ཡོང་ཁུངས། བོད་ཀྱི་དུས་བབ།
འདོན་སྤེལ། ༢༠༡༥/༠༥/༢༧ བོད་ནང་རང་ལུས་མེར་བསྲེགས་གནང་འདུག
ད་ནངས་ཐོ་རངས་ལ་བོད་ཀན་ལྷོ་ཅོ་ནེ་ཆས་བུ་གཤིས་དགོན་འདབས་ཀྱི་རྒྱ་གཞུང་ལས་ཁུངས་མདུན་དུ་བོད་པའི་བུ་མོ་ཞིག་གིས་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་སྲེག་གནང་སྟེ་འདས་གྲོངས་ཕྱིན་འདུག
དེ་རིང་ཞོགས་པའི་བོད་ནང་གི་ཆུ་ཚོད་༤ ཙམ་ལ། ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་ཅོ་ནེ་རྫོང་ཁོངས། ཆས་བུ་གཤིས་སམ་ཆོས་དཔལ་ཞིང་བཀྲ་ཤིས་ཆོས་འཁོར་གླིང་དགོན་པའི་ཉེ་འདབས་སུ་ཡོད་པའི་རྒྱ་གཞུང་སྤྱི་བདེ་ཉེན་རྟོག་པ་དང་དམག་མི། ལས་དོན་རུ་ཁག་བཅས་མཉམ་སྡོད་བྱེད་སའི་(分局)ཅེས་པའི་སྒོ་ཁར། བོད་རིགས་བུ་མོ་སངས་རྒྱས་མཚོ་ཞུ་བས་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་གནང་སྟེ་འདས་གྲོངས་སུ་ཕྱིན་ཡོད་འདུག
དེ་རིང་ཞོགས་པར་རྒྱ་ནག་གི་ལས་ཁུངས་དེའི་མི་སྣ་ཚོས་ཁོང་མོའི་ཕུང་པོ་གཙོད་གྲོང་ཁྱེར་དུ་འཁྱེར་ཡོད་འདུག ད་ལྟ་མོ་རང་གི་ཁྱིམ་དུ་ཉེན་རྟོག་པ་མང་བོ་བསླེབས་ཏེ་ཁྱིམ་མི་ཚོར་འདྲི་གཅོད་དང་འགྲོ་འོང་བཀག་སྡོམ་ཤུགས་ཆེན་པོ་བྱེད་བཞིན་ཡོད་འདུག
མདང་ནུབ་ཆུ་ཚོད་ ༣།༡༠ ཡས་མས་ལ་མོ་རང་གི་སྐད་འཕྲིན་(Wechat)ནང་སྐད་ཆ་ཁ་ཤས་བཤད་ཡོད་སྟབས། ནང་མི་ཚོས་སེམས་འཚབ་ཆེན་པོས་ཡར་མར་བརྩད་གཅོད་བྱས་ཀྱང་རྙེད་ཐུབ་མེད་ཀྱང་། ད་ནང་ཞོགས་པར་ཁོང་མོས་རང་ལུས་མེར་བསྲེགས་གནང་སྟེ་ཕུང་བོ་རྒྱ་གཞུང་གིས་འཁྱེར་ཡོད་པ་ཤེས་རྟོགས་བྱུང་ཡོད་འདུག
སངས་རྒྱས་མཚོ་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་སྐབས་མདང་ནུབ་ནམ་སྨད་ལ་ཁེལ་ཡོད་སྟབས། མོ་རང་གིས་འབོད་སྒྲ་གང་འདྲ་ཞིག་བརྒྱབ་ཡོད་མེད་དང་ཤུལ་དུ་དགོས་འདུན་འདྲ་བཞག་ཡོད་མེད་སོགས་ད་སྔ་ཤེས་རྟོགས་ཐུབ་མེད་ཀྱང་། གནས་ཚུལ་མཁོ་སྤྲོད་པས་བརྗོད་པར། ས་གནས་བོད་རིགས་མང་ཚོགས་ལ་མནར་གཅོད་གཏོང་མཁན་རྒྱ་ནག་གཞུང་གི་ལས་ཁུངས་དེའི་སྒོ་ཁར་རང་ལུས་མེར་བསྲེགས་གནང་བ་དེ་ནི་ཆབ་སྲིད་ཀྱི་རྣམ་འགྱུར་ཆེན་པོ་ཞིག་ཆགས་ཡོད་པ་རེད་ཟེར།
ཁོ་མོ་ནི་ཆས་བུ་གཤིས་རྨེ་རུ་སྲིབ་པ་སྡེ་བར་སྐྱེས་ཤིང་། ད་ལྟ་རང་ལོ་ ༣༦ ཡིན་ཞིང་། ལོ་བརྒྱད་དགུ་ཙམ་གྱི་སྔོན་དུ་ཁོ་མོ་ཆས་བུ་གཤིས་རྨེ་རུ་ཉིན་པ་སྡེ་བའི་བླ་ཁོ་ཚང་གི་བུ་རྟ་མགྲིན་དབང་རྒྱལ་གྱི་མནའ་མར་ཡོང་སྟེ། ད་སྐབས་ཁོང་བཟའ་མི་གཉིས་ལ་ཚེ་རིང་དོན་འགྲུབ་ཅེས་པའི་བུ་ཞིག་དང་། མཁའ་འཚོ་ཞེས་པའི་བུ་མོ་གཅིག་བཅས་ཡོད་འདུག
སངས་རྒྱས་མཚོའི་རང་ལུས་མེར་བསྲེགས་གནང་ཡུལ་གྱི་རྒྱ་གཞུང་ལས་ཁུངས་དེ་སྔོན་ཆད་རྒྱ་ཆུང་ངུ་ཞིག་ལས་མེད་ཀྱང་། ༢༠༠༨ ལོའི་ས་བྱི་ཞི་རྒོལ་བྱུང་སྐབས། ཆས་བུ་གཤིས་བཀྲ་ཤིས་ཆོས་འཁོར་གླིང་དགོན་པའི་དགེ་འདུན་པ་ཚོས་འོས་ལངས་བྱས་པའི་རྗེས་སུ་ལས་ཁུངས་དེ་སྔར་ལས་རྒྱ་སྐྱེད་བཏང་ཡོད་འདུག
པར་དང་ཞིབ་ཁྲའི་གནས་ཚུལ་འབྱོར་མ་སོང་བས་གནས་ཚུལ་ཐོན་རིམ་བཞིན་ཇེ་གསལ་དུ་གཏོང་ངེས་ཡིན།
བོད་ཀྱི་རྩ་དོན་འབའ་ཞིག་གི་ཆེད་དུ་བོད་མི་༡༤༠ ཡིས་རང་ལུས་མེར་སྲེག་གནང་བའི་ཚིག་དྲི་དང་གཞོབ་དྲི་འདི་ལྟར་ད་དུང་ཡལ་མེད་ན་ཡང་། ཁོང་ཚོའི་ཁ་ཚེམས་དང་འབོད་སྒྲ་དག་ལ་བདག་པོ་མེད་པར་གྱུར་པ་ནི་ཇི་འདྲའི་ཡིད་སྐྱོ་ཞིང་འཇིགས་སྣང་ཆེན་པོ་ཞིག་འདུག་ཨང་།
བསྐལ་བར་བཙལ་ཡང་རྙེད་དུ་དཀོན་པའི་མི་ལུས་ཡིད་བཞིན་གྱི་ནོར་བུ་གསོན་པོར་མེ་རུ་སྤར་བ་ལས་ལྷག་པའི་ཡིད་སྐྱོ་བ་ཞིག་མི་འདུག བོད་མི་བརྒྱ་དང་བཞི་ཅུ་ཙམ་གྱིས་རང་སྲོག་རང་གིས་བཅད་སོང་། ད་བར་བརྒྱ་དང་བཞི་བཅུས་ཚེ་སྲོག་མེ་ལ་སྤར་བས་བོད་བསྟན་སྲིད་ལ་ཕན་ཐོགས་ག་ཚོད་བྱུང་འདུག་གམ། དཔྱོད་དང་།
རྒྱ་ནག་གིས་བོད་ཐོག་ཏུ་བཟུང་བའི་སྲིད་ཇུས་ལ་ལྷོད་ཡངས་བཏང་འདུག་གམ། སོམས་དང་།
བོད་མི་ནང་ཁུལ་དུ་ཕན་ཚུན་མཛའ་བརྩེའི་མདུད་པ་ཇེ་དམ་དུ་སོང་འདུག་གམ། ལྟོས་དང་།
བོད་ཀྱི་ཆོས་བརྒྱུད་ཕན་ཚུན་བར་ལྟ་སྤྱོད་ཀུ་ཡངས་དང་བསམ་ཤེས་ཇེ་ལེགས་སུ་ཕྱིན་འདུག་གམ།
བོད་མི་ཚོ། ད་ནས་བཟུང་རིན་ཆེན་གཟུགས་ཕུང་མེ་ལ་མི་འབུད་རོགས། རྣམ་ཤེས་དངས་མ་འདྲེ་རུ་མི་བསྒྱུར་རོགས། རྗེས་ལུས་ནང་མི་སྡིག་གིས་མི་གནོན་རོགས།
ཡང་ཅིག་བཤད་ན། ཁྱོད་ཚོ། དཔའ་བོ་རེད། སྲོག་གཅོད་པར་འཇིགས་སྐྲག་མེད་གི། ཁྱོད་ཚོར་ལ་རྒྱ་འདུག མི་རིགས་ཀྱི་ཆེད་དུ་འཆི་ཐུབ་གི། ཁྱོད་ཚོར་དད་པ་འདུག བླ་སློབ་ཀྱི་དམ་ཚིག་སྙིང་ལ་བརྣག ཡིན་ན་ཡང་། ང་ཚོར་ཁྱོད་ཚོ་འཆི་བ་ལས་གསོན་ན་དགའ། ད་ནི་ཚོད་ཅིག་ཟུངས། དྲིན་ཅན་ཚོ། ད་མང་ཐལ། ད་ངོ་མ་མང་ཐལ། །
དགེ་ཆོས་ནས། འབྲོག་པ་རྣམས་ཀྱིས་ཕག་ཤ་ཟ་བ་དང་། རོང་བ་རྣམས་ཀྱིས་མར་ཁུ་འཐུང་བ་སོགས་ཟེར་བའི་ཚིག་བཞི་དེའི་དཔེ་ལྟར་མེ་ལ་མ་བསྲེག་མི་ཟེར་ལ་སྲོག་ཡང་གང་ལ་ཟེར་ནུས། རང་ངོས་ནས་ནི་བསྲེག་མི་ཐུབ་ཁོ་ཐག་ཡིན།
ཨ་ལ་ལ་་་བོད་ཀྱི་དུས་འབབ་ལ་གནས་ཚུལ་སྙན་པོ་རིགས་གཏོང་རྒྱུ་མེད་ལས་རེད་པའི། དངོས་ནས་མང་སོང་་གདོང་གསེར་མིག་གི་གསུངས་བ་བདེན་་་བསམ་བློ་གཏོང་རོགས། འདས་པོ་རྣམས་ཀྱི་ཆེད་་ཨོཾ་མ་ཎི་པདྨེ་ཧཱུཾ་་་་
# 2 ལྡོང་གསེར་མིག་ལགས་ཀྱིས་མཆན་བཏབ་པ།:
May 27th, 2015 at 4:53 PM
བསྐལ་བར་བཙལ་ཡང་རྙེད་དུ་དཀོན་པའི་མི་ལུས་ཡིད་བཞིན་གྱི་ནོར་བུ་གསོན་པོར་མེ་རུ་སྤར་བ་ལས་ལྷག་པའི་ཡིད་སྐྱོ་བ་ཞིག་མི་འདུག བོད་མི་བརྒྱ་དང་བཞི་ཅུ་ཙམ་གྱིས་རང་སྲོག་རང་གིས་བཅད་སོང་། ད་བར་བརྒྱ་དང་བཞི་བཅུས་ཚེ་སྲོག་མེ་ལ་སྤར་བས་བོད་བསྟན་སྲིད་ལ་ཕན་ཐོགས་ག་ཚོད་བྱུང་འདུག་གམ། དཔྱོད་དང་། རྒྱ་ནག་གིས་བོད་ཐོག་ཏུ་བཟུང་བའི་སྲིད་ཇུས་ལ་ལྷོད་ཡངས་བཏང་འདུག་གམ། སོམས་དང་། བོད་མི་ནང་ཁུལ་དུ་ཕན་ཚུན་མཛའ་བརྩེའི་མདུད་པ་ཇེ་དམ་དུ་སོང་འདུག་གམ། ལྟོས་དང་། བོད་ཀྱི་ཆོས་བརྒྱུད་ཕན་ཚུན་བར་ལྟ་སྤྱོད་ཀུ་ཡངས་དང་བསམ་ཤེས་ཇེ་ལེགས་སུ་ཕྱིན་འདུག་གམ། བོད་མི་ཚོ། ད་ནས་བཟུང་རིན་ཆེན་གཟུགས་ཕུང་མེ་ལ་མི་འབུད་རོགས། རྣམ་ཤེས་དངས་མ་འདྲེ་རུ་མི་བསྒྱུར་རོགས། རྗེས་ལུས་ནང་མི་སྡིག་གིས་མི་གནོན་རོགས། ཡང་ཅིག་བཤད་ན། ཁྱོད་ཚོ། དཔའ་བོ་རེད། སྲོག་གཅོད་པར་འཇིགས་སྐྲག་མེད་གི། ཁྱོད་ཚོར་ལ་རྒྱ་འདུག མི་རིགས་ཀྱི་ཆེད་དུ་འཆི་ཐུབ་གི། ཁྱོད་ཚོར་དད་པ་འདུག བླ་སློབ་ཀྱི་དམ་ཚིག་སྙིང་ལ་བརྣག ཡིན་ན་ཡང་། ང་ཚོར་ཁྱོད་ཚོ་འཆི་བ་ལས་གསོན་ན་དགའ། ད་ནི་ཚོད་ཅིག་ཟུངས། དྲིན་ཅན་ཚོ། ད་མང་ཐལ། ད་ངོ་མ་མང་ཐལ། །
དཔའ་བོ་དཔའ་མོ་བོད་མི་རིགས་ཀྱི་དཔའ་བོ་རེད་།
བལྟོས་དང་བོད་མི་བརྒྱ་དང་བཞི་བཅུ་ལྷག་ཙམ་གྱི་རང་གི་བོད་རྒྱལ་ཁབ་ཀྱི་
དོན་དུ་རང་སྲེག་གནང་སོང་ཡང་དབུས་བོད་མི་འི་སྒྲིག་འཛུགགས་ ཀྱི་བྱ་ག་དེ་ཁོང་ཚོ་ལ་མེད་པ་ཚོང་པ་ལ་གནང་འཆར་རེད་འདུག་།
བལྟོས་དང་ཧ་ཧ་
ཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿ
གངས་ཅན་མགོན་པོ་འཕགས་པ་སྤྱན་རས་གཟིགས།།
རྗེ་བཙུན་སྒྲོལ་མ་གུ་རུ་པདྨ་འབྱུང་།།
གསོལ་བ་འདེབས་སོ་ལས་ངན་གསོན་བསྲེག་རིགས།།
བདེ་བ་ཅན་དུ་སྐྱེ་བར་ཐུགས་རྗེས་ཟུངས།།
ཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿཨོཾ་མ་ཎི་པདྨེ་ཧྰུཾ་ཧྲྰིཿ
མཚམས་འཇོག་གནང་ཐབས་ལ་འབད་དགོས། ད་ངོ་མ་འཛམ་གླིང་ལ་འདི་འདྲའི་གྲངས་ཀ་མང་པོ་ཞིག་བྱུང་མེད། ཡིན་ཡང་འཛམ་གླིང་ལ་དྲང་བདེན་ཟེར་བ་དོན་གྱིས་དགོས་ནི་མ་རེད།དེ་ནི་ཚོང་རྫས་འདྲ་ཞིག་ཡིན་པས་དྲང་བདེན་ལ་རྒྱབ་སྐྱོར་དཀོན་པོ་རེད།
བུ་དཔའ་བོའི་དཔའ་ཚོད་ཟིན་ན་དགའ་།
དཔའ་ཚོད་ཟིན་ན་རྒྱལ་ཁ་རེད།
དཔའ་ཚོད་མ་ཟིན་ཕམ་ཁ་རེད་།
གཞུང་མང་གཉིས་ལ་ཕམ་ཁ་རེད་།
དགྲ་ལ་དགོས་པའི་ལག་ཆ་རེད་།
གཉེན་སྤུན་སྡུག་ལ་སྦྱར་བྱེད་རེད་།
རྒྱལ་བའི་དགོང་པ་དཀྲུགས་བྱེད་རེད་།
བོད་མི་རིགས་རྩ་བ་སྟོང་འདོད་རེད་།
ད་རང་སྲེག་མ་བྱེད་རང་ས་ཟིན་།
ད་རང་སྲེག་མ་བྱེད་་རང་བཙན་བརྩོད་།
ད་རང་སྲེག་མ་བྱེད་ཞི་རྒོལ་གྱིས་།
ད་རང་སྲེག་མ་བྱེད་་རིག་པ་གྲིམ་།
ད་རང་སྲེག་མ་བྱེད་་ཚང་མ་ལོང་།
ད་རང་སྲེག་མ་བྱེད་རང་་ཡུལ་སྲུང་།
ད་རང་སྲེག་མ་བྱེད་བསམ་བློ་མཐོང་།
ད་རང་སྲེག་འདི་ནས་འཇོག་པ་ཚལ་།
གདུང་སེམས་མཉམ་བསྐྱེད་ཡོད།