གཞུང་པ་ཚེ་དབང་བསོད་ནམས།
—–༧སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་བརྒྱད་ཅུ་ལ་ཕེབས་པའི་སྐུའི་གྱ་སྟོན་ལ་ཕུལ།
ཀ་དག་ཕྱག་རྒྱ་གངས་ཅན་མགོན་པོ་བསྟན་འཛིན་རྒྱ་མཚོའི་སྐུ་ཚེ་སྲིངས།།
ཁ་བའི་ལྗོངས་སུ་ཁྱེད་ཀྱི་འགྲོ་དོན་ལས་སྨོན་རྟེན་འབྲེལ་མཐུ་ཡིས་སྦྱིན།།
དགའ་དད་སྤྲོ་གསུམ་གུས་པ་ཆེན་པོས་གང་གི་འཁྲུངས་སྐར་གྱ་སྟོན་ལ།།
ང་ཚོ་གཞིས་བྱེས་ཆོལ་གསུམ་མི་མང་ལས་སྨོན་རྟེན་འབྲེལ་འཚམས་འདྲི་ཞུ།།
བཅོ་ལྔའི་ཟླ་བ་དགུང་ལ་འཆར་འདྲར་གང་གི་ཐུགས་བརྩེས་མུན་པ་འཇོམས།།
ཆོས་མེད་ཀླ་ཀློ་གུང་ཁྲན་དམར་པོར་བྱམས་དང་སྙིང་རྗེས་དབུ་ལམ་བསྟན།།
འཇའ་ཚོན་བཞིན་དུ་གང་གི་གསུང་སྦྱིན་ལུས་ཅན་ཀུན་གྱི་སྙིང་ལ་སིམ།།
ཉ་ཟླའི་འོད་ཟེར་འབུམ་དུ་འཕྲོ་བས་གང་གི་བཀའ་སློབ་བདུད་རྩིའི་བཅུད།།
ཏཱ་ཐ་ག་ཏཱའི་བསྟན་པ་ཟབ་མོ་འཛམ་གླིང་ཡོངས་ལ་ཁྱེད་ཀྱིས་སྦྱིན་།
མཐའ་མཚམས་ཡུལ་དང་མུན་པའི་གླིང་དུ་ནང་ཆོས་སྒྲོན་མེ་ཁྱེད་ཀྱིས་སྦར།།
དད་པ་དམ་ཚིག་གཙོ་བོར་སྲུང་ནས་ལྷ་སྲུང་བསྟེན་ཕྱོགས་ལམ་སྟོན་མཛད།།
ནཱ་ལཎ་ཌ་ཡིའི་མཁས་པའི་ཚོགས་ཀྱི་དཀའ་སྤྱད་བདུད་རྩི་ཁྱེད་ཀྱིས་བསྲུངས།།
པཎ་གྲུབ་བཅུ་བདུན་བཀའ་དྲིན་བསམ་འདས་སྐལ་ལྡན་སྐྱེ་བོའི་བློ་ངོར་བཅུག །
འཕགས་པའི་ཡུལ་དུ་དུས་ཀྱི་འཁོར་ལོའི་ལས་ཅན་བུ་སློབ་ཐར་ལམ་བསྟན།།
བོད་ཀྱི་ཆབ་སྲིད་མི་མང་འགན་འཁུར་གང་གིས་སྐུ་དབང་འབངས་ལ་གནང་།།
མང་གཙོ་ཚད་ལྡན་ཡུལ་མིའི་རྒྱལ་ཁབ་མ་འོངས་བོད་ཀྱི་ཆབ་སྲིད་བརྟན།།
རྩ་བ་དད་པ་དམ་ཚིག་བརྒྱུད་ནས་ཆོས་ལུགས་ཚང་མར་དག་སྣང་འདྲེན།།
ཚངས་དང་བརྒྱ་བྱིན་ལྷ་ཀླུ་གཞི་བདག་ཕྱག་ན་པད་མོའི་ཞབས་འོག་འདུས།།
མཛའ་བརྩེ་བྱམས་དང་སྙིང་རྗེ་ཆེན་པོའི་རྒྱལ་སྲས་སྤྱོད་པ་ཀུན་ལ་ཁྱབ།།
ཝ་ལེར་སོམས་དང་སྤྱན་རས་གཟིགས་དབང་བསྟན་འཛིན་རྒྱ་མཚོ་ཞི་བདེའི་མགོན།།
ཞྭ་སེར་བསྟན་པའི་མངའ་བདག་ཆེན་པོ་སྲིད་གསུམ་དབང་བསྒྱར་མཚུངས་མེད་སྡེ།།
གཟའ་དང་རྒྱུ་སྐར་དབང་དུ་འདུས་ནས་སྙིང་རྗེའི་སྤྱན་གྱིས་ས་གསུམ་ཁྱབ།།
འོད་གསལ་ཀློང་ནས་ཆོས་སྐུ་དྲི་མེད་སྐལ་ལྡན་བུ་སློབ་ཐར་ལམ་འདྲེན།།
ཡ་རབས་བཟང་སྤྱོད་འཇིག་རྟེན་མི་ལུགས་བླང་དོར་བཀའ་སློབ་གནད་དུ་བཀྲོལ།།
རིགས་དང་ཁྱབ་བདག་རྡོ་རྗེ་འཆང་ཆེན་འགྲོ་ཀུན་དུག་ལྔའི་མཚོ་ལས་བསྐྱབས།།
ལམ་དང་འབྲས་བུ་མདོ་སྔགས་ཟུང་སྦྲེལ་སྐལ་ལྡན་བུ་སློབ་སྤྱི་བོར་སྨིན།།
ཤེས་རབ་རལ་གྲི་གདུལ་བྱའི་ཁམས་ལ་ཐབས་ཤེས་བརྒྱུད་ནས་ལམ་སྟོན་གནང་།།
ས་གསུམ་དབང་བསྒྱུར་མཚུངས་པ་མེད་པ་རྒྱལ་དབང་སྐུ་ཕྲེང་བཅུ་བཞིར་འདུད།།
ཧྲི་ལས་འཕགས་པའི་འོད་ཟེར་འཕྲོས་ནས་ལས་ཅན་སྐྱེ་འགྲོའི་སྤྱི་བོར་སྨིན།།
ཨེ་མ་ཧོ་རྗེ་བཙུན་འཇམ་དཔལ་ངག་དབང་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོ་སྲིད་གསུམ་དབང་བསྒྱུར་མཚུངས་པ་མེད་པའི་སྡེ་དཔལ་བཟང་པོ་མཆོག་སྐུ་ཚེ་མི་ཤིགས་རྡོ་རྗེའི་ཁམས་སུ་བརྟན་པའི་བཀྲ་ཤིས་སྨོན་འདུན་ཞུ།