དཔལ་གློ་བོ་རྒྱལ།
མཛེས་པའི་ཉི་མའི་གཉེན་མཆོག་གང་ཉིད་ཀྱི།།
འཁྲུངས་ཚུལ་ཐ་དད་བཏང་སྙོམས་བཞག་བྱས་ནས།།
འཁྲུངས་སྐར་གཏན་འབེབས་དུས་ཆེན་གང་ཉིད་དེའི།།
དགེ་མཚན་མཐོང་ནས་རང་གིས་མནོ་བསམ་ལྟར།།
གཟུ་བོས་བཤད་པ་རྣ་བས་ཉན་པ་དང་།།
བསམ་པས་ལེགས་ཉེས་འབྱེད་ནས་དུས་རྟག་ཏུ།།
ཀུན་ལ་ཕན་པའི་ཡང་དག་ལམ་ཉིད་དུ།།
གཞུག་པར་རྣམས་ལ་འཆད་པར་སྤྲོ་བ་བརྟས།།
ཞེས་མདུན་ལམ་ཡངས་པར་ཕྱེས་ནས་གླེང་ན་འཛམ་གླིང་འདི་ནང་ཞི་བདེ་ལ་རེ་བའི་རྐང་གཉིས་རྣམས་ཀྱིས་རང་ཉིད་ཀྱི་རྣམ་དཔྱོད་ལས་བརྡོལ་བའི་ཆོས་ལུགས་དང་། ཚན་རིག་དང་། སེམས་གཙོ་སྨྲ་བ་དང་། དངོས་གཙོ་སྨྲ་བ་ལ་སོགས་མང་པོ་རིམ་བཞིན་དར་བ་ནི་མངོན་གསལ་ཡིན། ཚེ་འདིའི་དཀའ་ངལ་ལ་གདོང་ལེན་བྱ་ཕྱིར་སྤྱི་ཚོགས་ནང་ལ་ཐབས་ལམ་འདྲ་མིན་སྣ་ཚོགས་སྤེལ་བཞིན་པ་དང་། མདོར་ན་ཆོས་མཁས་ལེན་མཁན་དང་། མི་ལེན་མཁན་མང་མོད་དེ་དག་གི་མངོན་འདོད་ནི་བདེ་བ་ཐོབ་འདོད་ཡིན།
དེ་དག་ལ་བསམ་ན་རང་ཉིད་ཀྱི་མོས་པ་དང་། ཁམས་ལ་བརྟེན་ནས་སྤྱི་ཚོགས་འདྲ་མིན་སྣ་ཚོགས་དང་། རྒྱལ་ཁབ་དང་།རིག་གཞུང་སྣ་ཚོགས་ལ་མགོ་རྨོངས་ནས་རང་ལྟ་མཆོག་འཛིན་ཁོ་ན་བྱས་ནས་བརྒྱ་ཕྲག་ཉི་ཤུ་ཙམ་འདས་ཟིན་པ་ནི་དངོས་ཡོད་གནས་ཚུལ་ཡིན།
སྔོན་གྱི་ལོ་རྒྱས་ལ་ཕྱིར་མིག་བལྟས་ན་དགྲ་གཉེན་གྱི་འདུ་ཤེས་དང་། ཐོབ་དང་གོ་སའི་ཆེད་དམངས་རྣམས་ལག་ཆར་བེད་སྤྱད་པ་དང་། རང་ཉིད་ཀྱི་གོ་གནས་དེ་གཞན་གྱིས་འཕྲོག་བཅོམ་བྱས་ནས་དམིགས་མེད་དུ་བརླག་པར་སེམས་པའི་སྡུག་བསྔལ་རི་བོ་གཏོས་དང་མཉམ་པར་ཁུར་ནས་མི་མང་རྣམས་རྨོངས་པར་བསྒྱུར་བ་ལས། རྨོངས་གཉིདལས་སད་པའི་ཐབས་ལམ་ཞིག་ནམ་ཡང་བེད་སྤྱད་མེད་པ་ནི་ངོ་མ་ཡ་མཚན་པའི་གནས་ཡིན་པར་ར་འཕྲོད་ཡོད་སྙམ།
རིམ་བཞིན་མི་རྣམས་ཀྱི་རྣམ་དཔྱོད་ཡར་རྒྱས་ཕྱིན་ནས་མཐོ་བོ་དཔོན་ལ་རྒོལ་བའི་ལས་དོན་བརྩམས་ནས་སྤྱི་ཚོགས་རིང་ལུགས་པ་བསྒྱུར་ནས་མི་རྣམས་རང་འདོད་ཀྱི་འཚོ་བ་ལ་ལོངས་སྤྱོད་པའི་གོ་སྐབས་བྱུང་། ཕྱོགས་གཅིག་ནས་དམངས་ཀྱིས་སྤྱི་ཚོགས་རིང་ལུགས་པའི་ངོ་བོ་དང་། བྱེད་ལས་དང་། ཁྱབ་ཚད་གསུམ་ལ་སོགས་པ་མ་ཤེས་པར་ད་དུང་ཡང་རྨོངས་གཉིད་ལས་མ་སད་པའི་རྒྱལ་ཁབ་གང་མང་ཞིག་དུས་རབས་ཉེར་གཅིག་མགོ་ལ་ཡང་ཡོད་པ་ཁ་ཚོན་ཆོད་ནས་བཤད་ཐུབ་པ་དང་། ལྷག་པར་མཚན་རིག་ཡར་རྒྱས་ཕྱིན་ནས་རྒྱལ་ཁབ་ཕན་ཚུན་འབྲེལ་བ་བྱེད་སླ་བ་བསྒྱུར་ནས་ལེགས་ཆ་བརྗེ་རེས་བྱས་ནས་ཁེ་ཕན་བློ་ཡི་དཔོག་པར་དཀའ་བ་ཐོབ་ཡོད་མོད་སྐབས་རེ་སེམས་སྐྱེང་དགོས་པའི་གནས་ཚུལ་ཡ་ང་བ་བྱུང་དང་འབྱུང་གིན་ཡོད།
ཚན་རིག་ཡར་རྒྱས་ཕྱིན་པའི་ཉེར་ལེན་ལས་ལེགས་ཉེས་སྣ་ཚོགས་བྱུང་བ་དང་། ལེགས་པའི་ཆ་མང་པོ་ཞིག་མངོན་སུམ་དུ་གསལ་དུས་ཉེས་པའི་ཕྱོགས་ལ་བསམ་ཞིབ་མེད་པར་ཕྲག་དོག་དང་། འགྲན་སེམས་ཀྱི་ཀུན་ནས་བསླང་སྟེ་རྒྱལ་ཁབ་ཕན་ཕན་ཚུན་སྟོབས་ཤུགས་ངོམས་ཕྱིར་ཚན་རིག་དེ་ལག་ཆ་གཙོ་བོ་ཞིག་ཏུ་བེད་སྤྱོད་བྱེད་བཞིན་པ་དང་། མཚོན་ཆ་རེ་རེས་སེམས་ཅན་འབུམ་ཕྲག་མང་པོ་མཉམ་དུ་ཚེ་སྲོག་ཤོར་བའི་ཉེན་ཁ་ཏན་ཏན་ཆགས་ཡོད་པ་ནི་བགྲང་བར་ག་ལ་ནུས།
དེས་ན་ཚན་རིག་གི་ཤེས་བྱ་ཁྱབ་ཆེ་བའི་དུས་དེར་ནང་སེམས་བཅོས་དགོས་པ་གལ་ཆེན་པོ་དང་། ནང་སེམས་བཅོས་ཐབས་ཀྱི་ཐབས་ལམ་སྣ་ཚོགས་ཀྱེད་བྱེད་པོ་དུ་མ་ཡོད་པའི་ནང་ནས་མཆོག་ཏུ་གྱུར་པ་དེང་སང་ཡོངས་གྲགས་ལ་སྤྱི་ཡོངས་ཀྱིས་མགྲིན་གཅིག་ཏུ་༼སངས་རྒྱས་༽ཞེས་འབོད་བཞིན་པ་དེ་ཉིད་འཛམ་གླིང་འདི་སྐུ་བལྟམས་ནས་ལོ་ངོ་ག་ཚད་ཕྱིན་ཡོད་མོད་ཤེས་ཚོད་ཁག་པོ་དང་། མཁས་པ་རྣམས་ཀྱི་བཞེད་ཚུལ་མང་མོད་འོན་ཏང་དེ་དག་ལ་བསྐྱར་འདོད་བྱེད་པ་ལ་དགོས་པ་ཆེར་མེད་པས་གནས་སྐབས་བཏང་སྙོམས་སུ་བཞག་ནས་སྐབས་དོན་སངས་རྒྱས་ཀྱི་འཁྲུངས་སྐར་དང་འབྲེལ་བའི་ཐོག་ནས་གནས་དོན་གལ་ཆེན་ཞུ་བ་ལ་གསུམ་ལས།
འཁྲུངས་སྐར་སྲུང་རྩིས་བྱེད་ཚུལ་དང་། དེའི་ཕན་ཡོན། ཐ་མར་ཆགས་སྡང་གི་གནས་སུ་ལྷུང་མི་རུང་བ་བཤད་པའོ།
སྤྱིར་སངས་རྒྱས་སྐུ་བལྟམས་པའི་དུས་ལ་བཞེད་ཚུལ་མི་འདྲ་བ་མང་མོད་གནས་བསྟན་སྡེ་པའི་ལུགས་ཀྱིས་ཕྱི་ལོའི་སྔོན་གྱི་ལོ་ངོ་༦༢༥ མེ་སྤྲེལ་ས་ག་ཟླ་བའི་ཚེས་༧ ལ་སྐུ་བལྟམས་པར་འདོད། སྟོན་པའི་འཁྲུངས་སྐར་དུས་ཆེན་གནས་བསྟན་སྡེ་བའི་ལུགས་ལྟར་འཛམ་གླིང་འདིར་གནས་པའི་ནང་པའི་སྐྱ་སེར་ཀུན་གྱིས་དུས་གཅིག་ཏུ་འཁྲུངས་སྐར་བསྲུང་རྩིས་བྱེད་དགོས་པའི་གཏན་འབེབས་གནང་ནས་འཕོ་འགྱུར་གྱི་ལོ་རྒྱུས་གསར་པ་ཞིག་བསྐྲུན་པ་རེད།
དེ་ལ་ཚང་མས་མགྲིན་དབྱངས་གཅིག་ནས་ངོས་ལེན་དམ་བཅའ་བྱས་ནས་ད་ལྟའི་བར་དུ་སྲུང་རྩིས་ཞུ་བཞིན་ཡོད་པ་ནི་གཟི་བརྗིད་དང་དགེ་མཚན་ཡོད་པ་ཞིག་ཡིན་སྨྲ་བར་སྤོབས་མོད། འོན་ཀྱང་ནང་བསྟན་ལ་དད་པ་རྣམས་ལ་ཕྱོགས་གཅིག་ནས་འཁྲུངས་སྐར་དུས་ཆེན་དེ་གལ་འགངས་ཆེན་པོ་ཆགས་ཡོད་མིག་ཐོག་ལག་ཟིན་ཡིན་རུང་སྲུང་རྩིས་མ་བྱས་པ་ནི་རང་ལྟ་མཆོག་འཛིན་ཁོ་ན་ལ་ཐུག་པ་མ་ཡིན་ནམ་སྙམ་པའི་དོགས་འདྲི་ཞིག་ད་ལྟའི་བར་དུ་ཀུན་རྟོག་ནང་མ་ཡལ་བར་གནས།
དངོས་ཡོད་གནས་ཚུལ་ནི་དེང་སང་ཡོངས་གྲགས་ལ་སྟོན་པ་ག་དུས་འཁྲུངས་པ་ཡིན་ནམ་ཞེས་པའི་དྲི་བ་ལ་བོད་ཀྱི་བླ་ཆེན་ཕལ་མོ་ཆེས་གནས་བསྟན་སྡེ་པའི་ལུགས་དེ་འཐད་པར་འཛིན་ནས་བཤད་ཀྱིས་ཡོད་པ་ནི་རྣམ་འགྱུར་ལ་བལྟས་ནས་དཔོག་ཐུབ་པ་དང་། ནང་བསྟན་རྗེས་འཇུག་དགའ་ཡིས་ཕྱིའི་མཁས་དབང་རྣམས་དང་ལྷན་དུ་བགྲོ་གླེང་གནང་དུས་དང་། ནང་ཆོས་ངོ་སྤྲོད་ལ་སོགས་པ་གནང་བའི་དུས་སྟོན་པའི་འཁྲུངས་དུས་ནི་གནས་བསྟན་སྡེ་པའི་ལུགས་ལྟར་བཤད་པ་དང་འཆད་བཞིན་པ་ནི་ཀུན་གྱི་མཁྱེན་གསལ་ལྟར་ཡིན། དེ་དག་རྒྱུ་མཚན་ཡང་དག་ཡིན་མིན་གང་ཡིན་ཡང་སྟོན་པའི་འཁྲུངས་སྐར་དུས་ཆེན་ནང་པ་སྤྱི་ཡིས་མཉམ་དུ་སྲུང་རྩིས་གནང་དགོས་པ་ནི་གལ་ཆེན་པོ་ཡིན།
དེང་དུས་འཛམ་གླིང་དེ་ཆུང་དུ་ཕྱིན་པའི་ཚོར་སྣང་དང་། སྤྱི་ཚོགས་ནང་ལ་གནས་ཚུལ་ག་འདྲ་ཆགས་ཡོད་མེད་དྲྭ་ལམ་བརྒྱུད་ནས་སྐད་ཅིག་ཉིད་ལ་འཛམ་གླིང་ལ་ཁྱབ་པའི་དུས་དེར་འུ་ཅག་བོད་བརྒྱུད་ནང་བསྟན་ལ་ཡིད་ཆེས་ཟབ་པའི་སྐྱ་སེར་དང་། གཞན་ཡང་སངས་རྒྱས་ཀྱི་རྗེས་འཇུག་རྣལ་མར་ཁས་ཆེ་བ་རྣམས་ཕོ་རོག་དཀར་པོ་ལྟར་གནས་པའི་དུས་ཚོད་མ་ཡིན་པར་སེམས།
ཞི་བ་ལྷས་”སེམས་ཅན་མགུ་བྱ་མ་གཏོགས་པར། །རྒྱལ་བ་དགྱེས་པའི་ཐབས་གཞན་མེད།།” ཞེས་གསུངས་པ་བཞིན་སེམས་ཅན་སྤྱི་ལ་ཕན་ཐོགས་ཡོད་པའི་ལས་ཞིག་ཡིན་ན་སངས་རྒྱས་ཀྱི་འཁྲུངས་སྐར་དེ་མཉམ་དུ་སྲུང་རྩིས་བྱས་པ་ལས་ལྷག་པའི་དོན་འབྲས་ཞིག་ཟུར་དུ་རྩིས་ནས་ཐོབ་རྒྱུ་མེད་པ་ནི་གསལ་པོ་ཡིན། གལ་སྲིད་ད་ལྟའི་དུས་དེར་སངས་རྒྱས་ཀྱི་འཁྲུངས་སྐར་སྲུང་རྩིས་བྱས་ནས་ཁེ་ཕན་ག་འདྲ་ཞིག་ལ་རེ་བ་བཅོལ་གྱི་ཡོད་དམ་ཞེས་དྲི་བ་འགོད་ན་ཕལ་ཆེར་ལན་ཡང་དག་ཞིག་འདེབས་ཁག་པོ་མིན་ནམ་སྙམ།
ཚང་མས་རང་ཕྱོགས་ལ་ཞེན་ནས་ལས་དོན་བྱས་པ་ཤུགས་ཆེ་ཤིང་། རང་ཉིད་ཀྱི་ཆོས་ལུགས་ཀྱི་རྩ་བ་གང་ལ་ཐུག་ཡོད་པ་མ་ཤེས་པ་ནི་ངོ་མ་ཅི་ཞིག་སྙིང་དུ་གནས་པ་ཡིན་ནམ། མདོར་ན་ནང་པའི་རྗེས་འཇུག་ཚོས་དུས་སྐབས་གཅིག་ལ་འཁྲུངས་སྐར་སྲུང་རྩིས་བྱེད་སྟངས་སྲོལ་གཏོད་པ་ལ་མོས་མཐུན་ཡོད་དགོས་པ་དང་། དེའི་ལེགས་ཉེས་ལས་ལེགས་པའི་ཡོན་ཏན་ཅུང་ཙམ་ཡོད་པ་རྟོགས་ནས་གཟུ་བློས་སངས་རྒྱས་ཀྱི་ཡོན་ཏན་རྗེས་སུ་དྲན་པའི་ཆ་ཤས་ཞིག་ཏུ་མཐོང་ནས་ངེས་པར་སེམས་ནས་སྲུང་རྩིས་བྱེད་དགོས་གཤིས། རང་ཕྱོགས་ལ་ཞེན་ནས་མིག་ལོང་བའི་འུ་ཅག་གིས་༼ནང་པའི་རྒྱལ་དར་༽དེ་ཁས་ལེན་པར་ནུས་ལ་འཁྲུངས་སྐར་དུས་ཆེན་གྱི་སྲུང་རྩིས་བྱེད་པའི་ཉིན་མོ་དུས་མཉམ་དུ་ཁས་ལེན་མི་ཐུབ་པ་ཅི་ཡིན་ནམ་ཞེས་དྭོགས་པ་ཁོང་སློང་བྱས་ནས་ལེན་འདེབས་ན་ཕྱོགས་རིས་ཀྱིས་དབང་དུ་གྱུར་བ་ཡིན་པར་བཤད་ཆོག་པར་སེམས།
དེས་ན་ཕྱོགས་རིས་སྤངས་ནས་སྟོན་པའི་འཁྲུངས་སྐར་དུས་ཆེན་་སྤྱི་ཟླ་5པའི་ཚེས་15ལ་ཡོངས་གྲགས་ཡིན་པ་གཞི་བཟུང་ནས་གུས་རྩིས་ངང་ནས་སྲུང་རོགས་གནང་ཞེས་ཐལ་མོ་སྙིང་ཁར་སྦྱར་ནས་གསོལ་བ་འདེབས་པ་དཔྱད་པར་འཚལ།
གཉིས་པ་ཕན་ཡོན་ནི། ནང་པ་སྤྱི་ཡིས་འཁྲུངས་སྐར་དུས་ཆེན་མཉམ་དུ་སྲུང་རྩིས་བྱེད་ནའཚེ་མེད་ཞི་བ་ལ་དགའ་མཁན་རྣམས་ཀྱི་ནུས་སྟོབས་རྒྱས་པ་དང་། སངས་རྒྱས་ཀྱི་མཛད་རྣམ་དང་། དེང་དུས་ཀྱི་འཁོར་ཡུག་གནས་སྟངས་དང་། ནང་པའི་ཆོས་ཀྱི་ཐུན་མིན་ཁྱད་ཆོས་དང་། ད་ལྟའི་བར་རྒྱལ་སྤྱི་ཡི་ལྟ་ཚུལ་གང་འདྲ་ཞིག་འཛིན་ཡོད་མེད་དང་། འགྲོ་བ་སྤྱི་དང་ལྷག་པར་ཁོར་ཡུག་གི་ཐོག་ལ་ཕན་ཐོགས་གང་འདྲ་ཡོད་མེད་ཐོག་ལ་བགྲོ་གླེང་གནང་ནས་ལེགས་ཉེས་ཀྱི་དབྱེ་འབྱེད་ཀྱི་ཁེ་ཕན་རྟོགས་ཐུབ།
ལྷག་པར་དུ་ཕྱི་རོལ་པ་དང་། ནང་པའི་མི་རེ་ཡིས་ཀུན་སློང་ཁྱེར་སྟངས་སོགས་ལ་ལེགས་ཉེས་ཀྱི་ནུས་ཚད་ཇི་འདྲ་ཡོད་མེད་ཐོག་ལ་རྒྱུས་ལེན་བྱས་ནས་ངེད་ཚོས་དེ་དག་གི་རྒྱུད་ལ་བསམ་བློའི་གནས་ཚད་དང་། མི་རབས་ཕྱི་མ་འབྱུང་འགྱུར་རྣམས་ལ་བསམ་བློའི་འདུ་ཤེས་འཛིན་ཚུལ་གྱི་སྐོར་ལ་སློབ་གསོ་སྤེལ་དགོས་པའི་བརྡ་ཁྱབ་ཤུགས་ཆེན་པོ་སྤེལ་ནུས་པ་དང་། མེས་པོ་རྣམས་ཀྱིས་མཛད་རྗེས་ལ་བསམ་ཤེས་བྱེད་སྟངས་དང་། དགྲ་གཉེན་གྱི་བར་ལ་ལྟ་སྟངས་ཀྱི་ཧེ་བག་དང་། ཕ་མ་དང་སློབ་དགེ་སོགས་དང་། གྲོགས་པོ་དང་། སྤྱི་ཚོགས་ཀྱི་ཤུགས་རྐྱེན་གྱིས་འགྱུར་ལྡོག་ངེས་ཅན་ཞིག་འགྲོ་ཡིས་ཡོད་པའི་ཐོག་ལ་ཐུགས་བསམ་བཞེས་ནས་སངས་རྒྱས་ཀྱི་དགོངས་བཞེད་དང་མཐུན་པའི་ལས་དོན་དངོས་ཤུགས་བརྒྱུད་གསུམ་ནས་བྱེད་སྟངས་ཕྱིན་ཅི་མ་ལོག་པར་ངོ་སྤྲོད་བྱེད་དགོས་པ་ནི་གལ་འགངས་ཆེན་པོ་ཡིན་པ་ཤེས་ཐུབ་པ་དང་། དེ་དང་འབྲེལ་བའི་ཐོག་ནས་སྤྱི་ཡོངས་ལ་བྱམས་བརྩེ་དང་། འཚེ་མེད་ཞི་བའི་ལྟ་གྲུབ་རྒྱུད་ལ་སྐྱེས་པ་སོགས་ཀྱི་རྒྱུར་འགྲོ་ཆེད་འབད་བརྩོན་དང་། དངོས་སུ་ལག་ཏུ་བསྟར་བའི་རྐྱེན་གྱིས་ཀུན་སྤྱོད་ལེགས་པའི་མི་གྲངས་མང་པོ་འཕེལ་བ་དང་། དེ་ནས་མི་རེ་རེ་ཡིས་ཁྱིམ་ཚང་དང་། སྤྱི་ཚོགས་དང་། རྒྱལ་ཁབ་དང་། འཛམ་གླིང་དེ་ལྷིང་འཇགས་ཏུ་གནས་ཐུབ་པའི་ལས་དོན་རྩོམ་ནུས་པའི་ཡིད་ཆེས་དང་། རེ་བ་དེ་མངོན་འགྱུར་ཡོང་བའི་གྲ་སྒྲིག་ཀྱང་བྱ་དགོས་པ་ཤེས་ཐུབ། དེ་དག་ནི་ཕན་ཡོན་རགས་བསྡུས་ཙམ་ཡིན་མོད་རྒྱས་པར་ཡིག་ཚོགས་ལ་འཇིགས་པས་མ་སྤྲོས་སོ།
གསུམ་པ་ནི། ངེད་ཚོས་འཁྲུངས་སྐར་སྲུང་རྩིས་བྱས་ནས་ཐོབ་འདོད་དེ་ཅི་ཡིན་ཞེ་ན། ངེད་ཚོས་ཁོང་གི་དོན་དམ་པའི་དགོངས་བཞེད་དེ་རྟོགས་ཕྱིར་དང་། གཞན་ལ་ཁོང་གི་ཀུན་ལ་འདྲ་མཉམ་དགོས་པའི་ལམ་དོན་དང་། ཁོང་གིས་ལག་ལེན་དུ་བསྟར་བའི་མིག་དཔེ་བཟང་པོའི་མཛད་རྗེས་རྣམས་ཕྱིས་བྱུང་མི་རྣམས་ཀྱི་བགོ་སྐལ་དུ་བཞག་ཕྱིར་དང་། ཁོང་གི་ངེད་ཚོ་ལ་གཟིགས་སྐྱོང་ལྷོད་མེད་གནང་ནས་ད་ལྟའི་དུས་ངེད་ཚོ་ལ་ཐུན་མིན་གྱི་རང་གཤིས་ཞིག་མངོན་གསལ་བྱུང་བ་ནི་བསམ་བློའི་ཐོག་ལ་ཡང་གཞན་དང་མི་འདྲ་བ་ཚང་མས་བདེ་བ་དོན་དུ་གཉེར་གྱི་ཡོད་པ་ཡིད་ཆས་དང་། དུས་རྒྱུན་སེམས་གཏིང་དུ་གུ་ཡངས་ཀྱི་འདུ་ཤེས་དང་། འཛམ་གླིང་འདི་དྲོ་སྐྱིད་ལྡན་པ་ཞིག་ཆགས་ཕྱིར་འབད་བརྩོན་དང་། རང་གཞན་གཉིས་ཕན་ཚུན་ལྟོས་གྲུབ་ཡིན་པས་ཕྱོགས་གཅིག་ལ་སྐྱོན་བྱུང་ན་ཕྱོགས་གཞན་དེ་ལ་ཡང་སྐྱོན་ཡོད་པའི་རྒྱུ་མཚན་ངེད་ཚོས་ཤེས་ཐུབ་ཡོད། དེས་ན་ངེད་ཚོས་ཆགས་སྡང་གི་དབང་དུ་མ་ཕྱིན་པར་ཆོས་དང་མཐུན་པའི་སྒོ་ནས་བྱེད་དགོས་པ་གལ་ཆེན་ཡིན་པས་ཚང་མས་མཐའ་གཉིས་སུ་མ་ལྷུང་བའི་བསམ་བློ་བཅངས་དགོས་ངེས་ཡིན།
དུས་རབས་ཉེར་གཅིག་གི་མགོ་ལ་ཕྱི་དངོས་པོ་ཡར་རྒྱས་ཕྱིན་ནས་མི་རྣམས་ཕན་ཚུན་འབྲེལ་བ་བྱེད་སླ་བ་དང་། ཉིན་རེའི་གནད་དོན་ཆེ་འབྲིང་ཆུང་གསུམ་རྣམས་སྐད་ཅིག་ལ་ཀུན་གྱི་མིག་གིས་མཐོང་བ་དང་།ཐོས་པ་སོགས་དཀའ་ཚེགས་མེད་དུས་ངེད་ཚོས་ཐུགས་བསམ་རྒྱ་ཆེན་པོ་བཞེས་ནས་ལས་དོན་བྱེད་དགོས། ནང་པ་སྤྱི་ཡོངས་དང་། སྒོས་སུ་སེམས་ཅན་བདེ་ཐོབ་འདོད་ཀུན་གྱི་ལམ་སྟོན་པ་པོ་བདག་ཅག་གི་སྟོན་པ་འདི་ཉིད་ཀྱི་འཁྲུངས་སྐར་ཉིན་མོར་གཅིག་ཏུ་གཏན་འབེབསབྱེད་དགོས་པའི་གནད་དོན་ཤེས་ནས་རང་གི་ནུས་པ་དང་དཔག་ནས་བྱེད་དགོས་པ་དང་། ཆགས་སྡང་གིས་ཕན་ཚུན་ལ་འགགས་པ་གནང་ནས་བསྡད་པའི་དུས་མ་ཡིན་པ་ངེད་ཚོས་ཤེས་ཡོད་མོད། འོན་ཀྱང་ལག་ལེན་དུ་བསྟར་མ་ཐུབ་པ་ནི་ཅི་འདྲ་ཞིག་ཡིན་ན་བསམ་ནས་རང་ཉིད་མི་ཞིག་ཡིན་པས་བསམ་བློ་ནན་གཏན་འཁོར་དགོས་་པ་མཟད། རང་ཉིད་ཀྱི་བསམ་བློ་ཆུང་ཆུང་དེ་ཆེན་པོ་ག་འདྲ་འགྱུར་དགོས་སྙམ་པའི་ཀུན་སློང་དང་། དེ་ལྟར་ཀུན་སློང་གིས་ཁྱེད་ཉིད་དྲང་བདེན་གྱི་མི་ཞིག་ཏུ་འགྱུར་དགོས་པ་ནི་གནད་དོན་གལ་ཆེན་ཡིན་ནོ།།
སླར་སྨྲས་པ།
ཕྱོགས་རིས་སེལ་བྱེད་དྲང་སྲོང་རྒན་པོ་ཡི།།
ཕྱོགས་རིས་དྲི་མས་མ་བསླད་བསམ་ཚུལ་དེ།།
ཕྱོགས་དམན་འགྲོ་བ་ཀུན་གྱི་མིག་ལམ་དུ།།
པད་མོ་འདབ་བརྒྱད་བཞིན་དུ་བཞད་པའི་མོད།།
རང་གིས་རྣམ་དཔྱོད་སྤྱད་ནས་གཞན་དོན་ལ།།
ཕན་པའི་ལས་དོན་ཕྲ་ཙམ་མ་ནུས་ཀྱང་།།
གཞན་ལ་གནོད་འཚེ་སྤངས་ནས་འགྲོ་སྤྱི་ཡི།།
བདེ་འདོད་ཡིན་པར་ཤེས་པའི་མི་གྱུར་ནས།།
སྙིང་པོ་མཆིས་པ་རང་གིས་བླངས་བ་དང་།།
སྙིང་རྗེ་གཞན་ཕན་སེམས་ལ་རྟག་གཞོལ་ནས།།
རྟག་ཏུ་སྤྱི་དོན་ལས་ཀྱི་ཁུར་ཆེན་པོ།།
ཁུར་བའི་དྲང་པོ་ཉིད་དུ་གནས་པར་སྨོན།།
ཞེས་དཔལ་གློ་བོ་རྒྱལ་ནས་སྔར་བྲིས་པ་ལ་ཞུས་དག་ཅུང་ཙམ་བྱས་ནས་དེ་རིང་ས་ག་ཟླ་བའི་དུས་ཆེན་ལ་མཇུག་རྫོགས་པར་བགྱིས་པའོ།།
དེ་བརྒྱད་སྟོང་རེད་དམ་ གཟུངས་བསྡུས་རེད
དེང་སང་གཟུངས་འདུས་དང་བརྒྱད་སྟོང་པ་ཀློག་མཁན་དཀོན་པོ་ཆགས་འདུག རྡོ་རྗེ་གཅོད་པ་ཡང་ཀློག་མཁན་ཉུང་ཉུང་རེད།
དཔལ་གློ་བོ་རྒྱལ་ལེགས་ཀྱིས་ལོ་རྒྱུས་ནང་མི་ལེགས་པ་མང་པོ་བྱུང་བའི་སྐོར་བྲིས་པར་སྔོན་ལ་དྭགས་རྒྱུལ་པོའི་དུས་ཀྱི་སྤྱོད་ངན་སྣ་ཚོགས་པ་བྱུང་བ་ལ་བརྟགས་ན། དིང་དུས་ལ་དྭགས་པ་ལ་རྫོགས་ལྡན་གྱི་དུས་ཤར། ལ་དྭགས་ཀྱི་རྒྱལ་པོ་སེངྒེ་རྣམ་རྒྱལ་ཞེས་ཆོས་རྒྱལ་ལྟ་བུར་རྩི་ཡང་དོན་དུ་རང་གི་ནུ་བོ་ནོར་བུ་རྣམ་རྒྱལ་ཞེས་པ་སྐུ་དྲག་འགས་ལྔ་པའི་ལམ་དུ་བཏང་ནས། རྒྱལ་པོར་གྱུར་པ་ཞིག་ཡིན་འདུག་ དགྲ་དངོས་མ་ནུག་ཕྱོགས་ན་ཡོད་པར་འཛིངས་མ་ཐུབ་པར་བོད་བྱང་ཐང་དང་དང་གུ་གེ་ལ་དམག་བརྒྱབས་ཏེ། མི་འོས་པའི་ལས་བྱས་འདུག ཅེས་ནུབ་ཕྱོགས་པ་ལོ་རྒྱུས་སྨྲ་བ་ཞིག་གིས་བྲིས་འདུག གཅིག་ན་རང་ཉིད་ལ་དབང་མེད་པར་ལ་དྭགས་པ་སྐུ་དྲག་སོགས་ཀྱིས་བྱེད་དུ་བཅུག་ནས། དེ་ལྟར་བྱུང་བ་ཡིན་ཤས་ཆེ། དམག་ནས་ལོག་སྐབས་རྒྱལ་པོ་སེངྒེ་རྣམ་རྒྱལ་སྐུ་གཤེགས་ནས། གསང་སྟབས་ཀྱི་སྐུ་སྤུར་གླེའི་མཁར་དུ་གདན་དྲངས་སོ་ཞེས་ལ་དྭགས་རྒྱལ་རབས་སུ་བྲིས་སོ།
རྒྱལ་པོ་དེའི་བྱ་བ་མིག་དཔེར་འོས་པ་ཞིག་ནི། རང་གི་བླ་མ་སྟག་ཚང་རས་པའི་བཀའ་ལ་རྩི་བ་དེ་ཡིན་འདུག འབྲུག་པ་བཀའ་བརྒྱུད་པ་བླ་མ་སྟག་ཚང་རས་པའི་བཀའ་དྲིན་ལས་ཁྲི་རྩེའི་དགོན་པ་སོགས་རྒྱལ་པོ་སེངྒེ་རྣམ་རྒྱུལ་གྱིས་དམག་སྒར་དུ་མ་བསྒྱུར་པར་ལུས་ཏེ། དིང་སང་སངས་རྒྱས་བསྟན་དར་རྒྱས་ཆེ་ཞིང་རྗེ་བཙུན་བྱམས་པ་མགོན་པོའི་སྣང་བརྙན་ཐོག་བརྩེགས་གསུམ་པ་རབ་ཏུ་མཛེས་པ་ཞིག་ཁྲི་རྩེ་མཁན་པོའི་མཆོག་སྤྲུལ་རིན་པོ་ཆེས་བཞེངས་པ་ནུབ་གླིང་གི་དེབ་མང་པོར་སྤར་དུ་བཀོད་པ་ཡང་བཞུགས་སོ།
་
སྔོན་གྱི་ལོ་རྒྱས་ཞེས་པ་ སྔོན་གྱི་ལོ་རྒྱུས་ཞེས་པ་དང་། བེད་སྤྱད་ཅེས་པར་བྱེད་སྤྱད་འབྲི་ན་བོད་ཀྱི་ཡིག་སྦྱོར་དང་མཐུན།