ལོ་གར་སྐྱོད་རླུང་བུའི་ལྡང་ཕྱོགས་དེ་རེད།།
ལུས་གོག་གྱོང་ཐུ་སེམས་པའི་འཕག་སྟངས་འགྲོས་རེད།།
ལག་པ་ས་ལ་བཙུགས་ནས་རྒྱུགས་འདུར་དེ་ཡང་།།
དུད་འགྲོ་ཁོ་ནར་ཡོད་པའི་ལམ་ཁ་མ་རེད།།
ས་རྡུལ་ཕྱི་ནང་བརྩེགས་པའི་སྣབས་དྲུད་དེ་ཡང་།།
སེན་མགོ་ཁྲག་གིས་སྦགས་ནས་རི་མགོ་འགོས་སོང་།།
ལྷམ་གོག་རྣག་གིས་ཁེངས་ནས་ཆུ་རྩར་འབྱོར་དུས།།
ཁྱིམ་ཐབ་འཁྱག་ལ་འབྱར་བའི་ངང་ཚུལ་མཐོང་སོང་།།
ཁ་སང་མཉམ་དུ་སྐྱེས་པའི་གྲིབ་མ་ནག་རིས།།
སྐྱིད་ཀྱི་ཆང་ཕོར་ཞབས་བཏེཊ་མཉམ་གཏུག་རྒྱབ་ཡོད།།
དེ་རིང་གྱང་ཆག་རྩ་ནས་རྒྱང་བལྟ་བྱས་དུས།།
མྱི་ཆེན་གཅིག་ལ་གྲིབ་མ་བཅུ་ལྷག་འཁོར་འདུག།
རི་ཆེན་གཅིག་ལ་རྩེ་མོ་གསུམ་ཙམ་མཐོང་བ།།
རྩེ་མོ་གཅིག་ལ་ལབ་ཙེ་གཉིས་ཙམ་སྣང་བྱུང་།།
རི་བོ་གཅིག་ལ་གཉིས་གསུམ་ལྔ་ཡི་སྣང་ཚུལ།།
མཛུབ་མོ་གཅིག་གིས་བགྲང་བའི་ངལ་བ་མ་བྱས།།
ཕྱག་གཡས་གནམ་ལ་ཀེར་ནས་རིང་དུ་ཕྱིན་སོང་།།
ལག་གཡོན་ས་ལ་ཕབ་ནས་བགྲང་བྱ་འདས་སོང་།།
དབུ་མར་ལུས་པའི་མགོ་བོ་དཀར་པོ་དེ་ཡང་།།
སྐེ་ཚིགས་རྩི་རྐང་ཕྲ་མོའི་རྩེ་ན་ལྷག་འདུག།
གངས་ནས་ཆས་དུས་འབྲོང་རྭ་གསེར་འོད་ཀྲིག་ཀྲིག།
མཐའ་ལ་སླེབས་ཚེ་འབྲོང་སྙིང་རླངས་པ་ཐུལ་ཐུལ།།
དེ་རིང་དཀྱིལ་ན་ཡུ་བོ་རུ་ཐུར་བརླགས་འདུག།
འབྲོང་རྭ་ལས་ཀྱང་འབྲོང་སྙིང་བོར་སྟོར་སྐྱོ་སོང་།།
དགུ་ཆུ་རིང་མོའི་འགྲམ་གྱི་རྡོ་རྡེའུ་ཆུང་ཆུང་།།
ཕ་མས་ཐོད་ལ་ལེན་པར་སེམས་ཀྱིས་མ་ལོངས།།
རང་བློས་དྲུད་ནས་གཞན་ཡུལ་ལུང་པར་སླེབས་ཚེ།།
མར་སྐོགས་ཉི་མར་ལྡེས་པའི་ངང་ཚུལ་གྲུབ་འདུག།
སྒྲོན་མེའི་གསལ་ཆ་ཁྱིམ་གྱི་དྲོད་ཚད་དེ་ཡིན།།
དོ་པོའི་རྔམས་ཁ་ནོམ་གྱི་འབྱོར་བ་ཨེ་ཡིན།།
གླེགས་བམ་དུད་དྲེག་ལོ་རྒྱུས་ཡུན་ཚད་བརྩིས་ན།།
ད་ལོ་ཁྱེད་རང་ཕོ་ལོ་སུམ་ཅུར་ཉེ་འདུག།
ཨ་མྱེས་སྟག་ལུང་ཇག་ལ་ཆས་རབས་དེ་ཡང་།།
ཨ་མ་གྱོ་མོའི་གཏམ་གྱི་རྒྱུ་རུ་སིམ་འདུག།།
དགུ་ཆུ་སྣེ་མོས་སྒུལ་བའི་གསེར་གྱི་ཕ་བོང་།།
མིའུ་ཐུང་སེན་རྩེར་རེག་པའི་སྐལ་བ་མི་འདུག།
2015.5.19 ཉིན།