ཁྲི་རལ་པ་ཅན།
ནམ་རྒྱུན་ང་ཚོས་བོད་མིའི་རིགས་རྒྱུད་གཙང་མ་གང་འདྲ་ཡིན་མིན་སྐོར་བསམ་བློ་གཏོང་སྐབས། མགོ་རྙོག་མང་པོ་འཕྲད་ཡོང་གི་ཡོད། ལོ་རྒྱུས་ནས་བལྟས་ན་པུར་རྒྱལ་ལས་མཆེད་པ་སྲོང་བཙན་སྒམ་པོས་ཁྱིམ་མཚེས་རྒྱལ་ཁབ་ཏུ་གྱུར་པ། ཨ་ཞ་དང་སུམ་བྷ། ལྡོང་མི་ཉག་དང་ཞང་ཞུང་། ལི་ཡུལ་དང་འཇང་སོགས་དབང་བསྒྱུར་བྱས་ཏེ་བོད་ཁོངས་སུ་བཅུག་པར། རྒྱལ་ཁབ་དེ་ཚོར་ཡང་རྒྱལ་པོ་དང་བཙུན་མོ། འབངས་མི་སེར་དང་ཡུལ་གོམས་སྐད་ཆ་ཚུན་ཡོད་པ་ལོ་རྒྱུས་སུ་གསལ་བས། རིམ་པས་དེ་ཚོ་ནག་གསིབ་ཀྱི་ཆེད་ཞང་ཞུང་ནས་མཆེད་པའི་སྦྲ་དང་ཁྱུང་། སུམ་བྷ་ནས་མཆེད་པའི་འབྲུ། ཨ་ཞ་ནས་མཆེད་པའི་སེ་དང་། མི་ཉག་ནས་མཆེད་པའི་ལྡོང་སོགས་ལ་བོད་མིའུ་གདོང་དྲུག་ཅེས་པ་ཞིག་བཟོས་ཡོད་མོད།
འོན་ཀྱང་། བཙན་པོའི་རྒྱལ་ཁབ་འཐོར་བཤིག་སོང་ནས་ཡུན་རིང་རྗེས་སོག་པོའི་སྟོབས་ཤུགས་འོག ས་སྐྱ་པས་བོད་ཆོལ་ཁ་གསུམ་ལ་མིང་ཙམ་གྱི་དབང་ལུང་བསྒྱུར་ཡོད་ནའང་། གཅིག་ནས་ས་གནས་ཀུན་ཏུ་ཁྲལ་བསྡུ་ཁྲིམས་གནོན་ཚད་ཐུབ་མ་བྱུང་བ་དང་། གཉིས་ནས་སོག་པོའི་དབང་གྲིབ་འོག་ཡོད་ཙམ་གྱི་སྟོབས་ཤུགས་ལ་བརྟེན་ཏེ། གཞན་དབང་སྟབས་བསྟུན་གྱིས་མདོ་ཁམས་ཀྱི་ས་ཆ་མང་པོར་རྒྱ་སོག་ཧོར་རིགས་ཁག་གང་འདོད་དུ་གནས་སྤོས་འདུས་སྡོད་བྱས་རྐྱེན། ཁམས་དང་ཨ་མདོའི་རིགས་ནི་བོད་རིགས་གཙང་མ་ཞིག་ཏུ་བརྗོད་མི་ཐུབ་པ། ལོ་རྒྱུས་སྨྲ་བ་དྲན་དབང་དགེ་འདུན་ཆོས་འཕེལ་ནས་ཀྱང་གསལ་བོར་གསུངས་འདུག
དེ་ནས་རིམ་པར་ས་ཕག་རིན་གཙང་ཁག་གིས་དབུས་གཙང་གི་ས་རིས་ཙམ་ལ་དབང་བསྒྱུར་རེ་བྱུང་ཡོད་ནའང་། མདོ་ཁམས་མངའ་རིས་དང་བཅས་པ་ལུང་ཆུང་དཔོན་ཆུང་གིས་དབང་བསྒྱུར་དང་། ཡང་ན་རྒྱལ་ཁབ་གཞན་གྱི་དབང་འོག་ཏུ་ཤོར་ཏེ་མི་རིགས་སྣ་ཚོགས་སུ་འདྲེས། དེ་བར་སྟོད་མངའ་རིས་ཀྱི་ས་ཆ་མང་པོ་སྟོད་ཧོར་རམ་ཁ་ཆེའི་རྒྱལ་པོ་ཚོའི་དབང་འོག་གནས་ཡོད་ཅིང་། མདོ་ཁམས་ཀྱི་ཤར་ཕྱོགས་ས་རིས་མི་སྡེ་དང་བཅས་པ་འཇང་གི་དབང་འོག་གནས་པ། རྗེས་དགའ་ལྡན་ཕོ་བྲང་གི་སོག་པོ་ཚོས་ཕྱིར་བླངས་པ་རྒྱ་བོད་ཀྱི་ཡིག་ཚང་མང་པོར་གསལ། ཨ་མདོའི་ལྷོ་བྱང་སྤང་ཐང་རྒྱ་ཆེ་བས་སོག་པོའི་སྡེ་ཚོ་མང་པོས་བཟུང་ཡོད་ལ། བྱང་ཤར་གྱི་རོང་ས་ཁག་ནང་རྒྱ་མི་དང་ཁ་ཆེ། ས་ལར་དང་ཐི་ལི་ཧོར་སོགས་གང་བྱུང་མང་བྱུང་གནས་ཡོད་པ་རེད།
དེ་ལྟར་རིམ་པས་དགའ་ལྡན་ཕོ་བྲང་གི་དབང་བསྒྱུར་སྐབས་ཀྱང་ཨ་མདོ་ལྷོ་བྱང་རྒྱ་སོག་འོག་རང་འཇགས་བཞག རང་ཁོངས་ཤར་དར་རྩེ་མདོ་ནས་ནུབ་སྟོད་མངའ་རིས་བར་སོག་པོའི་དམག་སྒར་གྱིས་བཟུང་ཡོད། དེའི་སྟེང་སྔ་མོ་ཆོས་རྒྱལ་སྲོང་བཙན་སྐབས་ནས་རྒྱ་མོ་བཟའ་ཀོང་ཇོ་དང་ལྷན། རྒྱ་རིགས་སྟོང་ཚོ་བརྒལ་བ་གནས་སྤོས་ཀྱི་ལོ་རྒྱུས་ཡོད་སྟབས། གཅིག་ཐང་ན་སྐབས་དེ་ཤེད་ནས་ལྷ་སའི་ནང་བོད་མི་ཚོ་གྲངས་ཉུང་མི་རིགས་སུ་གྱུར་ཚར་ཡོད་སྲིད།
གང་ལྟར་ཡུན་གྱིས་སྟོད་ཕྱོགས་སུ་རྒྱ་གར་དང་ཁ་ཆེ། དབུས་ཨེ་ཞི་ཡའི་མི་རིགས་སྣ་ཚོགས་འདྲེས་ཡོད་པ་གདོང་ལ་བལྟས་ཙམ་གྱིས་ཤེས་ཤིང་། དབུས་གཙང་ལ་སྟོད་དང་བཅས་པར་བལ་བོ་དང་སིག རྒྱ་སོག་གི་རིགས་བཅས་ཀྱང་འདྲེས་ཡོད་པས། ཐ་ན་ཕྱིས་བོད་ཀྱི་རྒྱལ་བོ་དང་བླ་མ། གྲུབ་ཐོབ་སོགས་སྐད་གྲགས་ཅན་མང་པོས་ཀྱང་སོ་སོ་བོད་རིགས་མིན་པ་དངོས་སུ་གསུང་འབྱོན་ཡོད། དཔེར་ན། ལོ་རྒྱུས་ནང་རྒྱལ་བོ་ཁྲི་སྲོང་ལྡེའུ་བཙན་གྱིས་རང་ཉིད་རྒྱ་ཚ་ཡིན་པ་གསུང་རབས་དང་། བོད་ཀྱི་རྒྱལ་བོ་དང་བླ་མ་གཅིག་ལྕོགས་༧གོང་ས་ལྔ་པ་ཆེན་པོས་ཀྱང་རང་ཉིད་བོད་རིགས་མིན་པར། རྒྱ་གར་བྷང་བྷལ་གྱི་རིགས་རྒྱུད་ཡིན་པ་དངོས་སུ་སྨྲས་ཡོད།
དེ་མཚུངས་ས་སྐྱའི་གདུང་སྲས་རྣམས་འོད་གསལ་ལྷ་ཡི་རིགས་རྒྱུད་ལས་བྱུང་བ་དང་། གྲུབ་ཐོབ་ཆེན་པོ་གཙང་པ་རྒྱ་རས་ལྟ་བུ་རྒྱ་རིགས་ལས་མཆེད་པར་སྨྲ། ༧པཎ་ཆེན་དཔལ་ལྡན་ཡེ་ཤེས་ཀྱང་རྒྱ་གར་རིགས་འདྲེས་མ་ཡིན་པས། རྒྱ་གར་བ་ལ་ཐུགས་མཉེས་ཏེ་བཀྲས་ལྷུན་དུ་ཨཙཱརྱ་ཉིས་བརྒྱ་ལྷག་ལ་ཟས་གོས་རྒྱུན་ཆད་མེད་པར་སྦྱར་རབས་ཡོད། ༧རྒྱལ་དབང་བཞི་པ་ཡོན་ཏན་རྒྱ་མཚོ་ནི་ཧོར་ཇིང་གར་རྒྱལ་པོའི་གདུང་རྒྱུད་ཡིན་པ་ཡོངས་གྲགས་བྱས། མདོར་རྩ་དེ་ཚོའི་རིགས་ལ་ཞིབ་འཇུག་བྱས་ན་བགྲང་གིས་མི་ལང་བ་རེད།
དགའ་ལྡན་ཕོ་བྲང་གི་སྲིད་དབང་རྒྱ་དམར་གྱིས་འཕྲོག་ནས་བཟུང་བོད་ས་སྟོད་སྨད་བར་གསུམ་དུ། རྒྱ་རྒན་ཤིང་བཟོ་དང་ལྷམ་བཟོ་ཚུན་ནས་བོད་མོ་ཚོར་ཆང་ས་བརྒྱབས་པ་གྲངས་མེད་ཅིང་། དེང་སང་དེ་ལས་ཀྱང་བོད་མི་ཕོ་མོ་གཉིས་ཀས་རྒྱ་ཧན་དང་རྒྱ་ཁ་ཆེ་ལ་ཆང་ས་བརྒྱབས་པའི་གྲངས་ཀ་འབོར་ཆེན་ཡིན་པ། ཉེ་ལམ་བོད་ཀྱི་བུད་མེད་ཚོགས་པས་ཞིབ་འཇུག་སྙན་ཐོ་བཏོན་ཡོད།
ལར་སྔ་མོ་ནས་ཀྱང་བོད་མི་གཙང་མ་ཟེར་བར་དབྱེ་ཐིག་གསལ་བོ་འདྲ་གང་ཡང་མེད། ༧རྗེ་ཙོང་ཁ་པས་ལམ་རིམ་ཆེན་མོར་ཨ་མ་བོད་ལ་བུ་རྒྱ་སོག་བོད་གསུམ་གང་རུང་ཡོང་ཆོག་མོད། ཕ་བོད་ལ་བུ་བོད་པ་མ་གཏོགས་ཡོང་མི་སྲིད་པ་གསུངས་པར་དཔག་ན། བོད་མི་ཡིན་མིན་ཕ་ཡི་རུས་རྒྱུད་ཀྱི་སྟེང་ནས་འདེད་དགོས་པར་སྙམ་ནའང་། ༧ས་སྐྱ་པཎ་ཆེན་གྱིས་སངས་རྒྱས་ཀྱི་བསྟན་པ་དང་བོད་སྐད་སྨྲ་བ་ཚོའི་བདེ་སྡུག་ཆེད་སོག་ཁྲོད་ཕྱིན་པ་བྲིས་ཡོད་པས། བོད་མི་ཡིན་མིན་རིག་གཞུང་དང་སྐད་ཡིག་གཙོར་འདོན་བྱས་པ་འདྲ་བོར་ཡོད། བཙན་པོ་རིན་པོ་ཆེས་བོད་མིའི་ནང་རྒྱ་དང་ཧོར་སོག ཁ་ཆེ་དང་ས་ལིར། ཐི་ལི་ཧོན་སོགས་ཀྱི་རུས་མིང་ཅན་ཤིན་ཏུ་མང་བས་བོད་མིའི་རིགས་རྒྱུད་གཙང་མ་ཟེར་བ་ཅིག་ཧ་ལམ་མཛུ་གུ་འཛུགས་དཀའ་མོར་གསུངས་ཡོད།
བོད་རིགས་ཞེས་པའི་ཐ་སྙད་ནི་སྤྱི་ཚོགས་གསར་པའི་ནང་རྒྱ་ནག་དམར་པོས་བོད་དབང་བསྒྱུར་བྱས་ཏེ་བཟོས་པ་ཅིག་མ་གཏོགས། དེ་སྔོན་ཚིག་དེ་འདྲ་བེད་སྤྱོད་བཏང་བ་མཐོང་མ་སོང་ལ། རྒྱ་ནག་དང་བོད་ཀྱིས་མི་རིགས་ཞེས་པར་གོ་བ་ལེན་སྟངས་ཀྱང་རྩ་བ་ནས་ཐ་དད་ཡིན་པར་སྣང་། དཔེར་ན། ༧གོང་ས་སྐྱབས་མགོན་ཆེན་པོས་ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་ནང་དུ། དབུས་གཙང་གི་མི་རིགས་ཁག་དང་ཁམས་རིགས་ཞེས་ལན་མང་བཀའ་ཕེབས་ཡོད་ན། དེ་རྒྱ་ནག་གིས་མེན་ཙོས་ཞེས་པའི་ཚིག་ལ་གོ་བ་གཅིག་མཚུངས་བླངས་ན་མི་བདེ་བར་བསམ་སོང་།
གང་ལྟར་ན། བོད་མི་རྣམས་ལ་སྔ་མོ་ནས་བོད་པ་གཙང་མ་ཡིན་མིན་གྱི་སྟེང་དོགས་འདྲོགས་དང་གླེང་སྣ་ཚོགས་ཡོད་པ་ནི། བོད་ཡུལ་དབུས་ཀྱི་སྲིད་དོན་རྒྱལ་རབས་གཙོས་རྒྱལ་རབས་ཆོས་འབྱུང་གལ་ཅན་མང་པོའི་ནང་། དུས་རབས་མང་པོར་སོ་སོ་དང་ཆོས་དང་རིག་གཞུང་སྐད་ཡིག་དང་བཅས་པ་གཅིག་གྱུར་ཡིན་པ། ཨ་མདོའི་ཡུལ་ལྟ་བུར་མདོ་སྨད་ཨ་མདོའི་ཡུལ་ཏེ་རྒྱ་སོག་གི་ཡུལ་གྲུ་ཚུན་བྲིས་ཏེ། ཨ་མདོའི་རྒྱ་ཕྲུག་སོགས་འབོད་སྲོལ་ཡོད་པ་མ་ཟད། བཙན་བྱོལ་ནང་དུའང་དབུས་གཙང་མངའ་རིས་དང་བཅས་པའི་ས་མཚམས་བོད་མི་ཚོར། ཁོ་བོད་པ་གཙང་མ་མ་རེད། ཁོ་རང་ཡིན་མདོག་མདོག་བྱེད་བཞིན་པ་རེད་མ་གཏོགས་སོགས་མཐའ་འབུད་གཏོང་གང་ཐུབ་བྱེད།
ལས་ཀ་ཅིག་ཡོད་ནའང་མགོ་སྐོར་བསླུ་བྲིད་ཀྱིས་དེ་ཚོར་མི་སྤྲོད་ཐབས་དང་འབྲེལ་གཅོད་ཐབས། མངོན་གསལ་མི་དོད་པའི་ལྐོག་ཇུས་ངན་པ་སྣ་དགུ་མཐོང་མི་འདོད་པ་དང་ཤེས་ན་ཞེ་མེར་ལངས་གཞི་དེ་འདྲ་བྱེད། མཚམས་རེར་བཙན་བྱོལ་ནང་དབུས་གཙང་ཁམས་གསུམ་གང་རུང་གི་མི་དྲག་གྲས་དེ་འདྲ་འགས། མཐའ་མི་ཚོར་རང་ཉིད་བོད་པ་གཙང་མ་ཡིན་པའི་ཟིལ་ཤུགས་ངོམས་སོ་བྱེད་པ་མཐོང་མྱོང་ལ། སྔ་མོ་ནས་བཙན་བྱོལ་དུ་དབུ་ཁྲིད་ཁག་ནས་བཟུང་མི་དཀྱུས་ཚུན་གྱི་ནང་བོད་པའི་རིགས་རྒྱུད་གཙང་མ་ཉར་དགོས་ཀྱི་བསམ་ཚུལ་ཤུགས་ཆེ་འདོན་བཞིན་པ་མ་ཟད། ད་ལོ་ལྟ་བུར་བུད་མེད་ཚོགས་ཆེན་སྟེང་བོད་པ་གཙང་མ་ཕན་ཚུན་མཐུན་འཇུག་གི་བགྲོ་གླེང་ངར་ཤུགས་ཅན་བྱུང་ཡོད་རུང་། མཐའ་མཇུག་ཁྱོ་ག་རྒྱ་གར་ཅན་གྱི་བུད་མེད་ཅིག་ཚོགས་གཙོར་འདེམས་ཡོད་པ་ནི། སློབ་དཔོན་འཕགས་པ་ལྷས་རིགས་རྒྱུད་གཙང་མ་ཟེར་བ་དོན་གྱིས་ངོས་འཛིན་གང་ཡང་བྱེད་མི་ཐུབ། དུས་ཡུན་རིང་ཁྲོད་མི་རྣམས་འདོད་ཆགས་ཀྱི་རྗེས་སུ་སེམས་གཡོ་བ་ཡིན་སྟབས། སྐབས་འཕྲལ་འདོད་པས་མྱོས་ཏེ་མི་ཕན་ཚུན་རིགས་འདྲ་མིན་གྱིས་ལུས་འབྲེལ་བྱུང་སྟེ། དོན་དངོས་སུ་རིགས་སྣ་ཚོགས་འདྲེས་ཚར་ཡོད་ཅེས་གསུངས་པ་དོན་ལ་གནས།
དེ་འདྲ་བོད་རིགས་གཙང་མ་ཟེར་བའི་བསམ་ཚུལ་གྱིས་སྔོན་མ་ཁུངས་འཁྱོལ་མྱོང་མེད་ལ། ད་ལྟའང་བོད་མི་ཕོ་མོ་འབོར་ཆེན་གྱིས་མི་རིགས་སྣ་ཚོགས་སུ་མཐུན་འཇུག་གིས་ཁུངས་འཁྱོལ་གྱིན་མེད་པ་མཐོང་ཆོས་ཡིན་ཞིང་། མ་འོངས་པར་ནི་དེ་བས་ཀྱང་ཁུངས་མི་འཁྱོལ་བ་ཚོད་ཐིག་པ་ཅིག་རེད། བོད་པ་རྣམས་ཚོ་ཁག་ཆུང་ཆུང་ཅིག་ལས་མེད་པའང་སྡུག་རྭ་མ་ནང་མི་འཁྱམས་པར། མུ་གེའི་སྟེང་ལ་ཟླ་ལྷག་ཏུ་འགྱུར་བ་ལས། སོ་སོ་དང་ཆོས་དང་རིག་གཞུང་གཅིག་པ། སྐད་ཡིག་གཅིག་གྱུར་ཡིན་པ། བོད་མི་ཡིན་བསམ་པའི་འདུ་ཤེས་ཡོད་པ་དང་། བོད་མི་སྤྱི་མཚུངས་དང་སྐྱིད་སྡུག་གཅིག་པ་བྱེད་མཁན་ཅིག་ཡིན་ན། མི་དེ་ཚོ་བོད་མི་ལ་བརྩིས་ཏེ་ཆབ་སྲིད་ཀྱི་གཡོ་ཇུས་མི་སྤེལ་བར། ཁ་ཞེ་གཉིས་མེད་ཀྱིས་སྐྱིད་སྡུག་གཅིག་པ་བྱས་ན་འཕྲལ་ཕུགས་གང་ལའང་ཕན་ཁྱད་ཆེ་བར་བསམ།།
ནམ་རྒྱུན་ཞེས་པར་ལ་དྭགས་པའི་ཁ་སྐད་དུ། དུས་རྒྱུན་ཞེས་པ་བཀོལ།
འདིའི་ནང་ཁྱོད་ཀྱི་བཤད་པས་བོད་མིའི་རིགས་རྒྱུད་གཙང་མ་ཞེས་པའི་རིགས་རྒྱུད་གཙང་མ་འཇོག་ས་དེ་ངས་ནི་རྙེད་མ་སོང་། ལྷག་པར་དུ་བོད་མིའི་རིས་དྲུག་བཤད་སྟངས་ཁྱད་མཚར་ཞིག་གསུང་འདུག སུམ་བྷ། འ་ཞ། འཇང་། ཞང་ཞུང་། མི་ཉག་སོགས་བོད་ཀྱི་ཚོ་ཁག་གམ་རྒྱལ་ཕྲན་དེ་དག་ནི་བོད་རིགས་མ་ཡིན་པའི་མི་རིགས་གཞན་གྱི་རྒྱལ་ཁབ་རེད་ཟེར། ལོ་རྒྱུས་ཁག་གི་ནང་ལི་ཡུལ་ནི་ས་གང་ན་ཡོད་ངོས་འཛིན་གསལ་བོ་བྱེད་ཐུབ་ཡོད་པ་མ་རེད། ཁྱེད་ལྟར་བཤད་ན་བོད་པུར་རྒྱལ་ཟེར་བ་ཡར་ལུང་ཁོག་གི་རྒྱལ་ཁབ་ཆུང་ཆུང་དེའི་ཁྱིམ་མཚེས་རྒྱལ་ཁབ་བཅུ་གཉིས་དབང་དུ་བསྡུས་པ་རེད། དེ་དག་ལ་ཡང་འབངས་མི་ཟེར་དང་སྐད་ཡིག་སོགས་ཡོད་པ་རེད། དེ་དག་རྩ་མེད་བཟོ་ཆེད་ཡང་ཅིག་ཅིག་བྱས་པ་རེད་སོགས་བཤད་རྒྱུ་མང་པོ་ཡོད་ས་རེད། སྔོན་གྱི་རྒྱལ་པོ་དང་བླ་ཆེན་ཁ་ཤས་ཤིག་རིགས་རྒྱུད་གཞན་ཡིན་པས་བོད་མིའི་རིག་རྒྱུད་གཙང་མ་ཞིག་རྙེད་མ་ཐུབ་ན་དངོས་གནས་ཁྱེད་སྐྱོ་བོ་རེད། ཨ་ལ་ཀུ་རེ་ཡིན།
མོན་རྟ་དབང་ནས། སྟོད་ལ་དྭགས་བར་དང་། དེ་ནས་བོད་སོག་ས་འཚམས་བར་ནས། ཤར་མདོ་རྩེ་མདོ་བར་གྱི་རྩམ་པ་བཟས། བོད་སྐད་བརྒྱབ་དང་། མཎི་གདོན་མཁན་ཚང་མ་བོད་རིགས་རེད། འོནད་ཀྱང་། མི་རིགས་གཞན་དང་འདྲེས་ཡོད་མ་རེད་ལབ་དཀའོ།།
ཀརྡོ་འདི་ཡི་སྐད་ཆ་ལ་ཆོ་འདུག་གམ། བོད་ལ་མ་ཎི་མི་འདོན་གྱི་བོད་རིགས་མེད་དམ་དེ་ཚོ་བོད་པ་མ་རེད་བོད་རིགས་མིན་ནམ།
བོན་པོ་སོགས་ཀྱིས། མ་ཎི་འདོན་བགྱིད་མེད་ན་ཡང་། རྩམ་པ་ཟ་མཁན་དང་། བོད་སྐད་རྒྱབ་མཁན་ཡིན་བགྱིད་རེད། ངས། ཡུལ་དེར་དེ་གསུམ་བྱེད་མཁན་ཡིན་ན་བོད་རིགས་ཡིན་པ་ལས། བོད་རིགས་ཡིན་ན། དེ་གསུམ་ཀ་ཚང་དགོས་པ་བཤད་མེད།
འོ་ན་ཙམ་པ་ཟ་མཁན་གྱི་གཡག་དང་ལུག་བོད་རིགས་ཡིན་པར་ཐལ།
ཁྱེང་སེ་མཆོག་ནས་ཧ་ཅང་གིས་ཐལ་འགྱུར་སྙིང་རྗེ་པོ་ཞིག་བཀོད་འདུག།རིག་པ་ཡག་འདུག་ངོ་སོ་བསྟོད།
དཔལ་ལྡན་ལགས་སུ་ཞུ་རྒྱུར།སུམ་པ་དུང་ཉོའུ་གོ་ཟེར་བ་ཅིག་རྒྱ་ནག་གི་རྒྱལ་རབས་ཚུན་ནས་འཐོན་ཏེ།རྒྱལ་ཁབ་རྒྱལ་མོས་སྐྱོང་བ་དང་སྐྱེས་པ་རྣམས་གཡུལ་ལ་མཁས་པ་སོགས།རིག་གཞུང་མི་འདྲ་བ་མང་པོ་ཡོད་པ་དགེ་འདུན་ཆོས་འཕེལ་གྱི་རྒྱལ་ནང་དུའང་བཤད་ཡོད་ཅིང་།ཞང་ཞུང་ནི་རྒྱལ་པོ་ལིག་མི་སྐྱས་དབང་བསྒྱུར་གྱི་རྒྱལ་ཁབ་ཆེན་པོ་ཅིག་ཡིན་ནའང་།སྲོང་བཙན་མིང་སྲིང་གཉིས་ཀྱིས་གཡོ་ཐབས་སྣ་ཚོགས་ལ་བརྟེན་ཏེ་རྒྱལ་ཁབ་གཏོར་བ་དང་རྒྱལ་བོ་བསད་པ་རེད།
ཨ་ཞ་ལའང་རྒྱལ་བོ་དང་རྒྱལ་ཁབ་ཡོད་པ་ལྷ་སའི་རྡོ་རིང་དང་ཏུང་ཧོང་ཡིག་རྙིང་སོགས་མང་པོའི་ནང་དངོས་སུ་མཐོང་རྒྱུ་ཡོད་མོད།མཐར་མགར་སྟོང་བཙན་གྱིས་མགོ་བསྐོར་གཡོ་ཇུས་སྤེལ་ཏེ་ཞི་བའི་སྒོ་ནས་དབང་དུ་བསྡུས།ལྡོང་མི་ཉག་ནི་དེ་ལས་ཀྱང་མངའ་ཁོངས་ཆེ་ཡང་སྲོང་བཙན་གྱིས་དྲག་འདུལ་བྱས་ཏེ་མི་ཉག་རྒྱལ་བོ་རྒྱ་ནག་ཐང་གི་མངའ་ཁོངས་སུ་བཙན་བྱོལ་གྱིས།མཐར་ཁོང་གི་མི་རབས་རྗེས་མ་ཚོས་བསྐྱར་དུ་མི་ཉག་རྒྱལ་ཁབ་བཙུགས་ཏེ།རྒྱ་ནག་སུང་དང་ཅིན་སོགས་ཀྱིས་ཀྱང་འགྲན་མི་ཚུགས་པ་ཅིག་བྱུང་བ་རེད་མོད།མཐར་ཧོར་ཇང་གུར་གྱིས་གཏོར་ཕམ་བཏང་བ་རེད།
ལི་ཡུལ་ངོས་མི་ཟིན་པ་གང་ཡང་ཡོད་མ་རེད།སྙིང་རྗེ་སྔོན་གྱི་མཁས་པ་ཚོར་འགྲིམ་འགྲུལ་སྟབས་མི་བདེ་བ་དང་ས་སྒོ་མ་ཆོད་པས་ཅུང་འཁྲུག་ཐེབས་པ་ལས།དགེ་ཆོས་ཙམ་ནས་བཟུང་བོད་ཀྱི་ལོ་རྒྱུས་སྨྲར་བ་ཚོར་ལི་ཡུལ་ནི་ཤིན་ཇང་ཡིན་པར་ར་འཕྲོད་དེ་ཡོངས་གྲགས་སུ་གྱུར་ཚར་བ་ཅིག་རེད་ད།
གང་ལྟར་བོད་ཀྱིས་དབང་བསྒྱུར་བྱས་ཙམ་གྱིས་རྒྱལ་ཁབ་དེ་ཚོ་བོད་རིགས་ཡིན་ན།དེང་སང་གི་བོད་དེ་ཡང་རྒྱ་རིགས་དང་རྒྱ་ཧན་ཚང་གི་ཚོ་ཁག་རེ་ཡིན་པར་ཐལ།རྒྱ་ནག་གིས་བཙན་བཟུང་དབང་བསྒྱུར་བྱས་ཡོད་པའི་ཕྱིར།རིགས་པ་འགོ་མཚུངས་རེད་ད།ཧཧ
ཁྱུང་སེའི་ཡུལ་ལ། གཡག་ལུག་རྩམ་པས་གསོས་སྟངས་ལ་བལྟས་ན། ཡུལ་དེར་ནས་འབྲུ་དཀོན་ཡང་། རྩམ་པ་མང་པོ་ཡོད་ས་རེད། ཧ་ཧ། སྐུ་རྩེད་ཞུས་པ་ཡིན་ནོ།།
འགྲིག་པ་རེད། སོ་སོའི་འདོད་་པ་ཡོད་ན་རང་དབང་རེད། མི་རིགས་གཞན་དང་རིགས་རྒྱུན་སྤེལ་དགོས། དེང་དུས་བོད་པའི་བུ་མོ་འགས་མི་རིགས་ནག་པོ་ལ་དགའ་པོ་དང་འཁྲུངས་ཚ་སྐྱོན་མཁས་ཡང་ཡོད། མ་གཞི་བོད་པའི་བུ་ཚོ་ལ་། ལག་ཆ་ཆུང་ཆུང་ཞིག་་ལས་མེད་དུས་ཡིན་པ་འདྲ། ཆོས་རྒྱལ་གསོང་བཙན་རྒྱ་མོ་ལ་དགའ་བ་ནས་། ད་ལྟའི་བླ་གྲྭ་མང་པོ་རྒྱ་མོ་དགའ་བ་་འདི་། བོད་པའི་བུ་མོ་ཚོས་ཡང་ག་རེ་མ་འདང་བ་རེད་། བསམ་ནོ་གཏོང་དགོས། བོད་གཞུང་ཉམས་ཞིབ་ལས་ཁུང་ནས་བཏགས་སྤྱད་བྱེད་གལ་ཆེ།
ནས་འབྲུ་ལས་མ་བྱུང་བའི་རྩམ་པ་ཧཧ་ཧཧཧ་
ཧཧ།རྩྭམ་པ་ཟོས་ཙམ་གྱིས་བོད་མི་ཡིན་ན་ཀོ་རི་ཡ་དང་ཉི་ཧོང་།ཡོ་རོབ་ནང་དུའང་རྩྭམ་ཟན་པ་མང་པོ་འདུག་ད།བོད་པ་ནི་ཁོང་ཚོ་མ་རེད་ལགས།མ་ཎི་འདོན་ཙམ་གྱིས་བོད་མི་ཡིན་དགོས་ན་སོག་པོ་ཕྱི་ནང་དང་ཨུ་རུ་སུ།དེང་སང་མགོ་སེར་ཀྱང་མ་ཎི་འདོན་མཁན་ཤིན་མང་ངོ་།།དེ་འདྲ་བོད་པ་ཡིན་པར་སྒྲུབ་བྱེད་ཐེབས་ཆག།ཇོ་བོ་རིན་པོ་གད་མོ་རྐུབ་ནས་ཤོར་སོང་།
གཞན་གྱི་རྒྱལ་ཁམས་མ་མཐོང་བར་རང་གི་སྣང་བ་དག།
རྩམ་པ་བཟས་ནས་བོད་རིགས་བོད་རིགས་ཆགས་མིན་མི་ཤེས་ཀྱང་། ཚན་རིག་ལྟར་ཨཕ་རི་ཁ་ནས་མིའི་རིགས་རྒྱུན་འཕེལ་སྟངས་ལ་བལྟས་ན། རྒྱ་རིགས། ཀོ་རི་ཡ། ཉི་ཧོང་སོགས་ཀྱང་། བོད་ནས་མཆེད་པ་ཡིན་པ་གསལ་འདུག་གདའ།
ཧ་ཧ་ཧ་བོད་ནས་མཆེད་ནས་བོད་པ་ཡིན་དགོས་ན་་་ཁྱབ་འགྲིག་ཞིག་འཕེན་ན། སྒོ་ང་ལས་མཆེད་ན་སྒོ་ང་ཡིན་དགོས་པ་རེད་དམ་་་་ཡང་གད་མོ་ཞིག མ་གཞི་ནས་བོད་ནི་འཛམ་གླིང་འདིར་རྗེས་ཤོས་ཞིག་ཏུ་ཆགས་པ་མིན་ནམ། བཅོམ་ལྡན་འདས་ཤཱཀྱཱ་ཐུབ་པ་མཆོག་མ་འདས་པའི་བར་བོད་མཚོ་ཡིན་པ་གཞི་ནས་མི་ཆགས་དགོས་པ་རེད་་་གཞི་ནས་སྤྲེལ་ལས་བོད་མི་ཆགས་དགོས་པ་མ་རེད་དམ།
ལྷ་ས་མ་འཆག་ལྷ་ས་འཆག། ལྷ་ས་རྒྱ་མཚོའི་སྟེང་ལ་འཆག། ཟེར་དུས་བོད་འདི་དང་པོ་མཚོ་ཡིན་པའི་སྒྲུབ་བྱེད་འདུག།
ཧཧ།ག་པ་ག་པ།ཉི་ཧོང་གི་མི་རིགས་ནི་རྒྱ་ནག་དང་ལྷོ་ཨེ་ཤེ་ཡ།སོག་ཡུལ་ཕྱོགས་ཀྱི་སེ་པེ་རི་ཡ་བཅས་ནས་མཆེད་པ་ཁོ་རང་ཚོའི་ལོ་རྒྱུས་མཐོང་ཚད་ནང་བྲིས་འདུག་ག།ཀོ་རི་ཡ་ནི་སོག་པོ་དང་རྒྱ་ཡུལ།མན་ཇུ་རི་ཡ་བཅས་ནས་མཆེད་པར་སྨྲ།རྒྱ་ནག་ལ་ནི་ལོ་ལྔ་སྟོང་དང་འཛམ་གླིང་གི་རྒྱལ་རབས་རིང་ཤོས་ཡོད་པ་རེད།དེ་ཚོར་བོད་ནས་མཆེད་པའི་ངག་བགྲོས་ཙམ་ཡང་མེད་རེད།ཀརྡོ་ལ་དེ་འདྲ་ཚན་རིག་པ་ཡ་མཚན་སུས་བཤད་ཡིན་ནམ།
མ་གཞི་བོད་ཀྱི་ཁྱིམ་མཚེས་རྒྱ་གར་ནག་སོག་པོ་དང་བཅས་པར་ཆོས་དང་རིག་གཞུང་།མི་སྡེའི་སྤྱི་ཚོགས་ནས་རྒྱལ་བོ་དང་གོང་མ་ཁྲ་ལམ་མེར་དར་ཡོད་སྐབས་ཀྱང་།བོད་རྒན་སྣ་ཉག་རྣམས་སྦྲེལ་རྔ་མ་ཤ་ལེ་ཡར་ལུང་ཁོག་ཏུ་ཤིང་ཏོག་རོལ་ཡོད་ལུགས།འཇམ་དཔལ་རྩ་རྒྱུད་ཀྱི་ལུང་ལ་གཏུགས་ཏེ་སོ་སོའི་རྒྱལ་རབས་ལོ་རྒྱུས་ནང་སོ་སོས་བྲིས་ཡོད་རེད་ད།
གོང་དུ་དྲང་བའི་གལ་མདོའི་ལུང་དེ་དང་།
འདྲེན། དྲངས། དྲང་། ཞེས་པ་རྣམས་ད་ལྟ་འདས་མ་འོངས་གསུམ་ཡིན་པར་སེམས། དེ་ལྟར་འདོད་ན། གོང་གི་བརྗོད་པ་འདི་དག་འདུག་གམ་མི་འདུག་དཔྱད་དགོས་སོ།
་
རྩོམ་ཡིག་བཤད་པ་འདི་རགས་ཙམ་བཀླགས་པས། བན་བོན་གཉིས་ཀྱི་གྲུབ་མཐའ་གཉིས་གཅིག་ལ་གཅིག་བརྟེན་ནས་གྲོགས་སུ་འཆར་བ་ཞིག་ཡིན་འདུག
་
ཝ་ཡིས་སེང་གེའི་སྐད་སྒྲོག་ཀྱང་། ཞེས་པ་ལ་དཔགས་ན། སྒྲོགས་དང་སྒྲོག་གཉིས་ཀྱི་ཁྱད་པར་ལ་ཀ་རྡོ་གཉེར་ཕྱག་པ་མ་གཏོགས་ཁོ་བོའི་སྒྲོགས་དང་སྒྲོག་གི་དོན་ལ་ལན་རྒྱབ་ཤེས་མཁན་དཀོན་པར་མཐོང་ངོ་།
ཆུ་ཡི་སྟེང་ལ་ས་གཞི་ཆགས་ཐུབ་དུས། སྤྲེལ་མི་རུ་གྱུར་པ་དེ་ལ་རྒྱུ་མཚན་མེད་པ་ཅི་ཡིན་ནམ།
ཙམ་ཟས་ནི་བོད་པ་ཅིག་པུ་རེད། ཀོར་ཡ་དང་ཉི་ཧོན་་བོད་ལ་འགྲོ་དུས་ཙམ་པ་ཟ་ན་མ་ཏོག་ཙམ་པ་མི་ཟ། ཁོ་ཚོས་ཙམ་པ་ཟས་རྗེས་གྲོ་ཁོག་བཤར་ནས་མི་བདེ་། ཧ་ཧ་ཧ་། དེ་ལས་བོད་ཇ་བསུ་མ་ནི་བོད་པ་རང་གི་ཇའོ།
ངའི་ཕ་ཡུལ་དེ་བོད་པ་ཁོ་ན་གནས་སྡོད་བྱེད་ས་ཞིག་ཡིན་མོད།དེ་ཕྱོགས་ཀྱི་བོད་པ་ས་ཡ་བརྒལ་བས་བོད་ཇ་ཟེར་བའི་མར་ཇ་དེ་མི་འཐུང་།དེང་སང་ཡང་དེ་ཅུང་ཙམ་རེ་འཐུང་ན་མ་གོམས་པའི་དབང་གིས་མགོ་ན་གི།ཀོ་རི་ཡ་དང་ཉི་ཧོང་སོགས་ཀྱིས་རྩྭམ་པ་ཟ་གི་འདུག་ད།དེ་ཁོང་ཚོའི་སྲོལ་རྒྱུན་གྱི་ཟ་མ་གལ་ཅན་ཞིག་རེད།འོན་ཀྱང་།ཟ་སྟངས་ཟ་ལུགས་བོད་པ་དང་ཅུང་མི་འདྲ་གདའ།དེ་ཙམ་ཡིན།
དགྱ་ནག་གི་བོད་ཀྱི་ལོ་རྒྱུས་ལ་གྱོག་གྱོག་བཤད་པ་ཁྱེད་ཀྱི་མ་བརྗེད་པར་སེམས་ལ་ཤོག
དགྱ་ནག་ཟེར་ན་སུ་རེད་ལགས།ཧ་གོ་མ་སོང་།ལོ་རྒྱུས་ལ་འཁྱོག་བཤད་གང་འཚམས་མེད་པའི་རྒྱལ་ཁབ་ཅིག་ད་སྔ་མཐོང་མ་སོང་སྟེ།ལྟོས་ས་ལྟོས་འཇོག་གིས་འཛམ་གླིང་ནང་གྷིརིག་དང་ཕར་ཤེ་ཡ།རྒྱ་ནག་སོགས་གནའི་ལོ་རྒྱུས་བྲིས་པར་སྐད་གྲགས་ཡོད་རེད་ད།དགེ་ཆོས་ཀྱིས་ཀྱང་རྒྱ་མི་ཐང་སིན་སོགས་རྒྱའི་དགེ་སློང་སྔ་ཕྱི་རྒྱ་གར་དུ་སོང་བ་ཚོའི་ལམ་ཡིག་ལ་བལྟས་ན།ཁ་སང་རྒྱ་གར་ནས་ཕྱིར་སླེབས་པ་ལྟ་བུ་ཞིག་ཡོད་ཅེས་བསྔགས་བརྗོད་ཆེན་པོ་གནང་ཡོད།ང་ཚོ་བོད་པ་ཚོར་ཆག་ལོ་དང་ཨོ་རྒྱན་ལྟ་བུའི་མགོ་ཆོད་རྭ་ཆོད་རེ་མ་གཏོགས།རྒྱ་གར་དང་ཁྱིམ་མཚེས་ཡིན་རུང་ཐན་སིན་སོགས་ཀྱི་དེ་འདྲ་བསྟན་རྒྱུ་མེད་རེད།
དགོངས་དག་འདིའི་སྔོན་དྲྭ་ལམ་ཡག་པོ་མེད་པའི་མང་པོ་ཞིག་འབྲི་མ་ཐུབ དེ་བོད་ཟེར་བ་ཡར་ལུང་ཁོག་གི་ཚོ་ཁག་ཆུང་ཆུང་དེ་ལ་གོ་དགོས་པ་ཡིན་ནམ། བོད་ལ་འགྲོ་བ་མིའི་རིགས་བྱུང་ནས་རྡོ་ཆས་གསར་རྙིང་སོགས་བྱུང་མྱོང་བ་ཚན་རིག་བརྟག་དཔྱད་པའི་བརྟགས་དཔྱད་བྱས་འབྲས་ལས་རྙེད་ཡོད། དེ་དག་ཀྱང་དེང་སང་གི་མདོ་དབུས་སྟོད་སྨད་བར་གསུམ་དུ་ཁྱབ་ནས་ཡོད་པ། དེ་དག་གི་རིགས་ཁུངས་གཅིག་ཡིན་པ་སོགས་ཧ་ལམ་ཁས་ལེན་གྱི་ཡོད། དེ་མིན་ཁྱེད་ཀྱི་དགེ་ཆོས་ཀྱི་གསུང་རྣམ་དཔྱོད་ཀྱི་འཕྲུལ་ལ་བརྟེན་ནས་གསུང་པ་དེ་དག་ཚང་མ་ཁས་ལེན་གྱི་ཡོད་ན། དགྱ་ནག་ཟེར་བ་དེང་སང་གི་ང་ཚོའི་འབོད་བཞིན་པའི་རྒྱ་ནག་གི་མིང་ཡིན་པ། ཟེར་རྒྱུ་ནི་བོད་དང་དགྲ་ཡིན་པ། དེང་སང་བརྡ་འགྱུར་བ་སོགས་རིག་འཕྲུལ་ངོ་མཚར་ཅན་ཞིག་གསུང་ཡོད། ངས་ཀྱང་རྒྱུ་མཚན་དེ་ལ་བསྟེན་ནས་རེད་བསམ་ནས་བྲིས་པ་ཡིན་ལགས། ཡིན་མིན་ནི་མི་ཤེས་ཀྱང་འདིའི་ཐད་ཁོས་རྗེས་སུ་འབྲངས་རྒྱུ་ཡིན། སྲོང་བཙན་ནས་རིམ་བཞིན་དབང་སྡུད་བྱས་པ་དག་བོད་རིགས་ཀྱི་ཚོ་ཁག་མ་ཡིན་ན། དེང་སང་གི་མདོ་སྟོད་སྨད་ཁུལ་སོགས་མཐའ་འཚམས་ན་གནས་པ་དག་བོད་མིའི་རིགས་མ་ཡིན་ནམ། ཏུན་ཧོང་ཡིག་རྙིང་དང་ལོ་རྒྱུས་རྡོ་རིང་སོགས་སུ་སུམ་བྷ་སོགས་རྒྱལ་ཁབ་ཡིན་པ་དང་དེ་དག་ལ་ཡི་གེ་ཡོད་པ་སོགས་ཀྱི་གསུང་ཚིག་དག་ཅིག་འགོད་རོགས་གནང་།
སུམ་པ་ནི་བོད་ཀྱི་གནའ་བོའི་རྒྱལ་ཕྲན་ཆེན་པོ་ཞིག་སྟེ། བོན་གྱི་ཡིག་རྙིང《གཏོ་ཕུག》ཏུ“སུམ་བྷ་འབྲི་ཡི་རྒྱལ་པོ་ཡང་།། རྒྱལ་ཕྲན་བཅུ་གཉིས་རྒྱུད་དུ་གྲོལ།།”ཞེས་དང་། ཡང《མགོ་ལོག་རུས་མཛོད》དུ“ཡུལ་སུམ་པ་ནས་འབྲི་རིགས་དང”ཞེས་རིགས་རུས་འབྲིར་གཏོགས་པར་བཤད་ལ།འོན་ཀྱང་རྒྱའི་གནའ་བོའི་ཡིག་ཚང་ཀུན་ན་སུམ་པ་ལ་ཏུན་ཉུས་གོ(东女国)སྟེ་ཤར་ཕྱོགས་བུད་མེད་ཀྱི་རྒྱལ་ཁབ་ཅེས་བཀོད་པ་དང་། འདིའི་མངའ་ཁོངས་ལ་ཤར་ནུབ་བར་ཉིན་ལམ་དགུ་དང་ལྷོ་བྱང་བར་ཉིན་ལམ་ཉི་ཤུ་ཙམ་ཡོད་པ་དང་། དེར་མཁར་རྫོང་བརྒྱད་ཅུ་དང་འབངས་དུད་ཚང་བཞི་ཁྲིའམ་ཧྲག་དམག་ཆིག་ཁྲི་བཅས་མངའ་ཞིང་། ཡུལ་གྱི་ལྟེ་བ་ནི་ཆབ་མདོ་དང་རྫ་ཆུའི་རྒྱུད་དུ་ཡོད་པར་བཤད་ལ། དེའི་རྒྱལ་དཔོན་དང་ནང་བློན་ཚང་མ་བུད་མེད་ཡིན་པས་རྒྱས་མིང་དེ་ལྟར་བཏགས་པར་གྲགས་སོ།།
ཡང་འ་ཞ་ནི་སྒའི་ཚོ་བ་ཆེན་པོ་ཞིག་ཡིན་ལ། དེང་གི་མདོ་སྨད་ཕྱོགས་རྨ་ཀླུ་ཙོང་གསུམ་འབབ་ཡུལ་དུ་གནས་པ་མང་ཆེ་བ་འ་ཞ་སྒའི་རིགས་སུ་གཏོགས་ཏེ། 《བོད་ཀྱི་རུས་མཛོད》དུ“ཡུལ་འ་ཞ་ནས་རྒ་བྱུང་སྟེ”ཞེས་པ་ལྟར་དང་། དུས་རབས་བཞི་པའི་མགོ་ཙམ་ན་བྱང་གི་ལིའོ་ཉིན་ཕྱོགས་ནས་ཞན་ཕེའུ(鲜卑)རིགས་ཀྱི་ཡ་གྱལ་ཚོ་བ་ཆེ་ཤོས་ཤིག་ཆད་དེ། ནུབ་ཏུ་གནས་སྤར་བ་མཚོ་སྔོན་པོའི་རྒྱུད་དུ་ཆགས་ཏེ་བསྡད་པ་ལས་སྒ་འ་ཞ་དང་འདྲེས་ཏེ་ཕྱིས་རྒྱལ་ཁབ་ཅིག་བཙུགས་པ་ལ་འ་ཞ་ཞེས་འབོད་པ་དང་། རྒྱ་སྐད་དུ་ཐོ་ཡོས་ཧོང(吐谷浑)ཞེས་གྲགས་ཤིང་། བོད་རྒྱལ་སྲོང་བཙན་སྐབས་ཐོག་མར་བོད་ཀྱིས་མངའ་དབང་དུ་བསྡུས་པ་ཡིན་ནོ།།
རུས་མཛོད་དུའང“ཡུལ་མི་ཉག་ནས་ལྡོང་རིགས་དང”ཞེས་བཀོད་པ་ལྟར་མདོ་ཁམས་འདི་ནི་ལྡོང་གི་རིགས་རྒྱུད་དུ་ངེས་ཤིང་། དེའང་རྒྱ་སྐད་དུ་ཏང་ཞང(党项)ཞེས་སྒྲ་བསྒྱུར་ཙམ་འབོད་པ་དེ་ཡིན་ལ། ཡུལ་ནི་མདོ་སྨད་ཀྱི་ཤར་དང་ཀན་སུའུ་དང་སི་ཁྲོན་བཅས་ཀྱི་ཡུལ་མཚམས་འདི་དག་ཏུ་འཁོད་པ་དང་ལ་ལ་རིམ་གྱིས་ཡུལ་གཞན་ལ་ཆད་དེ། དུས་ཕྱིས་དེང་གི་ཉིན་ཞཱ(宁夏)ལྗོངས་ནས་མི་ཉག་རྒྱལ་རབས(西夏王朝)བཙུགས་པ་དེའང་གཙོ་བོ་ལྡོང་རིགས་ཡིན་ནོ།།
རང་རེའི་བོད་ཀྱི་ལོ་རྒྱུས་སྨྲ་བ་ཕལ་ཆེར་གྱིས་མདོ་སྨད་དང་སྒོས་སུ་ཤར་ཕྱོགས་རྒྱ་དང་ཉེ་བའི་མཚམས་ཀྱི་བོད་མི་རྣམས་ནི་དབུས་གཙང་ཕྱོགས་ནས་མཐའ་དམག་ལ་ཡོང་བའི་རྒྱུད་པ་ཤ་སྟག་ཡིན་པར་འདོད་ལ། དེར་ཡིག་ཚང་ལ་ལར་ཡང་དེ་དག་གི་བྱོན་ཚུལ་དང་མིང་ཐོགས་ལུགས་བཅས་ཞིབ་པར་བཀོད་ཡོད་པ་འགའ་རེ་ནི་བདེན་པར་འདུག་ནའང་། བསམ་དགོས་པ་ཞིག་ནི་སྐབས་དེར་མཐའ་དམག་ཡོང་བ་མ་གཏོགས་ཡུལ་དེ་དག་ཡེ་སྔར་སྡོད་ཀྱི་མི་མེད་པར་འདོད་ན་ཧ་ཅང་ཐལ་ཆེ་བར་འགྲོ་སྟེ། འོ་ན་དེའི་སྔོན་གྱི་ཡུལ་མི་སུ་ཞིག་ཡིན་དགོས།
༼ཞང་ཞུང༽མི་རིགས་འདི་དར་བའི་རྗེས་སུ་དམུ་རྒྱལ་གདུང་རབས་ཀྱི༼ཞང་ཞུང༽གི་ས་སྒོ་ཡོད་ཚད་དབང་དུ་བསྡུས་ཤིང༼ཞང་ཞུང༽གི་མི་རིགས་འདི་ལ་དབང་བསྒྱུར་ཐོག་མ་མཛད། དམུ་རྒྱལ་གདུང་རབས་འདིའི་མཚན་ཙམ་སྨོས་ན་དང་པོའི་དབང་བསྒྱུར་བ་སངས་པོ་འབུམ་ཁྲི། ༢ སྲིད་རྗེ་འབྲང་དཀར། ༣ ལྷ་རབས་གཉེན་རུམ་རྗེ། ༤ གནམ་ལྷ་དཀར་པོ། ༥ ཁ་ཡེ་མུ་ལ་འཐེན། ༦ མུ་སངས་བལ་ལ་འཐེན། ༧ བལ་སངས་གཡེལ་ལ་འཐེན། ༨ གཡེལ་སངས་ཕྱཱ་ལ་འཐེན། ༩ཕྱཱ་སངས་འོད་ལ་འཐེན། ༡༠ འོད་སངས་ཡུལ་ལ་འཐེན། ༡༡ ཡུལ་སངས་དགུང་ལ་འཐེན། ༡༢ རླུང་སངས་འོད་ལ་འཐེན། ༡༣ འོད་སངས་དམུ་ལ་འཐེན། ༡༤ དམུ་ཕྱུག་སྐྱེ་རབས། ༡༥ ལམ་པ་ཕྱག་དཀར། ༡༦ བཙན་པ་གྱེར་ཆེན། ༡༧ ཐོག་རྗེ་བཙན་པ། ༡༨ ལེན་གྱི་ཐེམ་སྐས། ༡༩ རྒྱལ་བོན་ཐོད་དཀར། ༢༠ གཤེན་རབ་མི་བོ་ཆེ་ལ་ཐུག་གི་བར་དུ་དམུ་རྒྱལ་གྱི་གདུང་རབས་འདིས༼ཞང་ཞུང༽གི་མངའ་དབང་མཛད།
གཤེན་རབ་མ་བྱོན་པའི་ཡར་སྔོན་དུ༼ཞང་ཞུང༽གི་ཤེས་རིག་དེ་འདྲའི་འཐུས་སྒོ་ཚང་བ་ཞིག་མ་ཡིན་ན་ཡང༼ཞང་ཞུང༽གི༼གདོད་མའི་ཤེས་རིག༽ཅིག་ཡོད་པར་མངོན་ཡོད། གཤེན་རབ་མི་བོ་ཆེ་བྱོན་ནས༼ཞང་ཞུང༽གི༼གདོད་མའི་ཤེས་རིག༽དེ་ངོ་བོ་ཕུན་སུམ་ཚོགས་པ་ཞིག་བཟོས་པར་མ་ཟད་འཛམ་བུའི་གླིང་དུ་བླ་ན་མེད་པའི་ཤེས་རིག་ཕུན་སུམ་ཚོགས་པ་ཞིག་གསར་འདོན་མཛད། དུས་སྐབས་སུ༼ཞང་ཞུང༽གི་བྱ་རུ་ཐོབ་པའི་རྒྱལ་པོ་བཅོ་བརྒྱད་ཀྱི་དང་པོ༼ཞང་ཞུང༽གི་ཁྲི་སྡེ་བཅོ་བརྒྱད་ཀྱི་གཙོས་པའི་ཡུལ་ཆེན་བཅོ་བརྒྱད་ལ་མངའ་དབང་ཆེ་བའི་རྒྱལ་པོ་སྲིད་པ་གནམ་ནས་བསྐོས་པའི༼ཞང་ཞུང༽སྲིད་པའི་རྒྱལ་པོ་ཁྲི་ཝེར་ལ་རྗེ་གུ་ལང་གསེར་གྱི་བྱ་རུ་ཅན་བྱོན་ཞིང་རྗེ་དེ་ཉིད་སྟོན་པའི་མཆོག་གཤེན་རབ་མི་བོ་ཡི་དངོས་སློབ་དང་གཤེན་ཐང་མ་འོད་རྒྱལ་གྱིས་རྗེ་བོ་དེ་ཉིད་ཀྱི་སྐུ་གཤེན་མཛད་ནས༼ཞང་ཞུང༽གི་མངའ་ཐང་རྒྱས། ཞུང་ཞུག་ཟིལ་གནོན་གྱི་རྒྱལ་པོ་རླབས་ཆེན་ཁྱུང་གི་བྱ་རུ་ཅན། ཧྲི་དོ་གྱེར་སྤུངས་རྒྱལ་པོ་ཀང་ཀ་ཤེལ་གྱི་བྱ་རུ་ཅན༼དེ་གསུམ་གྱི་གནས་ཡུལ་ནི་གངས་རིན་པོ་ཆེའི་མདུན། རྒྱབ་རི་གཡུ་ལོ་ལྗོན་པའི་རྫོང་མཁར་ཡིན༽། ཁྱུང་ལུང་རྒྱལ་བ་མཉེས་ཡུལ་དུ་སླས་ཀྲ་གུ་གེའི་རྒྱལ་པོ་རིན་ཆེན་འོད་ཀྱི་བྱ་རུ་ཅན༼གཤེན་པོ་གཡུང་དྲུང་ཚུལ་ཁྲིམས་ཀྱིས་རྒྱལ་པོ་འདིའི་སྐུ་གཤེན་མཛད༽། རྒྱུང་ཡར་མུ་ཁོད་རྒྱལ་པོ་གཞའ་ཚོན་འོད་ཀྱི་བྱ་རུ་ཅན། ཀྱི་ལེ་གུ་གེ་རྒྱལ་པོ་ཨུན་ཆེན་དུང་གི་བྱ་རུ་ཅན། ༼ཞང་ཞུང༽པུ་མར་ཧྲིང་གི་ཡུལ་དུ་སྤུངས་རྒྱུང་གྱེར་གྱི་རྒྱལ་པོ་བྱི་རུ་འོད་ཀྱི་བྱ་རུ་ཅན༼དྭངས་པ་ཡིད་རིང་གིས་རྒྱལ་པོ་འདིའི་སྐུ་གཤེན་མཛད༽། ཉེ་ལོ་ཝེར་ཡ་རྒྱལ་པོ་ཕྲ་མེན་འོད་ཀྱི་བྱ་རུ་ཅན། ༼ཞང་ཞུང༽ཙི་ནའི་ཡུལ་དུ་སྟག་རྣ་གཟི་བརྗིད་རྒྱལ་པོ་ཟོམ་ཤང་ལྕགས་ཀྱི་བྱ་རུ་ཅན༼རྫུ་འཕྲུལ་ཡེ་ཤེས་ཀྱིས་རྒྱལ་པོ་འདིའི་སྐུ་གཤེན་མཛད༽། ཛྭོ་དམར་ཐིས་སྤུངས་རྒྱལ་པོ་མེ་དཔུང་འོད་ཀྱི་བྱ་རུ་ཅན། ༼ཞང་ཞུང༽ཏ་རོག་ཡུལ་དུ་བདུད་འདུལ་དབལ་གྱི་རྒྱལ་པོ་ཉི་ཤེལ་འོད་ཀྱི་བྱ་རུ་ཅན། ལི་ཝིར་གྱེར་གྱི་རྒྱལ་པོ་ཟླ་ཤེལ་འོད་ཀྱི་བྱ་རུ་ཅན། ༼ཞང་ཞུང༽སྟ་གོའི་ཡུལ་དུ་ཤེལ་རྒྱུད་ཧྲི་དོ་རྒྱལ་པོ་ཛྭོ་དམར་འོད་ཀྱི་བྱ་རུ་ཅན། ལིག་མར་ནམ་མཁའི་རྒྱལ་པོ་བྷེ་དྷུས་འོད་ཀྱི་བྱ་རུ་ཅན། ༼ཞང་ཞུང༽ཁ་སྐྱོར་ཡུལ་དུ་མུ་ཝེར་ནོར་གྱི་རྒྱལ་པོ་ག་ལྗང་འོད་ཀྱི་བྱ་རུ་ཅན༼གུང་རུམ་གཙུག་ཕུད་ཀྱིས་རྒྱལ་པོ་འདིའི་སྐུ་གཤེན་མཛད༽། ༼ཞང་ཞུང༽ཁ་ཡུག་ཡུལ་དུ་སད་ཧྲི་གྱེར་གྱི་རྒྱལ་པོ་ཨུཏྤལ་འོད་ཀྱི་བྱ་རུ་ཅན༼སློབ་དཔོན་ཡེ་ཤེས་ཚུལ་ཁྲིམས་ཀྱིས་རྒྱལ་པོ་འདིའི་སྐུ་གཤེན་མཛད༽། ༼ཞང་ཞུང༽ལ་དྭགས་ཡུལ་དུ་ཉེ་ལོ་ཝེར་ཡ་རྒྱལ་པོ་གནམ་ལྕགས་དབལ་གྱི་བྱ་རུ་ཅན། ༼ཞང་ཞུང༽རུ་ཐོག་ཡུལ་དུ་མུ་མར་ཐོག་རྒོད་རྒྱལ་པོ་ཨེཎཊ་འོད་ཀྱི་བྱ་རུ་ཅན༼གཙུག་ཕུད་རྒྱལ་བས་རྒྱལ་པོ་འདིའི་སྐུ་སྲུང་མཛད༽དང་བཅོ་བརྒྱད་བྱོན་ནོ།།
དེའི་རྗེས་སུ༼ཞང་ཞུང༽གི་རྒྱལ་པོ་མཐའ་མ་ལིག་མིན་རྐྱ་ཡིན་ཞིང་རྒྱལ་པོ་འདི་ཉིད་ལ་ཐུག་གི་བར་དུ༼ཞང་ཞུང༽གི་རྒྱལ་པོའི་མངའ་ཐང་རྒྱས་ཤིང་རྒྱས་པའི་དན་རྟགས་སུ་ལིག་མིན་རྐྱའི་བར་དུ་བརྒྱུད་ཡོང་བའི་ཕྱག་ཐམ་གྱིས་བརྗོད་ཡོད། ཕྱག་ཐམ་ངོས་སུ་ཞང་སྐད་དུ༼ཁ་ཚན་པ་ཤང་ལིག་ཞི་ར་ཙ༽ཞེས་བཀོད་ཡོད་ཅིང་བོད་སྐད་དུ༼ཐམས་ཅད་དབང་བསྒྱུར་སྲིད་པའི་རྒྱལ་པོ༽ཞེས་འདུག མཁར་བཞི༼ཁྱུང་ལུང་དངུལ་མཁར། སྤུ་ཧྲིང་སྟག་ལ་མཁར། སྨེ་ཤིང་བྱི་བ་མཁར། མ་པང་སྤོས་མོ་མཁར་སོགས་མཁར་ཆེན་བཞི་དང་གད་ཀྱི་བྱི་བ་མཁར་སོགས་མཁར་ཆུང་མང་པོ་ཡོད༽དང་རྫོང་བཞིའི༼དྭང་ར་ཁྱུང་རྫོང་། སེ་རིབ་འབྲུག་མོ་རྫོང་། རུ་ཐོག་སེང་གེ་རྫོང་། མང་ཡུལ་སྟག་མོ་རྫོང་དང་རྫོང་ཆེན་བཞི་ཡོད་ལ་སྦིལ་ཏི་ཧྲང་རྫོང་སོགས་རྫོང་ཆུང་མང་པོ་ཡོད༽གནས་ཡུལ་ལ་བརྟེན་ནས་སྲིད་པ་དབང་བསྒྱུར་བྱས་སོ།།
དཔལ་ལྡན་ལགས།དེ་ཙམ་གྱིས་འཐུས་ས་རེད་པ།ཧཧཧ
༼༧རྗེ་ཙོང་ཁ་པས་ལམ་རིམ་ཆེན་མོར་ཨ་མ་བོད་ལ་བུ་རྒྱ་སོག་བོད་གསུམ་གང་རུང་ཡོང་ཆོག་མོད། ཕ་བོད་ལ་བུ་བོད་པ་མ་གཏོགས་ཡོང་མི་སྲིད་པ་གསུངས་པར་དཔག་ན།༽ རྗེ་ཙོང་ཁ་པས་ཇི་ལྟར་གསུངས་པའི་ལམ་རིམ་གྱི་ཚིག་དེ་འདིར་ཆད་ལྷག་མེད་པར་འབྲི་རོགས་གནོངས། བཀའ་དྲིན་ཆེ་ཞུ། །
སྤཪ་ལ་དཔར་དང། རྒྱ་ནག་ལ་དགྱ་ནག་དང་། རྒྱ་གར་ལ་ཡང་དགྱ་གར་ཞེས་རིགས་འགྲེ་དགོས་པ་མ་ཡིན་ནམ།
“དཔེར་ན། ཕ་བོད་ལ་ནི་བུ་རྒྱ་དང་ཧོར་ལ་སོགས་པ་སྐྱེ་མི་སྲིད་པས་ཕ་ནི་བུའི་རིགས་ངེས་པའི་རྒྱུ་ཡིན་ལ། མ་བོད་ལས་ནི་བུ་སྣ་ཚོགས་པ་སྐྱེ་བས་ཐུན་མོང་གི་རྒྱུར་འགྱུར་བ་བཞིན་ནོ།”