དྲེད་པོ་ཧོར།
རྐུབ་བཀྱག་ཙོག་ཙོག་དེའི་སྟེང་དུ།།
རྩིས་འཕྲུལ་གྲུ་བཞི་དེའི་མདུན་དུ།།
སྒལ་གཞུང་རྔུལ་ནག་གིས་ཚོས་ཀྱིན།།
དཔུང་ཤུགས་མཐེབ་གཞོང་དུ་ཕབ་ཡོད།།
ལྕགས་དྲའི་སྒེའུ་ཁུང་དེའི་འཁྲིས་སུ།།
རྩིས་འཕྲུལ་མེ་ལོང་གི་ངོས་ལ།།
ཡིག་འབྲི་རེ་རེ་བཞིན་འདེད་ཀྱིན།།
མིག་ཟུང་སྐམ་ཐག་ཏུ་གྱུར་ཡོད།།
ལས་ཁུངས་དོག་པོ་དེའི་སྦུགས་སུ།།
ལས་རོགས་ཉོབ་ཏོ་ཚོའི་ལྷན་དུ།།
དཀའ་རབས་ཚེགས་རབས་རེ་གླེང་གིན།།
ལུས་སེམས་ངལ་དུབ་ཀྱིས་བསྡམས་ཡོད།།
སྒྲིག་གཞི་བཙན་པོ་དེའི་འོག་ཏུ།།
ལས་འགན་ལྕི་མོ་དེའི་ཁུག་ན།།
གཟུགས་གཞི་ཐོར་གྲབས་རང་བྱེད་ཀྱིན།།
ཤི་ཆད་ཧུར་བརྩོན་ལ་ཞུགས་ཡོད།།
སྒལ་ཚིགས་སྙི་མོ་དེའི་ཐོག་ཏུ།།
སུག་བཞི་ཐུང་ཐུང་དེའི་སྒང་ལ།།
ཁུར་པོ་ཆེན་པོ་ཞིག་འདེགས་ཀྱིན།།
གོམ་ཁ་འཁྱར་འཁྱོར་དུ་སྤོས་ཡོད།།
མགོ་བོ་ཆུང་ཆུང་དེའི་ནང་དུ།།
ཀླད་པ་སྲབ་སྲབ་དེའི་བར་ལ།།
མི་ཤོང་བསམ་བློ་ཞིག་རྫོང་གིན།།
སྙིང་ཆུང་རྡིག་རྡིག་ངང་བསྡད་ཡོད།།