འཇིགས་མེད་ནུབ་པ།
ཡབ་གཞིས་ཆོས་སྐྱོང་ཚེ་རིང་ལགས་སྤྱི་ལོ་༡༩༤༧ ལོར་ལྷ་སར་སྐུ་གཤེགས། ཁོང་གི་གཤེགས་རྐྱེན་སྐོར་ལ་ལྟ་ཚུལ་མི་མཐུན་པ་ཁ་ཤས་ཤིག་ཡོད་པ་མ་ཟད་། ད་དུང་དེའི་སྐོར་གྱི་དཀྲོགས་གཏམ་དང་གཏམ་ཡན་སོགས་སྣ་ཚོགས་ཤིག་འབྱུང་བཞིན་ཡོད་ལ། དེ་ཚོའི་ཁྲོད་ཀྱི་གཅིག་ནི། ཡབ་གཞིས་ཆོས་སྐྱོང་ཚེ་རིང་དུག་གིས་བཀྲོངས་པ་རེད་ཟེར་བ་དེ་ཡིན། འདི་ནི་མི་སྒེར་བ་གཅིག་དང་གཏམ་སྣ་གཅིག་ལ་བརྟེན་ནས་ཁུངས་སྐྱེལ་ཐུབ་པ་ཞིག་མ་རེད་། འོན་ཀྱང་། ཡབ་གཞིས་ཆོས་སྐྱོང་ཚེ་རིང་གི་ནང་མི་དང་གཉེན་ཉེ་དག་གིས་བྲིས་པའི་བརྩམས་ཆོས་རྣམས་གཞི་ལ་བཞག་ནས་ཞིབ་འཇུག་བྱས་ཚེ། གཅིག་བྱས་ན་གནད་དོན་འདིར་ལན་ཞིག་རྙེད་སྲིད་། དེས་ན། ཡབ་གཞིས་ཆོས་སྐྱོང་ཚེ་རིང་དུག་གིས་བཀྲོངས་པ་ཡིན་ནམ།
ཡབ་གཞིས་ཆོས་སྐྱོང་ཚེ་རིང་གི་གཤེགས་རྐྱེན་སྐོར་ལ་ཡིག་ཐོག་ཏུ་འཁོད་སྔ་ཤོས་ནི་ལྟག་མཚེར་རིན་པོ་ཚེའི་རང་རྣམ་ “བོད་ནི་ངའི་ཕ་ཡུལ་ཡིན་” ཟེར་བ་དེ་རེད་། དེབ་དེ་སྤྱི་ལོ་༡༩༦༡ལོར་དཔར་བསྐྲུན་བྱས་འདུག དེབ་དེའི་ནང་དུ། ལོ་གསར་གྱི་སྔོན་ལ་ཡབ་ཆོས་སྐྱོང་ཚེ་རིང་གི་གྲོད་ཁོག་སྙུང་མགོ་ཚུགས་ཤིང་། སྙུང་གཞི་ཇེ་སྡུག་ལ་ཕྱིན་ནས་ཁྱིམ་མི་རྣམས་ཀྱིས་ཉིན་མཚན་རེས་མོས་སུ་ཁོང་ལ་ལྟ་རྟོག་གནང་བ་མ་ཟད་། སྨན་པ་ཡང་ཁ་ཤས་སྐད་བཏང་ནས་སྨན་བཅོས་བྱས་ཀྱང་ཕན་ཐོགས་མ་བྱུང་ཞིང་། སྙུང་གཞི་ཇེ་སྡུག་ནས་ཇེ་སྡུག་ལ་ཕྱིན་རྐྱེན་ལོ་གསར་སྔོན་ལ་༧རྒྱལ་བ་རིན་པོ་ཆེར་སྙན་གསེང་ཞུ་དགོས་འཁེལ་འདུག འོན་ཀྱང་། མཚན་གཅིག་གི་རྗེས་སུ་ནད་གཞི་ཇེ་དྲག་ཏུ་ཕྱིན་ནས་ཡབ་ཆོས་སྐྱོང་ཚེ་རིང་གིས་་ལོ་གསར་བའི་མཆོད་པ་ཡང་ཁོང་གིས་བཤམས་ཀྱི་ཡིན་ཟེར་ནས་ཨུ་ཚུགས་བྱས་འདུག་ཅིང་། ཡབ་ཀྱི་སྙུང་གཞི་ཇེ་ཡངས་སུ་སོང་བ་དེས་ནང་མི་རྣམས་ལ་རེ་བ་གསར་བ་ཞིག་སྦྱིན་འདུག་པ་མ་ཟད་ཚང་མས་དྲགས་བསྐྱེད་ཡོང་གི་རེད་བསམ་འདུག དེར་བརྟེན། ལྟག་མཚེར་རིན་པོ་ཆེ་སོག་པོའི་གྲྭ་བ་ཞིག་གི་ཁྱིམ་དུ་ལོ་གསར་གྱི་འཚམས་འདྲིར་བསྐྱོད་ཅིང་དེ་རུ་ཡོད་སྐབས་སུ། ཁོང་གི་ཡབ་ཀྱི་སྙུང་གཞི་བསྐྱར་དུ་ཇེ་སྡུག་ལ་ཕྱིན་སོང་ཞེས་གནས་ཚུལ་འབྱོར་འདུག་ཅིང་། ལྟག་མཚེར་རིན་པོ་ཆེ་ཁྱིམ་དུ་སླེབས་དུས་ཡབ་སྐུ་གཤེགས་ཚར་འདུག་ཟེར།(1) དེབ་དེའི་ཁོངས་སུ་ཡབ་ཆོས་སྐྱོང་ཚེ་རིང་གི་སྙུང་གཞི་ཅི་ཞིག་ཡིན་མིན་དང་དེ་ཇི་ལྟར་བྱུང་ཚུལ་སོགས་གླེང་མི་འདུག
ལྟག་མཚེར་རིན་པོ་ཆེའི་རང་རྣམ་དེའི་རྗེས་སུ་རྒྱལ་བ་རིན་པོ་ཆེའི་མཛད་རྣམ་ “ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་” ཞེས་པ་དེ་ཕྱི་ལ་ཐོན་ཡོད་། དེབ་དེའི་ནང་དུ། ཡབ་ཆོས་སྐྱོང་ཚེ་རིང་ནི་སེམས་བཟང་ཞིག་ཡིན་པ་མ་ཟད་སྤྲོ་ཐུང་ཐུང་ཅན་ཞིག་ཀྱང་ཡིན་ཚུལ་དང་། ལྷག་པར་དུ་། ཁོང་རྟ་ལ་ཧ་ཅང་དགའ་བ་མ་ཟད་། རྟ་འདེམས་སྒྲུག་དང་རྟ་གསོ་སྐྱོང་ལ་མཁས་ཞེས་བརྗོད་འདུག(2) གཞན། ཡབ་ཆོས་སྐྱོང་ཚེ་རིང་གི་འདས་གྲོངས་སྐོར་ལ་དམིགས་བསལ་གླེང་སློང་བྱས་མི་འདུག རྒྱལ་བ་རིན་པོ་ཆེའི་མཛད་རྣམ་དེ་སྤྱི་ལོ་༡༩༦༢ལོར་དཔར་བསྐྲུན་བྱས་འདུག དེ་ཡང་། སྤྱི་ལོ་༡༩༩༠་ལོར་རྒྱལ་བ་རིན་པོ་ཆེའི་མཛད་རྣམ་གཉིས་པ་ “བཙན་བྱོལ་ནང་གི་རང་དབང་” ཞེས་པ་དེ་དཔར་བསྐྲུན་བྱས་འདུག་ཅིང་། དེབ་དེའི་ཁོངས་སུ་ཡང་། ཡབ་ཆོས་སྐྱོང་ཚེ་རིང་གི་སྐོར་གླེང་ཡོད་ན་ཡང་། ཁོང་གི་འདས་གྲོངས་སྐོར་གྱི་གནད་དོན་དེ་གླེང་མི་འདུག(3)
ལྟག་མཚེར་རིན་པོ་ཆེ་དང་ཕྱོགས་འདྲ་བ་གླེང་མཁན་གཞན་ཞིག་ནི་རྗེ་བཙུན་པད་མ་ཡིན། རྗེ་བཙུན་པད་མའི་རང་རྣམ་ “བོད་། ངའི་ལོ་རྒྱུས་” ཟེར་བའི་དེབ་དེའི་ནང་དུ། ཡབ་གཞིས་ཆོས་སྐྱོང་ཚེ་རིང་གི་སྐོར་ལ་ཕྱིར་དྲན་འགའ་བྱས་འདུག་པ་མ་ཟད་། ཡབ་གཞིས་ཆོས་སྐྱོང་ཚེ་རིང་ལགས་ཀྱི་སྙུང་གཞི་ཇེ་སྡུག་ལ་ཕྱིན་ཚུལ་དང་དེ་ནས་ཧོབ་སྟེ་དྲགས་བསྐྱེད་བྱུང་ཚུལ། བསྐྱར་དུ་སྙུང་གཞི་ཇེ་སྡུག་ལ་ཕྱིན་ནས་འདས་གྲོངས་སུ་ཕྱིན་པ་མ་གཏོགས་གཞན་གླེང་མི་འདུག(4)
ལྟག་མཚེར་རིན་པོ་ཆེ་དང་རྗེ་བཙུན་པད་མ་གཉིས་ཀྱི་གླེང་ཕྱོགས་དང་ཅུང་མཐུན་པར་གླེང་མཁན་གཞན་ཞིག་ནི་སྟག་ལྷ་ཕུན་ཚོགས་བཀྲ་ཤིས་ཡིན། ཁོང་གི་བརྩམས་ཆོས་ “མི་ཚེའི་བྱུང་བ་བརྗོད་པ་” ཟེར་བ་དེའི་ཁོངས་སུ། ཡབ་གཞིས་ཆོས་སྐྱོང་ཚེ་རིང་ཉིན་ཞིག་ལྷ་སའི་ཉེ་འཁོར་ཡབ་གཞིས་ཀྱི་ “འཁྱོངས་གཞིས་སྣེའུ་གཞིས་” སུ་ཕེབས་ཏེ་གསོལ་ཀྲུམ་ཕག་ཤ་ཞིག་མཆོད་ནས་སྙུང་གཞི་ཕོག་སྟེ་ཟླ་གཅིག་ཙམ་རིང་བོད་སྨན་སོགས་ཀྱི་སྨན་བཅོས་གང་གཟབ་གནང་ཡང་ཕན་བསྐྱེད་མ་བྱུང་བར་སྐུ་གཤེགས་པ་རེད་ཞེས་བརྗོད་འདུག(5) སྟག་འཚེར་རིན་པོ་ཆེ་དང་རྗེ་བཙུན་པད་མ་གཉིས་ཀྱི་རང་རྣམ་ཁོངས་སུ་ཡབ་ཆོས་སྐྱོང་ཚེ་རིང་གིས་ཕག་ཤ་མཆོད་པའི་སྐོར་གླེང་མི་འདུག
སྤྱི་ལོ་༢༠༠༠ལོར། རྒྱལ་ཡུམ་ཆེན་མོའི་རང་རྣམ་ “ཏཱ་ལའི་བླ་མ། ངའི་བུ་” ཟེར་བ་དེ་དཔར་བསྐྲུན་བྱས་འདུག་ཅིང་། དེབ་དེའི་ནང་དུ། ཡབ་གཞིས་ཆོས་སྐྱོང་ཚེ་རིང་ལགས་ཉིན་ཞིག་གདའ་མ་ཁ་(Damaka)གཞིས་ཀར་སོང་ནས་ཕྱིར་ལོག་རྗེས་ཁོང་གི་གྲོད་ཁོག་སྙུང་མགོ་ཚུགས་འདུག་པ་དང་། ནད་གཞི་དེ་ཇེ་སྡུག་ཏུ་ཕྱིན་ནས་ཟླ་ངོ་གཅིག་ལྷག་ཙམ་ཕྱིན་ཅིང་དེའི་རྗེས་སུ་ཁོང་སྐུ་གྲོངས་འདུག ཁོང་སྐུ་གྲོངས་རྗེས་ཁོང་གི་ཤངས་དང་གཞང་གཉིས་ནས་ཁྲག་ཐོན་འདུག་པ་མ་ཟད་། གཞིས་ཀའི་ཕྱག་མཛོད་ཞིག་གིས་ཁོང་ལ་དུག་སྤྲད་པ་རེད་ཞེས་བརྗོད་འདུག(6)
རྒྱལ་ཡུམ་ཆེན་མོའི་ལྟ་ཚུལ་དང་མཐུན་པར་གླེང་མཁན་ཞིག་ནི་དྲུང་ཡིག་ལྷ་མོ་ཚེ་རིང་ཡིན། ཁོང་གི་བརྩམས་ཆོས་ “བཙན་རྒོལ་རྒྱལ་སྐྱོབ” ཟེར་བ་དེའི་ཁོངས་སུ། ཡབ་གཞིས་ཆོས་སྐྱོང་ཚེ་རིང་སྐུ་གཤེགས་རྐྱེན་ནི་དགུང་ལོ་བགྲེས་པོ་དང་སྙུང་གཞི་སོགས་མིན་པར་བསམ་སྦྱོར་ངན་པས་འདས་གྲོངས་སོང་བ་ཞིག་ཡིན་པའི་བློ་དྭོགས་སྐྱེ་གཞི་ཆགས་ཡོད་ཚུལ་དང་། ཉིན་ཞིག་ལྷ་སའི་སྐྱིད་ཆུའི་ལྷོ་ངོས་སུ་ཡོད་པའི་ཡབ་གཞིས་ “ར་མ་སྒང་” ལ་གཟིགས་སྐོར་ཆིབས་བསྒྱུར་གནང་སྟེ། གཞིས་ཀའི་ནང་དགོང་མོའི་གསོལ་ཚིགས་བཞེས་རྗེས་ཡུན་རིང་མ་ཕྱིན་པར་གྲོག་ཁོག་ལ་ངར་ཟུག་བརྒྱབ་ནས་སྙུང་གཞི་ཚབས་ཆེ་ཕོག་ཞིང་། ད་དུང་། ཟླ་གཅིག་རིང་ལྷ་རྗེ་སོགས་བསྟེན་ཡང་དྲགས་བསྐྱེད་མ་བྱུང་བར་དགོངས་པ་རྫོགས་ཚུལ་བཀོད་འདུག་ཅིང་། ལྷག་པར་དུ་། དགོངས་པ་རྫོགས་དུས་ཞལ་མདངས་ནག་པོར་གྱུར་བ་དང་ཤངས་དང་གཞང་སོགས་ནས་ཁྲག་ཐོན་ཡོད་ཚུལ་གླེང་འདུག(7)
རྒྱ་ལོ་དོན་གྲུབ་ཀྱིས་ཀྱང་རྒྱལ་ཡུམ་ཆེན་མོ་དང་དྲུང་ཡིག་ལྷ་མོ་ཚེ་རིང་གཉིས་ཀྱི་ལྟ་ཚུལ་དང་མཐུན་པར་གླེང་འདུག ཁོང་གི་བརྩམས་ཆོས་ “ཀ་ལི་སྤུངས་ཀྱི་ཐུག་བཟོ་བ་” ཞེས་པ་དེའི་ནང་ན། རྒྱ་ལོ་དོན་གྲུབ་ཁོང་དང་རྒྱལ་ཡུམ་ཆེན་མོ་གཉིས་ཚུད་པའི་མི་མང་པོ་ཞིག་གིས་ཡབ་ཆོས་སྐྱོང་ཚེ་རིང་ལ་ “གླང་ཆེན་སྨྱོན་པ་” ཟེར་བའི་དུག་ཞིག་སྤྲད་ཡོད་པར་ཡིད་ཆེས་བྱེད་ཀྱི་ཡོད་པ་མ་ཟད་། དུག་དེས་འཇུ་བྱེད་ཀྱི་མ་ལག་ཆ་ཚང་སྒོ་བརྒྱབ་ནས་བཟའ་བཏུང་བྱེད་མི་ཐུབ་པ་བཟོ་བ་དང་། དུག་ཕོག་མཁན་དེ་ག་ལེར་ལྟོགས་ཡོང་གི་རེད་ཟེར། ལྷག་པར་དུ་། ཡབ་ཆོས་སྐྱོང་ཚེ་རིང་ལགས་ཉིན་ཞིག་ཡབ་གཞིས་ “ར་མ་སྒང་” དུ་དགོང་ཟས་ལ་ཕྱིན་ནས་ཕྱིར་འཁོར་མཚམས་སྙུང་མགོ་ཚུགས་ཡོད་ཅིང་། དེ་ཡང་གཞིས་ཀའི་ནང་གི་ཕྱག་མཛོད་ཞིག་གིས་སྟག་བྲག་གཞུང་གི་བཀོད་ཇུས་ལྟར་ཡབ་ཆོས་སྐྱོང་ཚེ་རིང་ལ་དུག་སྤྲད་པ་རེད་ཟེར།(8) རྒྱ་ལོ་དོན་གྲུབ་ལ་ཡབ་ཆོས་སྐྱོང་ཚེ་རིང་བསད་པ་རེད་ཟེར་མཁན་ཐོག་མ་ནི་ལྟག་མཚེར་རིན་པོ་ཆེ་ཡིན་བརྗོད་འདུག་ལ། ཁོང་གི་གཅེན་མོ་ཚེ་རིང་སྒྲོལ་མས་ཀྱང་དེ་ལ་ཡིད་ཆེས་བྱེད་ཀྱི་འདུག་ཟེར། འོན་ཀྱང་། ལྟག་མཚེར་རིན་པོ་ཆེ་དང་གཅེན་མོ་གཉིས་ཀར་དཔང་རྟགས་མི་འདུག་ཞེས་བརྗོད་འདུག(9)
༧རྒྱལ་བ་རིན་པོ་ཆེའི་མཛད་རྣམ་དབྱིན་དེབ་གཉིས་ཀྱི་ཁོངས་སུ་ཡབ་ཆོས་སྐྱོང་ཚེ་རིང་ལ་དུག་སྤྲད་ནས་བཀྲོངས་ཚུལ་སོགས་གླེང་མེད་པར་མ་ཟད་། དེའི་སྐོར་ཙམ་ཡང་བརྗོད་མི་འདུག ༧རྒྱལ་བ་རིན་པོ་ཆེ་ལ་དངོས་སུ་མཇལ་མྱོང་མཁན་བོད་རིགས་མཁས་པ་འགའ་ཡིས་གུས་བར་རྒྱལ་བ་རིན་པོ་ཆེས་ཡབ་ཆོས་སྐྱོང་ཚེ་རིང་དུག་གིས་བཀྲོངས་པ་རེད་ཟེར་བ་དེར་མོས་མཐུན་གནང་གི་མི་འདུག་གསུངས་མོད་། དེ་ཡིག་ཐོག་ལ་འཁོད་པ་ད་ལྟ་ཚུན་ལ་ངེད་ཀྱིས་རྙེད་མ་བྱུང་། འོན་ཀྱང་། “ཀ་ལི་སྤུངས་ཀྱི་ཐུག་བཟོ་བ་” ཟེར་བའི་དེབ་ཀྱི་རྩོམ་པ་པོ་ཨན་ནེས་ཐིར་སི་ཀྲོན(Anne Thurston)ལགས་ཀྱིས་དེབ་ཀྱི་མཇུག་བྱང་གི་ཁོངས་སུ་དེའི་སྐོར་གླེང་ཡོད་པ་མ་ཟད་། མཆན་གྱི་ངོ་བོར་ཡང་བཀོད་འདུག དེ་ཡང་། སྤྱི་ལོ་༢༠༡༤ལོའི་ཟླ་གསུམ་པའི་ཚེས་བདུན་ཉིན། རྩོམ་པ་པོ་ཨན་ནེས་ཐིར་སི་ཀྲོན(Anne Thurston)ལགས་༧རྒྱལ་བ་རིན་པོ་ཆེ་ལ་མཇལ་ཞིང་། ཁོང་གཉིས་ཀྱིས་བོད་ནང་གི་མི་གསོད་དོན་རྐྱེན་གསུམ་གྱི་སྐོར་གླེང་མོལ་བྱས་འདུག་ལ། ༧རྒྱལ་བ་རིན་པོ་ཆེས་ཡབ་གཞིས་ཆོས་སྐྱོང་ཚེ་རིང་ལ་དུག་སྤྲད་ནས་བཀྲོངས་པ་རེད་ཟེར་བ་དེར་མོས་མཐུན་གནང་གི་མི་འདུག་བརྗོད་འདུག(10) ད་དུང་རྩོམ་པ་པོས། ཡབ་གཞིས་ཆོས་སྐྱོང་ཚེ་རིང་གི་འདས་རྐྱེན་དེ་བོད་མིའི་ཁྲོད་དུ་འབྱུང་ཆེ་བའི་མིད་པའི་སྐྲན་ནད་(Esophageal cancer)ཟེར་བ་ཞིག་དང་འབྲེལ་བ་ཡོད་པའི་དོགས་སློང་ཡང་བྱས་འདུག(11)
ཞོར་ནས་གླེང་དགོས་བའི་གནད་དོན་གཞན་ཞིག་ནི། ཡབ་གཞིས་ཆོས་སྐྱོང་ཚེ་རིང་ཉིན་མོ་དེར་གང་ལ་ཕེབས་པའི་སྐོར་ལ་མི་མཐུན་པ་འགའ་འདུག རྒྱ་ལོ་དོན་གྲུབ་དང་དྲུང་ཡིག་ལྷ་མོ་ཚེ་རིང་གཉིས་ཀྱིས་ཡབ་ཆོས་སྐྱོང་ཚེ་རིང་ “ར་མ་སྒང་” དུ་ཕེབས་པ་རེད་བརྗོད་འདུག(12) རྒྱལ་ཡུམ་ཆེན་མོ་བདེ་སྐྱིད་ཚེ་རིང་གིས་ “གདའ་མ་ཁ་(Damaka)གཞིས་ཀར་” ཕེབས་པ་རེད་བརྗོད་འདུག(13) (འདིའི་སྐབས་ཀྱི་གདའ་མ་ཁ་ཟེར་བ་འདི་ར་མ་སྒང་གི་སྒྲ་དབྱིན་སྐད་དུ་ཇི་བཞིན་མ་ཐོན་པ་མིན་འགྲོ་དྲན། འོན་ཀྱང་། ཞིབ་འཇུག་པ་ཚོས་བརྟག་པར་འཚལ) སྟག་ལྷ་ཕུན་ཚོགས་བཀྲ་ཤིས་ཀྱིས་ “འཁྱོངས་གཞིས་སྣེའུ་གཞིས་” སུ་ཕེབས་པ་རེད་བརྗོད་འདུག(14) མི་མཐུན་པ་གཞན་ཞིག་ནི་ཡབ་གཞིས་ཆོས་སྐྱོང་ཚེ་རིང་སྐུ་གཤེགས་པའི་ལོ་ཚིགས་ཀྱི་སྐོར་དེ་རེད་། དྲུང་ཡིག་ལྷ་མོ་ཚེ་རིང་གིས་ཡབ་གཞིས་ཆོས་སྐྱོང་ཚེ་རིང་སྐུ་གྲོངས་པའི་ལོ་དེ་སྤྱི་ལོ་༡༩༤༥ ཡིན་པར་ངོས་འཛིན་བྱས་འདུག(15) སྟག་ལྷ་ཕུན་ཚོགས་བཀྲ་ཤིས་ཀྱིས་༡༩༤༦ ལོ་ཡིན་པར་ངོས་འཛིན་གནང་འདུག(16) རྒྱལ་ཡུམ་ཆེན་མོ་དང་རྗེ་བཙུན་པད་མ་སོགས་ཀྱིས་སྤྱི་ལོ་༡༩༤༧ ཡིན་པར་ངོས་འཛིན་གནང་འདུག(17)
བསྐྱར་དུ་འདྲི་རྒྱུར། ཡབ་གཞིས་ཆོས་སྐྱོང་ཚེ་རིང་དུག་གིས་བཀྲོངས་པ་ཡིན་ནམ། ཞིབ་འཇུག་རྩོམ་ཡིག་འདིའི་དཔྱད་གཞིའི་ཡིག་ཆ་ཁག་གཞིར་བཞག་ནས་བརྗོད་ན། ཡབ་གཞིས་ཆོས་སྐྱོང་ཚེ་རིང་གི་འདས་གྲོངས་སྐོར་ལ་རྒྱལ་བ་རིན་པོ་ཆེ་དང་རྒྱལ་ཡུམ་ཆེན་མོ། ལྟག་མཚེར་རིན་པོ་ཆེ། རྒྱ་ལོ་དོན་གྲུབ། རྗེ་བཙུན་པད་མ། སྟག་ལྷ་ཕུན་ཚོགས་བཀྲ་ཤིས། དྲུང་ཡིག་ལྷ་མོ་ཚེ་རིང་བཅས་ཀྱི་ཁྲོད་དུ་གཅིག་གྱུར་གྱི་ལྟ་ཚུལ་ཞིག་བྱུང་མེད་། གཅིག་གྱུར་གྱི་ལྟ་ཚུལ་ཞིག་བྱུང་མི་འདུག་ཟེར་བ་ནི་ཞིབ་འཇུག་རྩོམ་ཡིག་འདིའི་མཐའ་སྡོམ་ཡང་ཡིན། གཞན། ངེད་ཀྱིས་འདི་རུ་ཞིབ་འཇུག་པ་སྒེར་བའི་བསམ་ཚུལ་དང་ཚོད་དཔག དོགས་འདྲི་བཅས་གཙོ་བོར་བཟུང་མེད་པར་དཔྱད་གཞིའི་རྒྱུ་ཆ་ཁག་གཙོ་བོར་བཟུང་ཡོད་ཅིང་། དཔྱད་གཞིའི་རྒྱུ་ཆ་རྣམས་ལ་ཁ་གྲག་ཏུ་བཅུག་ཡོད་། དཔྱད་གཞིའི་རྒྱུ་ཆ་རྣམས་ལ་ཁ་གྲག་ཏུ་འཇུག་རྒྱུ་ནི་ཞིབ་འཇུག་གི་རྩ་དོན་ཞིག་ཀྱང་ཡིན།
……………………………………………..
དཔྱད་གཞིའི་ཡིག་ཆ་ཁག
1) ཐུབ་བསྟན་འཇིགས་མེད་ནོར་བུ་དང་ Heinrich Harrer དེབ་མིང་། “Tibet is My Country”(བོད་ནི་ངའི་ཕ་ཡུལ་ཡིན) དཔར་བསྐྲུན། “E.P. Dutton & Co. Inc. སྤྱི་ལོ་༡༩༦༡ ཤོག་ངོས།(195,196)
2) བསྟན་འཛིན་རྒྱ་མཚོ། དེབ་མིང་། “My Land and My People”(ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་།) དཔར་བསྐྲུན། “The McGraw-Hill Book Company, Inc.” སྤྱི་ལོ་༡༩༦༢ ཤོག་ངོས།(19)
3) བསྟན་འཛིན་རྒྱ་མཚོ། དེབ་མིང་། “Freedom in Exile” (བཙན་བྱོལ་ནང་གི་རང་དབང་།) དཔར་བསྐྲུན། “Hodder and Stoughton Ltd” སྤྱི་ལོ༡༩༩༠ ཤོག་ངོས།(7,18)
4) རྗེ་བཙུན་པད་མ། དེབ་མིང་། “Tibet-My Sotry” (བོད་། ངའི་ལོ་རྒྱུས།) དཔར་བསྐྲུན། “Element Books Limited” སྤྱི་ལོ་༡༩༩༧ ཤོག་ངོས།(11, 12, 27)
5) སྟག་ལྷ་ཕུན་ཚོགས་བཀྲ་ཤིས། དེབ་མིང་། མི་ཚེའི་བྱུང་བ་བརྗོད་པ། (དེབ་ཕྲེང་དང་པོ) དཔར་བསྐྲུན། བོད་ཀྱི་དཔེ་མཛོད་ཁང་། སྤྱི་ལོ།༡༩༩༥ ཤོག་ངོས།(237)
6) མཁས་གྲུབ་དོན་གྲུབ། དེབ་མིང་། “Dalai Lama, My Son” (ངའི་བུ། ཏཱ་ལའི་བླ་མ།) དཔར་བསྐྲུན་ཁང་། “Penguin Books Ltd” སྤྱི་ལོ་༢༠༠༠ ཤོག་ངོས།(129, 130)
7) དྲུང་ཡིག་ལྷ་མོ་ཚེ་རིང་། དེབ་མིང་། བཙན་རྒོལ་རྒྱལ་སྐྱོབ། (དེབ་ཕྲེང་དང་པོ) དཔར་བསྐྲུན། བོད་ཀྱི་དཔེ་མཛོད་ཁང་། སྤྱི་ལོ་༡༩༩༢ ཤོག་ངོས།(39,40)
8)རྒྱ་ལོ་དོན་གྲུབ་དང་Anne Thurston དེབ་མིང་། “The Noodle Maker of Kalimpong” (ཀ་ལི་སྤུངས་ཀྱི་ཐུག་བཟོ་བ།) དཔར་བསྐྲུན། “PublicAffairs” སྤྱི་ལོ་༢༠༡༥ ཤོག་ངོས།(66)
9) རྒྱ་ལོ་དོན་གྲུབ་དང་Anne Thurston དེབ་མིང་། “The Noodle Maker of Kalimpong” (ཀ་ལི་སྤུངས་ཀྱི་ཐུག་བཟོ་བ།) དཔར་བསྐྲུན། “PublicAffairs” སྤྱི་ལོ་༢༠༡༥ ཤོག་ངོས།(67)
10) རྒྱ་ལོ་དོན་གྲུབ་དང་Anne Thurston དེབ་མིང་། “The Noodle Maker of Kalimpong” (ཀ་ལི་སྤུངས་ཀྱི་ཐུག་བཟོ་བ།) དཔར་བསྐྲུན། “PublicAffairs” སྤྱི་ལོ་༢༠༡༥ ཤོག་ངོས།(325)
11) རྒྱ་ལོ་དོན་གྲུབ་དང་Anne Thurston དེབ་མིང་། “The Noodle Maker of Kalimpong” (ཀ་ལི་སྤུངས་ཀྱི་ཐུག་བཟོ་བ།) དཔར་བསྐྲུན། “PublicAffairs” སྤྱི་ལོ་༢༠༡༥ ཤོག་ངོས།(303)
12) རྒྱ་ལོ་དོན་གྲུབ་དང་Anne Thurston དེབ་མིང་། “The Noodle Maker of Kalimpong” (ཀ་ལི་སྤུངས་ཀྱི་ཐུག་བཟོ་བ།) དཔར་བསྐྲུན། “PublicAffairs” སྤྱི་ལོ་༢༠༡༥ ཤོག་ངོས།(66)
12) དྲུང་ཡིག་ལྷ་མོ་ཚེ་རིང་། དེབ་མིང་། བཙན་རྒོལ་རྒྱལ་སྐྱོབ། (དེབ་ཕྲེང་དང་པོ) དཔར་བསྐྲུན། བོད་ཀྱི་དཔེ་མཛོད་ཁང་། སྤྱི་ལོ་༡༩༩༢ ཤོག་ངོས།(39)
13) མཁས་གྲུབ་དོན་གྲུབ། དེབ་མིང་། “Dalai Lama, My Son” (ངའི་བུ། ཏཱ་ལའི་བླ་མ།) དཔར་བསྐྲུན་ཁང་། “Penguin Books Ltd” སྤྱི་ལོ་༢༠༠༠ ཤོག་ངོས།(129)
14) སྟག་ལྷ་ཕུན་ཚོགས་བཀྲ་ཤིས། དེབ་མིང་། མི་ཚེའི་བྱུང་བ་བརྗོད་པ། (དེབ་ཕྲེང་དང་པོ) དཔར་བསྐྲུན། བོད་ཀྱི་དཔེ་མཛོད་ཁང་། སྤྱི་ལོ།༡༩༩༥ ཤོག་ངོས།(237)
15) དྲུང་ཡིག་ལྷ་མོ་ཚེ་རིང་། དེབ་མིང་། བཙན་རྒོལ་རྒྱལ་སྐྱོབ། (དེབ་ཕྲེང་དང་པོ) དཔར་བསྐྲུན། བོད་ཀྱི་དཔེ་མཛོད་ཁང་། སྤྱི་ལོ་༡༩༩༢ ཤོག་ངོས།(39)
16) སྟག་ལྷ་ཕུན་ཚོགས་བཀྲ་ཤིས། དེབ་མིང་། མི་ཚེའི་བྱུང་བ་བརྗོད་པ། (དེབ་ཕྲེང་དང་པོ) དཔར་བསྐྲུན། བོད་ཀྱི་དཔེ་མཛོད་ཁང་། སྤྱི་ལོ།༡༩༩༥ ཤོག་ངོས།(237)
17) མཁས་གྲུབ་དོན་གྲུབ། དེབ་མིང་། “Dalai Lama, My Son” (ངའི་བུ། ཏཱ་ལའི་བླ་མ།) དཔར་བསྐྲུན། “Penguin Books Ltd” སྤྱི་ལོ་༢༠༠༠ ཤོག་ངོས།(129)
17) རྗེ་བཙུན་པད་མ། དེབ་མིང་། “Tibet-My Sotry” (བོད་། ངའི་ལོ་རྒྱུས།) དཔར་བསྐྲུན། “Element Books Limited” སྤྱི་ལོ་༡༩༩༧ ཤོག་ངོས།(11)
བཀླགས་སོང་། ཞིབ་འཇུག་གི་རིན་ཐང་ཅན་གྱི་དཔྱད་རྩོམ་འདི་ལྟ་བུ་མང་ཙམ་འབྲི་རོགས་གནང་་་་
བཀླགས་ཟིན།་་དཔྱད་རྩོམ་ཡག་པོ་བྲིས་འདུག
དཔྱད་པ་མང་པོ་བཏང་འདུག ཡིན་ན་ཡང་། འདིའི་རིགས་ཀྱི་ལོ་རྒྱུས་ལ་ཕུ་འདེད་ཕུགས་འདེད་ཡང་ཡང་བྱས་ན་སྐྱག་དྲི་ཐལ་ལེར་ཡོང་གི་རེད་ད། །
ཡབ་གཞིས་སྐུ་དཀྲོངས་པའི་སྐོར་དང་རཱ་སྒྲེང་སྐུ་དཀྲོང་པའི་སྐོར་སོགས་ལ་
ཞིབ་འཇུག་ནན་པོ་གནང་ཐུབ་མཁན་གྱི་ཕོ་རབས་་ཡོད་ན་དགའ་བསུ་ཡོད་།
དེ་ནས་སྡེ་པ་གཞུང་གི་སྐུ་དྲག་ཚོའི་རང་གི་མཁེ་ཕན་སྲུང་སྐྱོབས་ཆེད་ལས་
དཀའ་ག་འདྲ་བྱས་ཡོད་མེད་དང་བོད་རྒྱ་མི་ལ་ག་འདྲ་བྱས་ནས་བརྩོང་ཡོད་
གསལ་པོ་ཆགས་ཀྱི་རེད་དོ་།
ཐུགས་རྗེ་ཆེ་།བཀྲིན་ཆེ་།
དེབ “Dalai Lama, My Son” (ངའི་བུ། ཏཱ་ལའི་བླ་མ།) འདི་རྩོམ་མཁན་མཁས་གྲུབ་དོན་གྲུབ་མ་རེད། རྒྱལ་ལོ་དོན་གྲུབ་ལགས་ཀྱི་བུ་མོ་རེད། ཡིན་ནའང་། མིང་དྲན་མ་སོང་།
བལྟས་ཡིན། ཀླད་པ་དཀྲུག་སྤྱད་ཡག་པོ་འདུག།
ཟླ་བ་གཅིག་ཙམ་བོད་སྨན་བསྟེན་སྐབས། སྨན་པས། དུག་ད་ཕར་ཞོགས། ཟས་དུག་ཙམ་ཡང་ཤོར་ཡོད་མེད་སྐོར་ལ། དུག་བཏང་བའི་ཕྱོགས་ཀྱིས་གང་ཡང་བྲིས་མེད་པ་འདྲ།
གནམ་ལོ་ཡག་ལ་ག་དུས་ཡིན་ན་གོ་ལོག་ཉན་ལོག་ཅིག་བྱུང་སྟེ་གོ་ཤེས་ཉན་ཤེས་མི་ཤེས་པའི་ན་ཚ་ཅིག་བྱུང་ཡོད་ས་རེད།དེབ་དེ་དབྱིན་ཡིག་ལམ་ཕབ་མཁན་རྒྱལ་ལོའི་མཁས་གྲུབ་རེད་ད།ཁོ་རང་གི་པར་དང་བཅས་པ་དེབ་ཀྱི་རྒྱབ་ཤ་ནང་མར་བཀོད་འདུག་མ་གཏོགས།རྒྱལ་ལོའི་བུ་མོ་མ་རེད་ད།ཡང་མིན་ན་ཁྱེད་ལ་རྒྱ་ཡིག་དཔར་མ་དེས་མགོ་བསྐོར་བཏང་ཡོད་ས་རེད།
རྒྱལ་ལོ་བུ་མཁས་གྲུབ་ལ་བཅོས་རོགས
ཨ་ལ་ལ། ༸རྒྱལ་དབང་མཆོག་གི་ཡབ་ཀྱང་སྐུ་དཀྲོངས་ནུས་པ་དཔེ་རེད།སྡེ་པ་གཞུང་རྩ་འཐོར་དུ་ཕྱིན་པ་དེ་བཟང་གི་མ་གཏོགས། ༸སྐུ་ཕྱྭ་ལའང་གནོད་པ་ཐེབས་རྒྱུ་རེད། ད་བར་༸རྒྱལ་དབང་སྐུ་ཕྲེང་རིམ་བྱོན་མང་པོ་ཞིག་སྐུ་གཞོན་དུས་ནས་གཤེགས་པ་རྣམས་ཀྱང་མི་དབང་ས་ཡི་ཚངས་པ་ཚོའི་བྱས་རྗེས་མིན་ནམ་བསམ་ནས་དྭོགས་པ་སྐྱེ་བཞིན་འདུག གུང་ཁྲན་གྱིས་སྐུ་དྲག་མི་དྲག་གི་ལམ་ལུགས་རྩ་མེད་བཏང་བར་བཀའ་དྲིན་ཞུ་དགོས་འདུག
འཇོན་མཁན་ཡང་སྐུ་དྲག་རེད། ནོར་མཁན་ཡང་སྐུ་དྲག་རེད། གཞན་རྣམས་ནི། ་་་་་་་་་་་་་་་་་་་
སྡེ་པ་གཞུང་ལ་ཡོད་པ་དེ་རྩུབ་བརྡར་རེད། ང་ཚོའི་གོ་སར་མིའི་མིག་རིལ་བཏོན་སོང་། རླིག་རིལ་བཏོན་སོང་། དུག་སྤྲད་སོང་། སྐུ་དྲག་དེ་ཚོ་ངོ་མ་མི་ངན་པ་རེད། སྐུ་དྲག་དེ་ཚོས་ཁ་ནས་སྙན་པོ་བཤད་ཤེས་ཀྱི་རེད། འོ་ཙི་ལ། དེ་འདྲས་མ་གསུངས་མ་གཏོགས་སྡིག་པ་ཡོད་རེ་ད་ཟེར་གྱི་རེད། ལས་ཀ་བྱེད་དུས། ཁ་ནས་མ་ནི་བགྲང་བཞིན་དུ། ཨ། རེད་རེད། སྔོན་ལ་རིན་པོ་ཆེའི་རླིག་རིལ་གཉིས་རྩ་བསྐོག་གཏོང་། དེ་ནས་ཉིན་ཤས་སྐད་ངན་རྒྱག་བཅུག་ནས་ཞོག ཨོ་རེད། ཞོར་ལ་སྐུ་ངོ་ལུང་ཤར་གྱི་མིག་རིལ་གཉིས་བླངས་ཤོག ཨོ་མ་ཎི་པད་མེ་ཧུམ། ཟེར།
ཨ་ལས་ཡབ་གཞིས་ཚང་སྐུ་དྲག་ཁོངས་སུ་མ་འདུས་པ་ཡིན་པ་འདྲ། ངས་ནི་ཡབ་གཞིས་ཚང་ལ་སྐུ་དྲག་གི་ཐོབ་གོ་དབང་སྐུ་དྲག་གཞན་ལས་ལྷག་ཅིག་མེད་ན་ཡང་འོག་ཏུ་ལུས་ཡོད་པ་མ་རེད་དྲན་ཡོད། གནས་ཚུལ་འདི་བོད་ཀྱི་མཐོ་རིམ་མི་སྣའི་དབང་ཆའི་འཐབ་རྩོད་ཀྱི་ཆ་ཤས་ཞིག་རེད་ལ། ཆ་ཤས་ནང་ཕམས་ཉེས་སུ་སོང་བའི་ནད་རྙིང་སྐྱར་ལངས་ཞིག་ཡིན་ཚོད་འདུག།
གནམ་ལོའི་བཤད་པའང་བདེན་པ་རེད། དཔེ་དེབ”Dalai Lama, my son” ཞེས་པ་ཐོགས་མ་འབྲི་མཁན་རྒྱ་ལོའི་བུ་མོ་དབྱངས་འཛོམས་སྒྲོལ་མ་ལགས་རེད། དཔེ་དེབ་དེ་མཇུག་མ་རྫོགས་གོང་། ཕྱི་ལོ་༡༩༨༣ ལོ་བུ་མོ་དབྱངས་འཛོམས་སྒྲོལ་མ་ལགས་རླངས་འཁོར་རྡབ་སྐྱོན་བྱུང་ནས་རྐྱེན་འདས་སུ་ཕྱིན་རྗེས་མཁས་གྲུབ་དོན་འགྲུབ་ལགས་ཀྱིས་མཇུག་བསྐྱངས་གནང་བ་ཞིག་རེད་འདུག