ས་དཀར་རྡོ་རྗེ།
དཔོན་ཆེན་ལ་འཇིགས་སྐྲག་མེད།
མི་དམངས་ལ་མཐོང་ཆུང་མེད།
རྒྱུ་ཆེན་ལ་སྤྲེད་ལད་མེད།
ཉམ་ཐག་ལ་ཁྱད་གསོད་མེད།
ས་ཆེན་གྱི་གཡོ་འགུལ་ཁྲོད།
ཉེས་མེད་ཀྱི་འགྲོ་བ་རྣམས།
རིན་ཆེན་གྱི་ཚེ་སྲོག་ཤོར།
འོན་ཀྱང་མཆོག་གསུམ་གྱི་བྱིན་རླབས་འོག
རླབས་ཆེན་གྱི་ངའི་དབུགས་རྒྱུན་ད་དུང་ཆད་མེད།
ཨ་མ། ད་ཐེངས་ཀྱི་གོད་ཆག་ནང་ནས་ང་བདེ་མོ་ཡིན།
སྲ་པོ་ལྕགས་ཀྱི་རིགས་ཀྱང་།
ཕར་ལྟེབ་ཚུར་ལྟེབ་བྱས་སོང་།
བརྟན་པོ་རི་ཡི་ཚོགས་ཀྱང་།
ཡར་གཡུག་མར་གཡུག་བྱས་སོང་།
མཁྲེགས་པོ་ས་ཡི་ཁམས་ཀྱང་།
ལ་གཤག་ལུང་གཤག་བྱས་སོང་།
སྒེར་ཁང་དང་གཞུང་ཁང་གྲངས་མེད།
ས་ཕུང་དང་རྡོ་ཕུང་བྱས་སོང་།
ཚད་བརྒལ་གྱི་འཇིག་རལ་དཀྱིལ་དུ་ང་ད་དུང་གསོན་ཡོད།
ཨ་མ། ད་ཐེངས་ཀྱི་གཏོར་བཤིག་ཁྲོད་ང་བདེ་མོ་ཡིན།
ཕ་མ་བོར་བའི་དྭ་ཕྲུག་གི་ངུ་འབོད།
བུ་རྒྱུད་བརླགས་པའི་ཕ་མ་ཡི་སྡུག་འབོད།
ཁྱོ་ག་ཤི་བའི་བུད་མེད་ཀྱི་ཡུག་འབོད།།
ནག་མོ་འཆི་བའི་ཕོ་ཧྲེང་གི་སྐྱོ་འབོད།
ཁ་ཟས་མི་རེག་བཀྲེས་ལྟོགས་ཀྱི་ཟས་འབོད།
འཐུང་ཆུ་མི་རྙེད་སྐོམ་སྲེད་ཀྱི་ཆུ་འབོད།
རྒྱབ་གོས་མེད་པའི་གྲང་ངར་གྱི་གོས་འབོད།
སྡོད་ཁང་འཐོར་བའི་ཞིག་ཤུལ་གྱི་གནས་འབོད།
བརྗོད་དུ་མེད་པའི་དཀའ་སྡུག་གི་ཀློང་ན་ང་ད་དུང་འཚོ་ཡོད།
ཨ་མ། ད་ཐེངས་ཀྱི་ངུ་འབོད་དབར་ནས་ང་བདེ་མོ་ཡིན།
༡ ང་བདེ་བོ་ཡིན།
༢ ང་བདེ་པོ་ཡིན།
༣ ང་བདེ་མོ་ཡིན།
བདེ་བོ། བདེ་པོ། བདེ་མོ་གསུམ་ལས་གང་དག་གམ།
བདེ་བོ་ཨམ་སྡད་།
བདེ་པོ་དབུས་སྐད་།
བདེ་མོ་ཁམ་སྐད་།
ང་ཡང་བདེ་མོ་ཡིན།