གཞུང་པ་ཚེ་དབང་བསོད་ནམས།
དཀའ་སྡུག་བཟོད་བསྲན་མ་ཐུབ་རང་སྲེག་བརྩམས།།
ཁ་བའི་ཡུལ་ལྗོངས་དགྲ་ཡི་བཙན་བཟུང་འོག །
ག་འགྲོ་གར་སྡོད་རང་དབང་ཡུལ་མིར་མེད།།
ང་ཚོ་གཞིས་བྱེས་ཆོལ་གསུམ་བོད་རིགས་ཚོ།།
ཅལ་ཆུང་གཏམ་གྱིས་རང་སྲོག་འདོར་མི་ཉན།།
འཆར་གཞི་བཀོད་ནས་ལས་འགུལ་བརྩམ་ན་དགའ།།
ཇ་དང་རྩམ་པས་མི་ཚེ་བསྐྱལ་མཁན་ཚོ།།
ཉ་ཤ་ཕག་ཤས་རྒྱས་སྤྲོ་མ་གནང་རོགས།།
ལྟ་བ་ལངས་ཕྱོགས་མི་གཅིག་བོད་རྒྱ་གཉིས།།
མཐའ་ཡི་ས་མཚམས་རྡོ་རིང་ངོ་སྤྲོད་ཡོད།།
ད་ལྟའི་སྐབས་སུ་བོད་ས་རྒྱ་ཡིས་བཟུང་།།
ནམ་ཞིག་རང་ས་རང་ལ་བདག་དུས་ཡོང་།།
དཔའ་ཚོད་མ་ཐུབ་དཔའ་བོ་ཁེར་རྒྱུགས་མང་།།
ཕ་ཡུལ་དོན་ལ་དཔའ་ངར་རང་ལུས་བསྲེགས།།
བུ་རབས་ཚ་བརྒྱུད་སྙིང་སྟོབས་རྡོ་རྗེ་བྲག །
མ་འཕྱུག་མ་ནོར་ཆབ་སྲིད་ཐབས་ལམ་འཚོལ།།
རྩ་བ་རང་བཙན་ས་ཆའི་བདག་དབང་ལ།།
ཚ་གྲང་འཚོར་ནས་རྩོད་ན་རྒྱུ་མཚན་ལྡན།།
ཛ་དྲག་དོན་མེད་རང་ལུས་མེར་སྲེག་འདི།།
ཝ་ལེར་སོམས་དང་ཁྲིམས་མཐུན་ངོ་སྤྲོད་དཀའ།།
ཞྭ་མོ་བོད་མིར་བསྐོན་པའི་རྒྱ་ཁྲིམས་འདིར།།
བཟང་ངན་ངོ་སྤྲོད་བྱེད་པའི་ནུས་པ་མེད།།
འ་ཆད་འུ་ཐུག་རང་ལུས་མེ་ལ་བསྲེགས།།
ཡ་ང་སྙིང་རྗེའི་བདེན་རྒྱབ་གླིང་འདིར་མེད།།
ར་བ་གངས་ལྗོངས་ཆོས་ལྡན་ཞིང་ཁམས་འདིའི།།
ལོ་རྒྱུས་བསྲུབས་ཀྱང་ཟུབ་མེད་བོད་མིར་བདག །
བཤད་སྒྲུབ་བསྟན་པ་དུས་ཀྱི་མཐའ་ལ་གཏུགས།།
ས་ཆའི་བདག་དབང་མི་རིགས་སྲོག་རྩ་རེད།།
ཧ་ར་ཧུར་རེའི་བོད་དོན་འགྲུབ་པར་དཀའ།།
ཨ་རོགས་འཆར་གཞི་བཀོད་ནས་ཆོལ་གསུམ་ལོངས།།
བླ་ན་མེད་པའི་བོད་ཀྱི་དཔའ་བོ་ཚོས་བོད་འདི་སྡུག་ལས་སྐྱོབ་ཆེད་རང་བསྲེག་གནང་པ་ལས་སོ་སོས་དཀའ་སྡུག་མ་ཐེག་པ་མ་རེད། མཁྱེན་སོང་ངམ།