རྫ་ཚེ་རིང་བཀྲ་ཤིས།
སངས་རྒྱས་ལ་ཕྱག་འཚལ་ལོ། བྱིས་པ་རྣམས་ཀྱི་ལུས་དང་སེམས་ལ་བདེ་ཐང་ལྡན་པའི་འཚར་ལོང་གི་མཁའ་དབུགས་བཟང་པོ་ཐོབ་པར་ཤོག་ཅིག བོད་ནང་སོགས་སུ་དེ་རིང་མང་པོ་ཞིག་གིས་དྲུག་གཅིག་བྱིས་པའི་དུས་ཆེན་སྲུང་བརྩི་བྱེད་ཀྱིན་འདུག་མོད། གལ་ཆེའི་དུས་ཆེན་ཞིག་ཡིན་པའི་ཆ་ནས་ཡོང་ཁུངས་སོགས་ལ་ཅུང་ཟད་རྒྱུས་ལོན་བྱས་ན་དེ་ཡང་རྒྱུན་ཤེས་ཤིག་རེད་སྙམ། དེ་ཡང་དཔྱད་གཞིའི་ཡིག་ཆ་ལྟར་ན། བྱིས་པའི་དུས་ཆེན་གྱི་ཐོག་མའི་ཡོང་སྟངས་དང་གོ་དོན་ནི་བྱིས་པའི་ཐོབ་ཐང་སྲུང་སྐྱོབ་དང་བྱིས་པ་ལ་མནར་གཅོད་དང་གནོད་འཚེ་གཏོང་བར་ངོ་རྒོལ་བཅས་གྱི་མཚོན་བྱེད་ཡིན་པར་མ་ཟད། མནར་གཅོད་ཕོག་པའི་བྱིས་པ་དག་ལ་དྲན་གསོ་བྱེད་པའི་ཆེད་དུའང་རེད།
ཐོག་མར་སྤྱི་ལོ་༡༩༢༥ ལོར་སུད་སུའི་གྲོང་ཁྱེར་ཇེ་ནི་ཝ་རུ་སྐོང་འཚོགས་བྱས་པའི་བྱིས་པའི་བདེ་དོན་དང་འབྲེལ་བའི་རྒྱལ་སྤྱིའི་ཚོགས་འདུའི་ཐོག་རྒྱལ་སྤྱིའི་བྱིས་པའི་བདེ་སྐྱིད་སྐུལ་འདེད་ཚོགས་པས་ཐོག་མར་བྱིས་པའི་དུས་ཆེན་གྱི་བསམ་ཚུལ་བཏོན་ཞིང་། རྒྱལ་སྤྱིའི་ཁྱོན་གྱི་རྒྱལ་ཁབ་སོ་སོའི་རང་ཁོངས་སུ་བྱིས་པའི་དུས་དྲན་གྱི་ཉིན་མོ་གཏན་འབེབས་དགོས་པའི་འབོད་སྐུལ་བྱས་པར་རྒྱལ་ཁབ་མང་པོས་བསྔགས་བརྗོད་ཐོབ།
དེ་རྗེས་རྒྱལ་སྤྱིའི་དམངས་གཙོའི་བུད་མེད་མཉམ་འབྲེལ་ཚོགས་པས་མེག་སི་ཁོ་རུ་ཚོགས་འདུ་ཞིག་གི་ཐོག་ཨོ་སི་ཐྲི་ཡའི་བུད་མེད་གནའ་འབྲེལ་གྱི་རྐང་འཛིན་ཚོགས་མི་(Helen Olongapo Luozuo) ཞིག་གིས་རྒྱལ་སྤྱིའི་བྱིས་པའི་དུས་ཆེན་སྲུང་བརྩི་བྱེད་སྟངས་དང་འབྲེལ་བའི་ཡར་ཞུ་བྱས།
ཁོང་མོས། རྒྱལ་སྤྱིའི་དམངས་གཙོའི་བུད་མེད་མཉམ་འབྲེལ་གྱི་ངོས་ནས་རྒྱལ་སྤྱིའི་བྱིས་པའི་དུས་ཆེན་གྱི་འཆར་གཞི་བཀོད་ཟིན་པ་དང་། དེ་ཡང་ས་ཁུལ་སོ་སོའི་བྱིས་པ་དག་གི་འཚོ་བ་དང་བདེ་ཐང་། སློབ་གསོའི་ཐོབ་ཐང་བཅས་སྲུང་སྐྱོབ་འགན་ལེན་བྱེད་པའི་ཆེད་སྒྲུབ་བཞིན་པའི་འགན་འཁྲི་ཞིག་ཡིན། ཞེས་བསྟན་ཞིང་།
དེ་ཡང་༡༩༤༢ ལོའི་ཟླ་༦ ཚེས་༡༠ ཉིན་འཇར་མན་ན་ཙིས་དམག་དཔུང་གིས་གྲོང་ཁུལ་ཞིག་གི་བྱིས་པ་༨༨ དམར་གསོད་བྱས་པར་རྗེས་དྲན་བྱེད་པའི་ཆེད་དུ་ཡིན་ཞེས་ལབ་པར་མ་ཟད། མོས་རྒྱལ་སྤྱིའི་དམངས་གཙོའི་བུད་མེད་མཉམ་འབྲེལ་གྱི་དྲུང་ཡིག་ལས་ཁུངས་ཀྱི་ཚབ་བྱས་ཏེ་སྤྱི་ཟླ་༦ ཚེས་གཅིག་ནི་རྒྱལ་སྤྱིའི་བྱིས་པའི་ཉིན་མོར་གཏན་ཁེལ་བྱས་ན་འཚམས་པའི་བསམ་ཚུལ་བཏོན།
དེ་ནས་ཅུང་མ་འགོར་བར་ལོ་དེའི་སྤྱི་ཟླ་༡༡ པའི་ཚེས་༢༢ ཉིན་ཚོགས་འདུ་བརྒྱུད་ནས་སྤྱི་ཟླ་༦ ཚེས་༡ ཉིན་རྒྱལ་སྤྱིའི་བྱིས་པའི་དུས་ཆེན་དུ་གྲོས་འཆམས་བྱུང་། རྒྱ་ནག་རྒྱལ་ཡོངས་དམངས་གཙོ་བུད་མེད་མཉམ་འབྲེལ་གྱི་ལག་བསྟར་ཚོགས་མི་ཏིན་ལིན་ཟེར་བ་ཞིག་ཀྱང་ཚོགས་འདུ་དེར་ཞུགས་པར་མ་ཟད། ཚོགས་ཐོག་ཏུ་པེ་ཅིན་དུ་ཚུགས་ཉེར་ཡོད་པའི་ཡ་གླིང་བུད་མེད་འཐུས་ཚོགས་ཀྱི་གྲ་བསྒྲིགས་ཀྱི་ལས་དོན་སྐོར་ལ་ཡར་ཞུ་བྱས། སྤྱི་ལོ་༡༩༤༥ ཟླ་༡༢ ཚེས་༡༤ ཉིན་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་ལོ་རེའི་སྤྱི་ཟླ་༡༡ ཚེས་༢༠ བྱིས་པའི་དུས་ཆེན་དུ་གཏན་འབེབས་བྱས་ཤིང་། མིང་ལ་རྒྱལ་སྤྱིའི་བྱིས་པའི་ཉིན་མོ་ཞེས་བཏགས།
ད་ལྟ་འཛམ་གླིང་གི་རྒྱལ་ཁབ་མང་པོ་ཞིག་གིས་དྲུག་པའི་ཚེས་གཅིག་ཉིད་བྱིས་པའི་དུས་ཆེན་དུ་སྲུང་བརྩི་ཞུ་བཞིན་ཡོད་ཅིང་། རྒྱ་ནག་ལ་མཚོན་ན་མཚོ་ངོགས་གཉིས་ཀྱི་དུས་ཚོད་མི་གཅིག་ཅིང་། ཀྲུང་གོ་གུང་ཁྲན་དང་སྲིད་གཞུང་གི་ངོས་ནས་སྤྱི་ལོ་༡༩༤༩ ལོའི་ཟླ་༡༢ ཚེས་༢༣ ཉིན་གྲོས་འཆམས་བྱུང་བའི་《རྒྱལ་ཡོངས་ལོ་རེའི་དུས་ཆེན་དང་རྗེས་དྲན་ཉིན་མོ་གུང་གསེང་བཅས་ཀྱི་བྱ་ཐབས་ཀྱི་ཁྲིམས》ཞེས་པའི་ནང་དུ་དྲུག་པའི་ཚེས་གཅིག་བྱིས་པའི་དུས་ཆེན་དུ་གཏན་ཁེལ་བྱས་ཡོད།
འོན་ཀྱང་ཐའེ་ཝན་གྱིས་༡༩༣༡ ལོར་ཀྲུང་ཧྭ་བྱིས་པའི་བྱམས་བརྩེའི་མཐུན་ཚོགས་ཀྱིས་ཞེས་པས་གྲོས་མགོ་བཏོན་པ་ལྟར་ལོ་རེའི་སྤྱི་ཟླ་༤ ཚེས་༤ ཉིན་ལ་གཏན་ཁེལ་བྱས་ཡོད་ཅིང་། ཉིན་དེ་རྒྱལ་ཡོངས་གུང་གསེང་གི་ཉིན་མོ་ཡིན་པ་དང་། གཏན་འབེབས་བྱས་པ་འདི་ནི་ཀྲུང་གོ་གོ་མིན་སྲིད་གཞུང་གི་སྔར་གྱི་ལམ་ལུགས་རྒྱུན་སྐྱོང་བྱས་པ་ཞིག་ཆགས་ཡོད།
རྒྱལ་ཁབ་མང་པོ་ཞིག་གི་སོ་སོའི་རྒྱལ་ཁབ་ཀྱི་རིག་གནས་སྣང་ཚུལ་དང་བསྟུན་ནས་དུས་ཚོད་མི་འདྲ་བར་བརྩི་སྲུང་བྱེད་བཞིན་པའང་ཡོད་དེ། དཔེར་ན། འཇར་པན་དང་ལྷོ་ཀོ་རེ་ཡས་སྤྱི་ཟླ་༥ ཚེས་༥ ལ་གཏན་འབེབས་དང་། རྒྱ་གར་གྱིས་སྤྱི་ཟླ་༡༡ ཚེས་༡༤ ལ་གཏན་འབེབས་བྱས་ཡོད་པ་ལྟ་བུ་རེད།
འོན་ཀྱང་ཨ་རིར་མཚོན་ན་ཡུན་རིང་པོའི་བར་དུ་རྒྱལ་ཡོངས་རང་བཞིན་གྱི་བྱིས་པའི་དུས་ཆེན་ཞིག་བྱུང་མེད་པར་བཤད་ཅིང་། སྤྱི་ལོ་ཉིས་སྟོང་ཐམ་པའི་ལོ་དེར་ལོ་ན་བཞི་ལ་སོན་པའི་བུ་མོ་ཞིག་གིས་སྐབས་དེའི་སྲིད་འཛིན་ལས་ཐོག་པ་ཁི་ལིན་ཊོན་ལ་ཕྲུ་གུ་ཚོར་གཏོགས་པའི་ཉིན་མོ་ཞིག་དགོས་པའི་ཞུ་ཡིག་ཕུལ་བ་ལྟར་ཁི་ལིན་ཊོན་གྱིས་ལོ་རེའི་སྤྱི་ཟླ་༡༠ ཚེས་༨ ཉིན་ཕྲུ་གུའི་དུས་ཆེན་དུ་ཡོངས་བསྒྲགས་བྱས་ཤིང་། སྤྱི་ལོ་༢༠༠༡ ལོར་བྷུ་ཤུ་སྲིད་འཛིན་དུ་སླེབས་རྗེས་ལོ་རེའི་སྤྱི་ཟླ་༦ པའི་ཚེས་༣ རྒྱལ་ཡོངས་བྱིས་པའི་དུས་ཆེན་དུ་གཏན་ཁེལ་བྱས།
མདོར་ན། ཉི་མ་གཅིག་དང་དུས་ཚོད་གཅིག་ལ་ཁེལ་ཡོད་མེད་ལ་མ་ལྟོས་པར་དུས་ཚོད་འདི་ནི་བྱིས་པ་རྣམས་ཀྱི་བདེ་ཐང་དང་འཚོ་བ། སློབ་གསོ་དང་རང་དབང་གི་གལ་འགངས་མཚོན་པའི་ཉིན་མོ་ཞིག་ཏུ་བརྩི་དགོས་ཤིང་། མེ་ཏོག་ལྟ་བུའི་བྱིས་པ་དེ་དག་གི་ལུས་སེམས་ཀྱི་འཚར་ལོངས་ཆེད་ཕ་མས་གཙོས་པའི་མིའི་རིགས་ཡོངས་རྫོགས་ཀྱིས་མཉམ་དུ་འབད་པ་བྱེད་དགོས་སོ་ཞེས་ཞུའོ།།
སྤྱི་ལོ་༢༠༡༥ ཟླ་༦ ཚེས་༡ གི་ཉིན་གུང་ཐའེ་ཝན་ཡེ་ཤེས་འཁོར་ལོ་རུ་རྫ་ཚེ་རིང་བཀྲ་ཤིས་ཀྱིས་བྲེལ་སྟབས་སུ་བྲིས།
མཁན་པོ་ཚེ་བཀྲ་ལགས་བཀྲ་ཤིས་བདེ་ལེགས།
དྲུག་གཅིག་བྱིས་པའི་དུས་ཆེན་ཟེར་བའི་ཚིག་འདི་ཐོས་པ་དང་ང་རང་ཆུང་དུས་འགྲོ་མྱོང་སའི་ཞོལ་གསར་ཤང་གི་དམངས་གཙུགས་སློབ་གྲྭ་དེ་དྲན་དུ་བཅུག ཁོ་བོ་ཆུང་དུས་སློབ་གྲྭའི་གཞས་གཏོང་མཁན་གྱི་རུ་ཁག་ནང་ཡོད་པའི་ཆ་ནས་ཉིན་འདིར་མའོ་ཀྲུ་ཞི་ལ་བསྟོད་པའི་གླུ་དབྱངས། པེ་ཅིང་གསེར་གྱི་རི་ལ་ཉི་མ་དམར་པོ་ཤར། ཞེས་པ་འདི་ཐེངས་མང་པོ་བཏང་མྱོང་བ་དྲན་ཞིང་། གཞས་གཏོང་རོགས་ཀྱི་སློབ་གྲོགས་འགའ་ཞིག་ཀྱང་དྲན་དུ་བཅུག་སོང་།
ཐུགས་རྗེ་ཆེ།
ལགས་སོ། ང་སློབ་གྲྭར་འགྲོ་མ་མྱོང་ཙང་དྲུག་གཅིག་བྱིས་པའི་དུས་ཆེན་ཟེར་བ་དེ་ཉིས་སྟོང་གསུམ་གི་ལོར་གཞི་ནས་ཐོག་མར་གོ་བ་ཡིན་སྙམ་པ་ཙམ་ཡོད། སྐབས་དེ་དུས་ང་ཁྲིན་ཏུར་སོང་ཞིང་། ང་ཁྲིན་འདུར་བཀག་སྐྱིལ་མ་བྱས་བྱེད་མགོ་ཚུགས་པའི་སྐབས་དེ་ཡིན་་་་་་་་་་་་་་་་འོ་རེད་ལགས། ཁྱེད་ལ་འཚམས་འདྲི་ཞུ། ང་ནི་བདེ་མོ་ཡིན།
འདི་ལ་གླེང་བ་ཟེར་བ་མ་ཡིན་པར་བསྒྱུར་བ་ལབ་ན་དོན་ལྡན་དུ་འགྱུར་ངེས་་་་་་་་་
དྲུག་པའི་ཚེས་གཅིག་ལ་བྱིས་པའི་ཉིན་མོ་ཡིན་པ་འཐོས་མ་མྱོང་ལ་མཐོང་ཡང་མ་མྱོང་། རྒྱ་གར་ནང་ཡོད་པའི་ཆ་ནས་བྱིས་པའི་ཉིན་མོ་ཕྱི་ཟླ་བཅུ་གཅིག་གི་ཚེས་བཅུ་བཞི་ལ་རེད་། རྒྱ་གར་གྱི་སྲིད་བློན་ནེ་རུའི་སྐྱེས་ཚེས་ལ་བྱིས་ པའི་ཉིན་མོར་སྲུང་བརྩི་ཞུ་གི་འདུག་།།
བོད་ནང་རྒྱ་ནག་གི་གནོན་ཤུགས་འོག་ནས་དྲུག་གཅིག་ལ་གཏན་འབེབས་བྱས་ཡོད་སྲིད་།