སྒྲོལ་མ་ཚེ་རིང་།
—-—ཁ་ཁར་གྱེས་ཟིན་པ་འདྲ་བའི་གྲོགས་པོ་དང་གྲོགས་མོ་ཚོར་ཕུལ།
ཐོག་མར་ངས་ཁྱོད་ལ་དགོངས་དག་ཞུ། བྱིས་དུས་ཀྱི་ལོ་ཟླ་ནེམ་པོའི་ཁྲོད། རྩེད་ར་གྲུ་བཞི་ནས་ཁྱོ་ཤུག་གི་ལག་ཟུང་སྦྲེལ་ཏེ། རུམ་ཁོང་དུ་ལོ་ལོ①སྙོར་ཁུལ་གྱི་ཞེ་འདང་གཙང་མ་གནང་མཁན་གྱི་ཁྱོད་ལ་དགོངས་དག་ཞུ་སྟེ། འཛུམ་ཀོང་དུ་མེ་ཏོག་བཞད་པའི་འདབ་སྟེང་ལ་པྲ་ཆལ་གྱི་ཟིལ་ཐིགས་མངོན་ཞིང་འཚེར་བའི་ཡིད་འོང་གི་ཁྱོད་ལ་འགྲམ་པ་ལོ་ལོ་བྱས་ཏེ་འོ་ཞིག་མ་བྱས་པར་དགོངས་དག་ཞུ།
ང་ཚོའི་རྐང་རྗེས་ཆུང་ཆུང་གཅིག་རྗེས་གཉིས་མཐུད་ཀྱིས་ཕ་ཁྱིམ་གྲུ་བཞིའི་གྲུ་ཟུར་དུ་བསྟར་ལ། ཕྱི་ཁྱིམ་ར་བའི་ཐང་གཅལ་དུའང་མངོན་པས། སྦྲང་ཆར་བསིལ་མས་ང་ཚོའི་རྐང་རྗེས་གསུབ་པར་དོགས་ནས་དཔྱིད་ཀྱི་དཔལ་མོ་བཙན་གྱིས་བཀག་སྟེ་སྡོད་ཅིང་། འདབ་དྲུག་ཁ་བ་ང་ཚོའི་རྩེད་རོགས་སུ་རྔམ་པས་དགུན་གྱི་མ་མ་མགྱོགས་པོར་བྱོན་པར་སྐུལ་མ་ཡང་ཡང་བྱེད། ད་དུང་། དབྱར་གྱི་ལྗང་ལོས་ཀྱང་ང་ཚོས་ཕབ་པའི་རྐང་རྗེས་རེ་རེ་ཟིལ་ཆུང་རེ་རེ་རུ་ཉར་ཞིང་སེམས་ཆུང་གིས་སྤྱི་གཙུག་ཏུ་བར། སྟོན་གསུམ་གྱི་བ་མོས་ཀྱང་ང་ཚོ་ཁོ་ནར་གདུག་རྩུབ་ཀྱི་ལག་ཟུང་བསྐུམས་པས། ང་ཚོའི་རྐང་རྗེས་རེ་རེ་ན་ས་ནག་གི་ནེམ་ཤ་འཁྱིལ།
ང་ཚོའི་དགོད་སྒྲ་ལྷང་ལྷང་ནི་ཞིང་རྣང་མའི་བར་ཚིགས་སུ་གྲོ་སྙེའི་མེ་ཏོག་དང་མཉམ་དུ་འཐོར་ཞིང་། ཕ་གི་རིའི་ཕུགས་པ་ནས་བྲག་ཅ་དང་ལྷན་དུ་ཁྱབ་འོངས། མེ་ཏོག་གི་བསུང་ངད་བསྣམས་པའི་དྲི་གཞོན་དལ་དལ་ལྡང་བའི་གྲམ་གཞུང་གི་ཆུ་འགྲམ་ན། ང་ཚོའི་དགོད་སྒྲས་ཉ་ཆུང་གི་བག་ཡངས་དཀྲོགས་ཤིང་། མེ་ཏོག་གི་གང་བུ་གྲོལ། ད་དུང་བྱེའུ་ཆུང་གི་གཤོག་འགྱུར་ལའང་ལྡེམ་མྱུར་བསྩལ། ནམ་མཁའ་སྔོན་པོ་སྔོན་པོ། སྤྲིན་པ་དུམ་བུ་དུམ་བུ། གསེར་མདོག་གི་བྱེ་གཞུང་ན་དུང་མདོག་གི་ཁྱེའུ་ཚོགས་རློན་ཙར་ཙར་གྱིས་ཁ་སྦུབས་སུ་ཉལ་ཏེ། “ཨ་མ་ཉི་མ་ཤར་ཤར། ཤར་གྱི་ལོ་ལོ་ཁེངས་ཐལ། ཁང་ཆུང་འོག་ལ་འཛུལ་ཐལ”མགྲིན་དབྱངས་ཕྲ་མོ་རེ་རེ་མཐོ་དམའ་མི་སྙོམ་པའི་གདངས་ལ་དྲངས་ཏེ་ཨ་སྔོན་དབྱིངས་སུ་བར་མེད་འཕྱོ།
ཆུང་གྲོགས་དུང་ཟླ་དཀར་པོ། ཁྱོད་ཀྱིས་ང་རང་དྲན་ཨེ་བྱུང་། བདག་གིས་ནམ་ཡང་ཁྱོད་རང་གླེང་གིན་ཡོད།
2
ཕ་ཁྱིམ་གྱི་སྒོ་ཐེམ་མཐོན་པོ་བརྒལ་ནས། ང་ཚོ་མཉམ་དུ་སློབ་གྲྭའི་ལྷས་རའི་ཐང་དཀྱིལ་དུ་འཛོམས། དགེ་རྒན་གཅིག གཅིག་པུ་དེ་སློབ་གྲྭའི་བདག་པོ་གཅིག་པུའང་ཡིན། ཁོང་གི་སྤྱན་ཟུང་གཞན་ལ་འཁོར་ཤུལ་དུ་ང་ཚོས་པྲ་ཆལ་གྱི་ལོ་རྒྱུས་སྔར་བཞིན་བསྐྱངས། ཡིན་ནའང་། ས་དཀར་ལ་ལག་ཆུང་གིས་བྱུག་བྱུག་ཡང་ཡང་བཏང་རྗེས་རྡེའུ་ནག་འཇམ་པོས་ཀ་ཁའི་མགོ་རྐང་འདི་ནས་བསྒྲིགས་ཏེ། མི་ཚེའི་ལམ་བུ་ལ་དཀར་ཆ་དོད་མགོའང་འདི་ནས་བརྩམས།
ཞ་སྨྱུག་དུམ་བུ། མཛུབ་མོའི་དཔུང་ཡ་གང་ལ་སོང་། དཔེ་དེབ་རལ་བོ། མིག་གི་སྐྱ་ཡ་གང་དུ་ཡལ། འབྲི་དེབ་སྐྱ་ཟད། ཉིན་རེའི་ཁྲལ་ཐོ་གང་དུ་བཞུད། ཨོ་ཨོ། ཡོད་ཚད་ལ་རྫུ་འཕྲུལ་ཞུགས་འདུག་པ་འདྲ་བའི་ཁོར་ཡུག་ཆུང་ཆུང་དེ་ནས། ངས་བཙལ་བཙལ་བའི་མཐའ་མར། ང་བཞིན་སུ་ཞིག་གིས་རྫུ་འཕྲུལ་གྱིས་ཡོད་ཚད་བསྔོགས་ཏེ་ཁྱེར་ཟིན་པ་འདྲ་བའི་སྟོང་སྟོང་གི་ཁྱོད་རང་རྙེད་སོང་། དེ་ནས་བཟུང་། ང་ཚོ་སུ་ཡི་ཡིག་ཆས་ལ་རྫུ་འཕྲུལ་ཞུགས་ནས་ཡལ་བར་གྱུར་ཚེ། ང་ཚོས་ཕངས་མེད་ངང་ཞ་སྨྱུག་གཅིག་དུམ་བུ་གཉིས་སུ་བགོ་ལ། གདོང་བ་གཉིས་དཔེ་དེབ་གཅིག་ལ་ཕྱོགས་ཤིང་། ལག་ཟུང་གཉིས་འབྲི་དེབ་གཅིག་ཏུ་འདུར། དེ་བས། སེམས་པ་ཆུང་ཆུང་ཟུང་གཅིག་ཀྱང་། འོ་ཆུ་བཞིན་ལྷན་དུ་འདྲེས་ཤིང་ལག་འཇུ་ལྷོད་མ་མྱོང་བའི་མཛའ་བརྩེའི་ལོ་ཟླ་དེ་དག་བརྗོད་མི་ཚར།
ལོ་ན་བདུན་པ་བརྒལ་ནས་བཅུ་དྲུག་ལང་ཚོ་ཡོངས་སུ་རྫོགས་པས། དགེ་རྒན་བཙན་པོའི་ཁྲིད་དབྱུག་གི་འོག་ནའང་། ང་ཚོས་ད་དུང་ངོ་མཚར་ཀྱི་ལྟད་མོ་ཅི་ཞིག་འཚོལ། བློ་ལ་བབས་པ་སུ་དེ་མིག་ལ་ཡག་མོ་ཡག་མོར་འཆར་བས། སྙིང་ལ་རྗེ་མོ་རྗེ་མོས་མིག་ཟུང་སྒོར་མོ་ཀེམ་ཀེམ་བྱེད་པ་དེ་རང་ང་ཚོའི་སེམས་ངོར་ཡང་ཡང་མངོན། ག་དུས་འཕུར་ཡོང་བའང་མི་ཤེས་པའི་འཕྲིན་ཆུང་རེ་རེ། གྱོན་གོས་ཀྱི་ཁུག་མའམ། དཔེ་དེབ་ཀྱི་བར་བཅུག ཡང་ན་སྒྲོག་ཙེའི་གྲུ་ཟུར་རེ་ན་ལྷོད་ལྷོད་ཀྱིས་བསྙལ་འདུག་མོད། ལྷོག་ལྷོག་ཏུ་གདུ་བའི་དུང་བརྩེ་ཞིག་ངང་ངམ་ཤུགས་ཀྱིས་ཚོར་འོང་བས། བྲང་ཁོག་གི་སྙིང་ཆུང་ལུ་གུ་ལྡིང་ལྡིང་བྱེད་ཞོར་ལག་ཟུང་འདར་འདར་གྱིས་ལྟེབ་མ་བཤིགས་ཏེ་ཧ་ཅང་གསང་བ་ཆེན་པོས་ཡང་དང་བསྐྱར་དུ་བཀླགས། ཡང་ན། ཧ་ཅང་མ་རང་བའི་ཚུལ་གྱིས་འཕྲིན་ཆུང་དེ་ཞེ་སྡང་ཆེན་པོས་ཚལ་བར་གཤག་དུས་ཀྱང་ཡོད་མོད། བག་ལ་ཉལ་བའི་ཚོར་བ་རྣོན་པོ་ཞིག་ལང་ལོང་གཡོས་ཏེ་སྙིང་རྩེ་ཡང་ཡང་སྦྲིད་དུ་བཅུག་པ་སུ་ལ་གསང་། གསང་བ་ཞིམ་པོ་ཞིམ་པོ་སྟེ། ན་ཚོད་ཀྱིས་ལོ་ཟླར་བཅོལ་བའི་གཟུགས་མེད་ཀྱི་ལེགས་སྐྱེས་ཡག་པོ་དེ་ནམ་ཡང་བརྗེད་དུ་མེད།
ཡབ་ཡུམ་གྱི་རེ་སྨོན་དང་མིག་ཟུང་རབ་རིབ་རྒྱགས་བྲོ་དང་མཉམ་དུ་མདུན་སྐྱོད་ཀྱི་སྡོངས་གྲོགས་སུ་ཉར་ཏེ། ང་ཚོས་བློ་སྤོབས་ཆེན་པོས་མ་འོངས་པའི་ཕུགས་བསམ་དང་མཛེས་སྡུག་གི་ཞིང་ཁམས་བསྙེགས། ཧ་ཅང་བབ་ཆགས་ཀྱི་འཚོ་བ་དང་ཕྱི་ལུས་ཀྱི་ནང་རོལ་ན་ནག་ནོག་མ་གོས་པའི་སེམས་པ་གཙང་མ་རེ་རེས་གངས་རིའི་རང་མདངས་འཛིན། ཡིན་ནའང་འབད་འབུངས་ཀྱི་བྲེལ་འཚུབ་བར་ན། ང་ཚོ་སྔར་བཞིན་ཚོར་བ་སྐྱུར་མོ་ཞིག་གིས་བཏང་མ་མྱོང་སྟེ། དུས་ཀྱི་འཕོ་འགྱུར་གྱི་བརྩེ་བ་བྲལ་བའི་མཆོང་སྐྱོད་རེ་ན། ང་ཚོ་ལ་གཟས་པའི་དཀའ་སྡུག་གི་མདའ་གྲི་མདུང་གསུམ་ག་ཚོད་ཡོད་ཀྱང་། སེམས་ངལ་ལྕི་མོ་རེ་འདེགས་པའི་ལུས་པོ་ཉམ་ཆུང་རེ་རེས་གོམ་པ་གང་རེ་བཞིན་ཆོད་སེམས་དང་ཨུ་ཚུགས་ཀྱིས་སྤོ་བཞིན། མཚོ་རླབས་བཞིན་འཕྱོ་བའི་གཞོན་ནུའི་དཔུང་གདང་ནམ་ཡང་གློད་མ་མྱོང་བ་ཇི་ལྟར་བརྗེད།
སློབ་གྲོགས་བསམ་པའི་དོན་འགྲུབ། ཁྱོད་ཀྱིས་ང་རང་དྲན་ཨེ་བྱུང་། བདག་གིས་ནམ་ཡང་ཁྱོད་རང་གླེང་གིན་ཡོད།
3
ཟང་ཟིང་གི་ཕྱིར་དུ་མི་ཚོགས་ཀྱི་འདུ་ལོང་དགུང་ལ་འཕྱུར་ཞིང་། འཚོ་ཚིས་ལ་འབད་སའི་རབ་ཁ་ན་སུ་ཡི་འགྲོ་ལམ་ཡངས་ཤིང་ཆེ་ཡང་། སུ་རང་འགྲོ་སར་ལམ་འཛོལ་བྱུང་། དྲང་བདེན་དང་ཕྱོགས་ལྷུང་། ལ་རྒྱ་དང་བྲན་གཤིས་སོགས་སྣ་ཚོགས་སྟོང་འདུས་ཀྱི་རྦ་རླབས་དྲག་ཏུ་གཡོ་དུས། ང་ཚོས་དྲང་བདེན་དང་ལ་རྒྱའི་དར་ཆ་ཐོགས་ནས་སྟོང་དབྱིངས་ལ་སྤར་བསྙབས་བྱས་ཏེ་རང་དབང་གི་ནམ་མཁའ་རྩོད་དམ། ཕྱོགས་ལྷུང་དང་བྲན་གཤིས་བསྡམས་ནས་གཞན་ཚོགས་ཀྱི་རྐང་འོག་བརྒྱུད་དེ་རྒྱུ་ནོམ་གྱི་ཕུན་ཚོགས་བསྐྲུན། གང་ལྟར། ང་ཚོ་ནི་ནམ་ཡང་འདི་འདྲའི་མེ་འོབས་ནས་ཐར་ས་མེད།
ཡང་ན་ཁ་ཁུ་སིམ་མེར། མགོ་བོ་སྔས་ཐོག་གཅིག་ལ་བཞག་ཆོག་ཅིང་། སང་ཉིན་གྱི་འཆར་གཞི་ལ་གྲོས་ཁ་མཐུན་པའི་སྐྱ་ཡ་ཞིག་དང་དཔུང་བ་གཤིབས་ནས་མི་ཚེའི་བཤུལ་ལམ་རིང་མོ་ངང་གིས་བསྐྱོད་དམ། གང་ལྟར་ང་ཚོ་སོ་སོའི་འདུན་མ་དང་འཚོལ་སྙེག་མི་གཅིག་པས་ང་ཚོ་རང་རང་སར་གྱེས་ཏེ། མི་ཚེའི་མཐའ་འཁྱོལ་བར་འབད་བརྩོན་ལྷོད་མེད་བྱ་དགོས་པས། ཁ་སང་མཉམ་དུ་རྨིས་མྱོང་བའི་རྨི་ལམ་དོན་དུ་སྨིན་མ་ཐུབ་པར་ལེ་བདའ་མེད་ལ། ཞེ་འདང་གི་རང་མདངས་ཡལ་ཞིང་མཛའ་བརྩེའི་དར་སྐུད་ཆད་འགྲོ་བར་ཡང་དོགས་སྣང་སྐྱེས་པའི་ཁོམ་ལོང་ཞིག་ཀྱང་ཡོད་དཀའ་སོང་། ལས་དབང་དང་བསོད་ནམས་ཀྱིས་འཇིག་རྟེན་གྱི་གྲུ་ཟུར་གཅིག་ནས་འཚོ་བའི་ལག་གདང་སྦྲེལ་ཏེ་དགའ་སྐྱོ་ཆགས་སྡང་གི་སེམས་ཚོར་མཉམ་དུ་ཕྱོ་མྱོང་བའི་སྡོངས་གྲོགས་ཚོ། ནམ་ཡང་སྐྱིད་པོ་བདེ་མོ་ཨེ་ཡིན་ནམ། ཁྱིམ་གཞིས་ཀྱི་གདུང་མ་ཤུགས་ཀྱིས་འདེགས་དགོས་པས། ངས་ཁྱོད་ཀྱི་བྲེལ་ཟིང་ལ་དགོས་མེད་ཀྱི་བར་ཆད་མི་བྱེད་པར། ཁྱོད་རང་ལ་བཀྲ་ཤིས་སྨོན་འདུན་ཞུ་བཞིན་འུ་གཉིས་ཀྱི་འདས་སོང་ལ་ཕྱིར་དྲན་ཡང་ཡང་བྱེད་ཀྱིན་ཡོད།
སེམས་གྲོགས་སྙིང་གི་ནོར་བུ། ཁྱོད་ཀྱིས་ང་རང་དྲན་ཨེ་བྱུང་། བདག་གིས་ནམ་ཡང་ཁྱོད་རང་གླེང་གིན་ཡོད།
“ཁྱོས་ང་ཨེ་དྲན་གི ངས་ཁྱོད་གླེང་གིན་ཡོད②”ཅེས་པ་ནི་ཡིག་སྐད་ལྟར་ན“ཁྱོད་ཀྱིས་ང་དྲན་བྱུང་ངམ། ང་ཡིས་ཁྱོད་རང་གླེང་བཞིན་ཡོད”ཅེས་པ་སྟེ་ཨ་མདོའི་ལ་གཞས་ལས་གཏན་འཁེལ་གྱི་གདངས་ཤིག་ལ་དྲངས་པའི་ཚབ་མཚོན་རང་བཞིན་གྱི་ཚིག་ཅིག་སྟེ། གོ་ཐོས་ལྟར་ན་ཚིག་དང་ཚིག་འདིའི་གདངས་དང་བཅས་པ་ཨ་མདོའི་མཚོ་ལྷོའི་ས་ཆ་ནས་ཡིན་པའི་གླུ་མ་སྐད་གྲགས་ཅན་འབྲུག་མོས་བརྩམས་ཤིང་བླངས་པར་བཤད།།
① ལོ་ལོ། ཨ་མདོའི་ཁ་སྐད་དེ། ཕྲུ་གུ་དམར་འབྱར་གྱི་མིང་།
②འགྲམ་པ་ལོ་ལོ། ལག་ཟུང་གིས་འགྲམ་པ་གཡས་གཡོན་ནས་སྐྱོར་བའི་དོན།