གཞུང་པ་ཚེ་དབང་བསོད་ནམས།
བཀའ་ཁྲི་སྤྱི་འཐུས་འོས་འདེམས་སླེབས་ལ་ཉེ།།
ཁ་ཡོད་ཚང་མས་གླེང་རྒྱུ་ཕྱོགས་གཏོགས་རེད།།
ག་ས་གང་ལ་བྲེལ་འཚུབ་ལངས་ནས་འདུག །
ང་ནི་ཕྱོགས་གཏོགས་རྗེས་སུ་འགྲོ་ལེ་མིན།།
ཅོལ་ཆུང་བློ་དང་འགོ་འདྲེན་ཕྱོགས་གཏོགས་འོག །
ཆ་མེད་མི་རྣམས་མགོ་འཁོར་བསླུས་ཉེན་འདུག །
ཇ་ཆང་ངོ་གསོའི་རང་ཐག་མི་ལ་ཤོར།།
ཉེས་པ་ཐམས་ཅད་རང་ཚུགས་མ་ཐུབ་སྐྱོན།།
ལྟ་བ་ལངས་ཕྱོགས་མེད་པའི་སྤྱི་ཚོགས་ནང་།།
ཐོབ་ཐང་རང་དབང་བརྟན་པོ་གང་ནས་ཡོང་།།
དོན་དངོས་མང་གཙོའི་ཐོབ་ཐང་འོས་ཤོག་ལ།།
ནར་བ་ནོར་བ་མེད་པའི་ཆ་ཤས་བཞེས།།
སྤོབས་པ་ཆེ་བའི་འོས་གཞིར་ལངས་མཁན་ལ།།
ཕ་ལམ་བཞིན་དུ་མ་ནོར་བརྟག་དཔྱད་གཟབ།།
བོང་བ་གསེར་གཟིགས་མ་ནོར་གཟབ་ན་དགའ།།
མ་འཕྱུག་མ་འཕྱུག་འོས་འཕེན་མི་མང་ཚོ།།
རྩ་བ་མང་གཙོ་རང་དབང་ཁྲིམས་ཀྱིས་བསྟན།།
འཚང་ཁ་ཤིག་ཤིག་འོས་གཞིར་ལང་མཁན་ཚོ།།
ཛ་དྲག་ཆེ་བའི་བོད་ཀྱི་དཀའ་ངལ་ལ།།
ཝ་ལེར་སོམས་དང་གདོང་ལེན་ཐུབ་མཁན་དགོས།།
གཞུང་སེམས་ཡོད་པའི་མི་ཞིག་བཀའ་ཁྲིིར་དགོོས།།
ཟས་ནོར་རོགས་སྐྱོར་ཐབས་འཚོལ་གལ་ཆེན་མིན།།
འ་ར་འུར་རེའི་ཁ་དམག་དུས་ཚོད་བསྐྱལ།།
ཡ་རབས་ངོ་ཚ་མང་གཙོའི་ཁྲིམས་ཀྱི་གཞི།།
རང་དབང་ཐོབ་ཐང་བཅའ་སྒྲིག་ནང་དུ་གསལ།།
ལ་རྒྱའི་རྗེས་འབྲང་བཅའ་སྒྲིག་རྐུབ་འོག་བཞག །
ཤ་ཚ་མེད་ནས་ལུང་ཚན་ཕྱོགས་གཏོགས་མང་།།
ས་ཆ་འདི་རུ་ཕྱོགས་གཏོགས་ཆབ་སྲིད་དར།།
ཧམ་སེམས་ཆེ་བའི་འོས་གཞིར་ལངས་མཁན་ཚོ།།
ཨ་མའི་བུ་ལ་ཡོན་ཏན་ཡོད་པར་ཤོག །
བོད་གཞུང་ལ་གནམ་བཀོས་དགའ་བ་བརྒྱ་ལྡན་ཅེས་གནམ་བཀོས་ཞེས་པའི་གོ་དོན་གང་ཡིན་ནམ།