དཔལ་གློ་བོ་རྒྱལ།
ཀ་དག་རོ་མཉམ་གནས་དེ་མ་རྟོགས་པར།།
ཁ་ནས་ཚིག་སྙན་འདོན་ཀྱང་ལག་ལག་དེ།།
ག་ལེར་བྱས་ཀྱང་རང་གཞན་ཕན་པ་ཞིག །
ང་ཚོས་འབྱེད་དཀའ་བསམ་ནས་མནོ་བསམ་གྱིས།།
ཅ་དངོས་མང་ཡང་གློ་བུར་འཇིག་སླ་ཞིང་།།
ཆ་ལུགས་བཟང་ངན་རྟོག་པས་བརྟགས་ཤེས་ནས།།
ཇ་ཁང་བླ་བྲང་ཞེན་པའི་བླ་སློབ་ཀྱིས།།
ཉ་གང་བླ་སློབ་དམ་ཚིག་མ་དཀྲུག་ཨ།།
ཏ་ཐཱ་ག་ཏའི་ཆོས་ལ་དད་ཡོད་ནའང་།།
ཐ་ཤལ་སྤྱོད་པ་བསྐྱུར་ནས་འཛམ་གླིང་གི །
ད་འདས་མ་འོངས་གསུམ་གྱི་ཞི་བདེའི་ཆེད།།
ནམ་ཡང་གཞན་ཕན་སེམས་བསྐྱེད་མ་གཏོང་ཨ།།
པ་ཏྲ་ལྟ་བུའི་དམ་ཚིག་མདུད་པ་ཡིས།།
ཕ་ཆོས་ཉམས་ལེན་བརྩོན་ལ་མིག་བལྟས་ནས།།
བ་སོ་བཤེས་གཉེན་མདུན་ནས་རིག་གནས་ཀྱི།།
མ་ལུས་སྦྱངས་ནས་བླང་དོར་མ་ནོར་ཨ།།
ཙ་གེ་ཙི་གེའི་ལས་དོན་མང་པོ་དག།
ཚ་གྲང་འཛེམ་མེད་བྱས་ཀྱང་དོན་མེད་པས།།
ཛ་ཏི་ཆོས་དེ་རྟག་ཏུ་ཕན་ཤེས་ནས།།
ཝ་ལྟར་གཡོ་བའི་བསམ་བློས་མ་གནོད་ཨ།
ཞ་སྙུག་ལག་ཏུ་ཐོགས་ནས་རྩོམ་པ་དང་།།
ཟ་ཟིའི་རྣམ་རྟོག་སྤོང་ཕྱིར་རྩོད་པ་ཡིས།།
འ་ར་འུ་རེ་མིན་པར་འཆད་མཁས་ཀྱིས།།
ཡ་རབས་རྗེས་སུ་འཇུག་པ་ཤེས་བགྱིས་ཨ།།
ར་ལྟར་རྣོ་བའི་ཤེས་རབ་ཡོད་སོང་ན།།
ལ་རྩེ་མཚུངས་པའི་སེམས་དེ་འདུལ་བ་དང་།།
ཤ་ཚའི་གཏམ་སོགས་དངོས་ཤུགས་བརྒྱུད་ནས་ནི།།
ས་སྟེང་འགྲོ་ལ་ཕན་པའི་ཆེད་བགྱིས་ཨ།།
ཧ་ལམ་སྤྱི་སྒེར་ཕན་པའི་སློབ་གསོ་དེ།།
ཨ་རིག་སོགས་ལ་ཕྱིན་ནས་དལ་མེད་དུ།།
ཧ་ཅང་བརྩོན་ནས་མི་ཚེའི་རིན་ཐང་དེ།།
ཨ་ན་མ་ན་ཤེས་ཡོད་བརྟག་བགྱིས་ཨ།།
དེས་ན་སེམས་ཀྱི་རྣམ་རྟོག་མ་འགག་བར།།
རང་གིས་འཚོ་བ་རང་གིས་མ་འཚོལ་ན།།
གཞན་བསྟེན་ཡག་སྡུག་ཚོར་བ་འཇའ་མཚོན་དེ།།
མཐོང་སྣང་མཛེས་ཀྱང་བརྟན་པོ་མི་འདུག་ལགས།།
དེས་ན་འཕྲལ་ཕུགས་དོན་བཅས་ཐོས་བསམ་དང་།།
ཀུན་ཕན་ལས་བརྩམས་སྒེར་ཚུགས་འདུ་ཤེས་ཀྱིས།།
སྤྱི་སྒེར་འགན་བཟུང་རྩོམ་རིགས་སྤེལ་བ་ལ།།
ཧུར་བརྩོན་གནང་བའི་རེ་བ་སྙིང་ནས་ཞུ།།
ཨ་རོགས་ཡིག་ངོ་ཆོད་པའི་གྲོགས་པོ་ཀྱེ།
ཧ་ཅང་ཤེས་མདོག་མ་གནང་རང་ལ་གནོད།
ས་འདིར་རང་མིང་བརྗོད་པར་མི་ཕོད་ན།
ཤ་དང་ཁྲག་གི་འཐབ་རྩོད་ག་ལ་ཕོད།
ལ་མོའི་ཕར་རྒྱབ་མེ་ལ་འབར་བར་ལྟོས།
ར་ལྟར་གྱོང་ནས་འདུག་བཟོད་ག་རུ་འདུག