རྔ་བ་ཀུན་བཟང་སྒྲོལ་མ། (ཝར་ན་མཐོ་སློབ)
སྤྱི་བཤད་ཕྲན་བུ།
དཔེ་དེབ་དང་སྨྱུག་ཁ་ནས་རྒས་སོང་བའི་གང་ཟག་ཞིག་ངོ་ནས་བཤད་ན། དཔེ་ཀློག་བྱས་ཏེ་ཡོན་ཏན་འཕེལ་བ་ནི་ཟས་ཀྱིས་ལུས་རྒྱས་པ་དང་འདྲ། རང་ཉིད་ལ་སྔར་མེད་ཀྱི་ནུས་པ་སྐྱེད་ཅིང་མི་ཚེ་དོན་ཡོན་བྱ་བའི་རྨི་ལམ་ཉག་གཅིག་གི་ཆེད་དུ་ཡིན། དཔེ་ཆ་བཀླགས་པས་ད་གཟོད་མཛེས་སྡུག་གི་རི་བོའི་ཡང་རྩེར་སོན་ཐུབ་པ་ངས་བརྗོད་ག་ལ་དགོས། ལྷག་པར་དུ་དཔེ་ཀློག་བ་ཞིག་ཡིན་སོང་ན། ཕུགས་ཀྱི་དམིགས་ཡུལ་ནི་ལས་ཐམས་ཅད་ཀྱི་ལམ་དུ་འགྲོ་བའི་ཕྱོགས་སྟོན་སྒྲོན་མེ་འོད་ཆེན་ཡིན། དེ་ཡང་འཕྲལ་རྩམ་མིན་པར་སྔ་ཕྱི་ཡོངས་ལ་དམིགས་པའི་མི་གཞིའི་སྙིང་སྟོབས་དང་མོས་པའི་རང་སེམས་བརྟན་པོ་ཞིག་དགོས། གང་ཡིན་ཞེ་ན། ཕུགས་ཀྱི་དམིགས་ཡུལ་དང་སློབས་པ་་མེད་པའི་མི་སུ་དང་གང་ཡིན་ཡང་་བྱ་བ་ཅི་འདྲ་ཞིག་ཡིན་ཡུལ་རིང་གི་དགའ་སྣང་དང་མོས་པ་མེད་པས་ལག་ལེན་དོན་འཁྱེལ་དཀའ་ཞིང་གཞན་ཡིད་འཕྲོག་པའི་ནུས་པ་གང་ནས་ཡོང་།
དེས་ན་དཔེ་ཀློག་གི་ཐོག་མར་དམིགས་ཡུལ་ངེས་བརྟན་ཞིག་དགོས། རྟ་ནོར་ལུག་གསུམ་ཕྲོད་ནས་ཡོན་ཏན་གྱི་དྲི་མ་རྩམ་ཡང་མ་མྱོང་བའི་འབྲོག་མ་བསྐྱུས་མ་ཞིག་ལ་མཚོན་ནས་བཤད་ན། དཔེ་ཀློག་ནི་ཆེས་ཐོག་མའི་ལས་དབང་བསྒྱུར་བའི་ཐབས་དམ་པ་ཞིག་དང་མི་ཚེ་སྔར་ལས་ངོ་མཚར་བར་འགྱུར་བའི་ལམ་ཁ་ཞིག་ཀྱང་ཡིན་པའི་ཚོར་སྣང་བྱུང།གྲུབ་འབྲས་དང་དཔའ་ངར་ཡོད་ཚད་དཔེ་ཀློག་ཕྲོས་ལས་བྱུང་། དམིགས་ཡུལ་དང་ཡོན་ཏན་གྱི་རྨང་གཞི་ངོ་མ་ཡང་དཔེ་ཀློག་ལ་རག་ལུག་ཡོད། དཔེ་ཀློག་མ་བྱེད་པར་གྲུབ་འབྲས་ཐོབ་པ་སྲིད་མཐའ་ཙམ་ལས་ཕུགས་བརྟན་གྱི་ཁ་ཕྱོགས་དང་།བློ་སྟོབས་རྣར་མ་ཞིག་ནམ་ཡང་སྐྱེས་ཐབས་མེད། དཔེ་ཀློག་ལས་མིའི་ལས་དབང་དང་ནང་གི་གཤིས་ཉམས་འགྱུར་ཐུབ་པས་མི་ཚད། ད་རུང་མི་ལ་དགའ་བ་སྐྱེ་ཞིང་ཚེ་སྲོག་སྔར་ལས་ངོ་མཚར་ལྡན་པར་འགྱུར་ངེས།
དཔེ་ཀློག་གི་ལས་དབང་འགྱུར་ནུས།
རིག་གནས་ལ་མི་དགའ་ཞིང་དང་ཕུགས་བསམ་གང་ཡང་མེད་པའི་མི་ཞིག་ལ་དཔེ་ཀློག་གི་འདུ་ཤེས་ཇི་ལྟར་སྐྱེད་སྲིང་བྱ་ནུབ་བམ།དེ་ལྟ་བུའི་མི་ཞིག་གི་དཔེ་ཀློག་སྟོང་ཕྲག་བྱས་ཀྱང་ཕུགས་མདུན་དང། སྔར་མེད་ཀྱི་སྙིང་སྟོབས་སྐྱེད་དཀའ། འོ་ན་དཔེ་ཀློག་གི་འདུ་ཤེས་ཇི་ལྟར་སྐྱེད་དགོས་ཞེ་ན། རང་ཉིད་ལ་མཚོན་ནས་བཤད་ན། ཆུང་བྱིས་པའི་དུས་ནས་འབྲོག་པའི་རྩྭ་ཐང་ནས་འཚར་ལོངས་བྱུང་བའི་འབྲོག་ཕྲུག་ཞིག་ཡིན། སྐབས་དེ་དུས། སློབ་གྲྭ་ནི་ངའི་རྨི་ལམ་ཀྱི་ཞིང་ཁམས་ལ་ཡང་འཁོར་མ་མྱོང་ལ། དཔེ་ཀློག་གི་འདུ་ཤེས་དང་རིན་ཐང་ག་ལ་རྟོགས། ད་དུང་།དཔེ་ཀློག་གིས་ལས་དབང་འགྱུར་ནུས་པའི་ཡིད་ཚད་དང་རེ་བ་ཞིག་གང་ནས་ཡོད།ཐ་ན་ཀ་ཁ་ཙམ་ཡང་ཀློག་མི་ཤེས། འབྲོག་མོ་ང་ནི།དབྱར་ཟླ་གསུམ་ཀྱི་ཆར་ཆུ་དང་། དགུན་ཟླ་གསུམ་ཀྱི་གྲང་ངར། སྟོན་ཟླ་གསུམ་ཡི་ཕྱུགས་རྫི་བྱས་ནས་རྙེད་དཀའ་བའི་བྱིས་པའི་ལོ་ཟླ་ཡོད་ཚད་རྟ་ནོར་ལུག་གསུམ་དང་འགྲོགས་ནས་འདས་ཟིན།དབྱར་ཁ་སླེབས་དུས། ཚ་གདུང་ཆེ་བའི་རྗ་རི་དང་ལུང་རི་བརྒྱུད་ནས་དབྱར་རྩྭ་དགུན་འབུ་སོགས་བརྐོད་ཏུ་སོང་དུས། རང་ཉིད་ཀྱི་སེམས་ལ་དེ་ནི་འཇིག་རྟེན་འདིའི་མི་ཡོད་ཚད་ཀྱི་བདེ་སྐྱིད་ལྡན་པའི་བྱ་བ་ཞིག་དང་དམིགས་ཡུལ་མཐར་ཐུག་ཡིན་པའི་སྣང་ལས་དཔེ་ཀློག་གི་སྒྲ་ཙམ་ཡང་ཐོས་མ་མྱོང་།
རེད་དེ། ང་རང་ལོ་བརྒྱད་ཀྱི་སྐབས་སུ། ཨ་མ་དང་ལྷན་དུ་ཚ་གདུང་ཆེ་བའི་ཞིང་ས་ནས་ནང་དུ་ལོག་སྐབས་ལ མ་ཁ་ནས། གོས་གཙང་ལུས་ལ་གྱོན་པའི་སློབ་མ་དང་། ཁ་དོག་རྣམ་པ་མཛེས་པའི་དཔེ་དེབ་ཁྱེར་བའི་སློབ་མ་ཚོས་ཕན་ཚུལ་སྒྲུང་གཏམ་བཤད་ནས་འགྲོ་བ་མཐོང་དུས། སྐབས་དེ་དུས་རང་ཉིད་ཀྱི་སེམས་ལ་གྲང་ཤུར་ཤུར་གྱི་སྐྱོ་སྣང་ཞིག་བྱུང་། གཉེར་བྱས་ན་ཅི་འདྲའི་བདེ་སྐྱིད་ལྡན་པ་ཞིག་རེད་ཨང་སྙམ་བྱུང་། གལ་ཏེ་ཞིང་པ་དང་འབྲོག་པའི་མྱོང་ཚོར་མེད་ན། ང་ལ་དེ་རིང་གི་འདི་ལྟ་བུར་དཔེ་ཀློག་གི་རིན་ཐང་ངོ་མ་རྟོགས་དཀའ། དཔེ་ཀློག་གི་ལས་དབང་འགྱུར་ལ་དེ་ཡང་ཡོན་ཏན་གྱི་ནུས་ཤུགས་ཡིན་པས་། དཔེ་ཀློག་ཁྲོད་ནས་ཐོབ་པའི་ཡོན་ཏན་ནི་བོར་མི་འགྲོ་ལ་རྐུ་མི་ཐུབ་ཅིང་འཕྲོག་མི་སྲིད་ལ་བསླུ་ཡང་མི་ཐུབ་པའི་རྒྱུ་ནོར་ངོ་མ་ཞིག་ཡིན་པས་དེ་ལས་རྩ་ཆེ་བ་ཞིག་ཡོད་མ་ཡིན།ཕྱོགས་གཅིག་ནས། དཔེ་ཀློག་ཁྲོད་ནས་ལས་དབང་འགྱུར་བ་དེ་རང་ཉིད་ཀྱི་ཕུགས་བསམ་དང་རྨི་ལམ་རྙེད་པའི་ལམ་ཁ་ཞིག་ཀྱང་ཡིན།
དཔེ་ཀློག་ལ་བརྟེན་ནས་ཐོབ་པའི་ཤེས་བྱ་གང་དང་གང་ཞིག་ཡིན་ཡང་ཚེ་གང་ལ་འགྲོགས་ཤིང་ལོངས་སྤྱོད་མི་ཚར་བའི་རྒྱུ་ནོར་ཞིག་ཡིན་པས། རྒྱུ་ནོར་འདི་ཐོབ་པའི་མི་སུ་དང་སུ་ཡིན་ཀྱང་སྔར་ཡོད་ཀྱི་སྐྱོ་གར་དང་དཀའ་སྡུག་ཡོད་ཚད་ལ་བདེ་སྐྱིད་ཀྱི་ངོ་བོ་འཛིན་ནུས།མི་ཚེ་གཅིག་ལ་དར་རྒྱུད་གསུམ། དཔྱིད་ཉིན་གཅིག་ལ་དྲོད་གྲང་གསུམ་ཟེར་བའི་དཔེར་ལྟར། དཔེ་ཀློག་གི་ལས་དབང་འགྱུར་བ་བདེན་ཀྱང་། བརྩོན་འགྲུས། སྙིང་སྟོབས། ཕུགས་བསམ། བཟོད་སེམས། སྡུག་རུས་ལ་སོགས་ནི་ཀློག་པ་པོ་ལ་ཁ་ཚ་དགོས་གཏུགས་གི་ཚང་དགོས་པའི་ཐོག་མའི་རྨང་གཞི་ཡིན། ལྷག་པར་ཏུ་འདས་དུས་ཀྱི་ཉམས་མྱོང་དང་གོ་རྟོགས་སོགས་ཀྱིས་གཞིར་བྱས་ནས་མ་འོངས་དུས་གསར་ཀྱི་མདུན་ལམ་དེ་ཇི་འདྲ་ཞིག་དང་། ཇི་ལྟར་འབད་དགོས་པ་སོགས་བསམ་བློ་ཕྲ་ཞིབ་ཏུ་གཏོང་བའི་ནུས་པ་སྐྱེད་ཐུབ། དཔེར་ན།རང་རི་གངས་ཅན་མི་རིགས་ལ་མཚོན་ན་ལོ་རྒྱུས་ཀྱི་རྒྱུན་རིང་བ་དང་རིག་གནས་ཀྱི་ལོངས་སྤྱོད་ཕྱུག་པ་སོགས་གོ་ལ་འདིར་གྲགས་ཆེ་བ་དེ་ཡང་དཔེ་ཀློག་ཁྲོད་ནས་མི་ཚེའི་ཁ་ཕྱོགས་བསྒྱུར་ནས་དཀར་དཀར་ཤོག་བུ་སྟེང་ན་ནག་ནག་ཡིག་ཆུང་འབྲི་མཁས་གྱི་མཁན་ཆེན་དམ་དག་གི་བཀའ་དྲིན་ཁོ་ན་ལས་བྱུང་བ་མིན་ནམ།
དཔེ་ཆ་ཀློག་ན་དཔལ་དང་ལྡན་ཞིང་བློ་སྤྱོང་ཐོབ། དཔེ་ཆ་ཀློག་ན་རྨོངས་མུན་སེལ་ཞིང་ནུས་མཐུ་སྐྱེད། ལེགས་ཚོགས་དེ་དག་ལས་ཁྱེད་ལ་སྔར་མེད་ཀྱི་འཇིག་རྟེན་ཞིག་དང་སྔར་མེད་ཀྱི་མཛེས་རྟོགས་ཀྱི་སེམས་ཁམས་དངས་མ་ཞིག་འབྱུང་ངེས།མཛེས་རྟོགས་ཀྱི་སེམས་ཁམས་དང་སྔར་མེད་ཀྱི་འཇིག་རྟེན་འདི་ན་ཁྱེད་ལ་མཛེས་པ་དང་གཤིས་ཉམས་ལྡན། ལྷག་པར་དུ་ཕྱི་དངོས་པའི་ལོངས་སྤྱོད་ལ་ལྟ་བའི་བློ་མིག་དང་ནང་བསམ་པའི་ལོངས་སྤྱོད་ལ་རྟོགས་པའི་ཡོན་ཏན་སྐྱེད། དེ་ལྟ་བུའི་འཇིག་རྟེན་ཞིག་རོལ་འདོད་ན་ནམ་ཡང་དཔེ་ཀློག་ཁོ་ན་མ་གཏོག་ནམ་ཡང་སྐྱེད་དཀའ།
དཔེ་ཀློག་ནི་ཚེ་གང་གི་བྱ་བ་ཞིག་ཡིན་པའི་སྤྲོ་སེམས་དགོས།
རྩོམ་པ་པོ་ཀུའུ་ཡུའི་ཆེ་ཡི་དཔེ་ཀློག་བྱས་ན་མི་ཚེ་སྙིང་བོ་ལྡན་པར་འགྱུར་བ་དང་མིའི་གཤིད་ཉམས་བསྒྱུར་ཐུབ་ཞེས་གསུངས་པར་ལྟར།བློ་རྒྱ་ཡངས་པའི་དཔེ་ཀློག་པ་ཚོ། ང་ཚོས་ཐབས་གང་ལ་བརྟེན་ནས་གསར་སྐྱེས་སློབ་མ་རྣམས་དཔེ་ཀློག་གི་འཇིག་རྟེན་ན་སྐྱོང་ངམ།ཇི་ལྟར་དཔེ་ཀློག་གི་འདུ་ཤེས་སྐྱེད་དམ། ཇི་ལྟར་སྔར་མེད་ཀྱི་མོས་པ་དང་སྤྲོསྣང་བསྐྲུན་ནམ། ང་ཚོ་ལ་དགོས་པ་ནི་དེ་རིང་དང་སང་ཉིན་ཙམ་ཀྱི་དཔེ་ཀློག་མིན་པར་ཚེ་གང་གི་བྱ་བ་ཞིག་ཡིན་པའི་ངོས་འཛིན་ཐུབ་པའི་བསམ་བློ་དགོས། བསམ་བློ་དེ་དག་ཡང་ཐབས་གང་ལ་བརྟེན་ནས་མངོན་འགྱུར་བྱེད་དགོས་སམ། ངས་བསམ་བློ་བཞི་གསུམ་བཅུ་གཉིས་དང་བློ་རྩི་ཉི་ཤུ་རྩ་གཅིག་བཏང་ནས་བཤད་འདོད་པ་ནི། དཔེ་ཀློག་དེ་ཚེ་གང་གི་བྱ་བ་ཞིག་ཡིན་པའི་ངོ་འཛིན་མེད་སོང་ན་དཔེ་ཀློག་གི་འདུ་ཤེས་ནམ་ཡང་སྐྱེད་དཀའ། འདུ་ཤེས་དེ་དང་བྲལ་བའི་མི་སུ་དང་གང་ཡིན་ཡང་ཕུགས་བསམ་ཀྱི་ཞིང་ཁམས་ལ་འཕུར་བྱེད་ཀྱི་གཤོག་པ་མེད་པ་དང་འདྲ།གཤོག་པ་འདི་མེད་སོང་ན། སུ་ཡིན་ཀྱང་། མི་ཚེའི་གཟི་བརྗིད་ཀྱི་ཕོ་བྲང་བསྐྲུན་ཐུབ་པའི་གནས་ལུགས་དང་མི་ཚེའི་ལམ་བུ་ཡང་དག་ཞིག་རྙེད་དཀའ།
དེ་འདྲ་བའི་བསམ་བློའི་རྨང་གཞི་བརྟེན་པོ་དང་སྔར་ཕྱི་ཡོངས་པ་བསམ་གཞིག་མེད་སོང་ན། ད་གཟོད་ཁྱེད་མཐོ་སར་འཛེག་མི་ཐུབ་ལ་རྒྱང་རིང་ལ་བལྟ་བའི་བློ་མིག་ཀྱང་མེད། དེའི་ཕྱིར་དཔེ་ཀློག་ནི་ང་དང་ཁྱེད་སུ་ཡིན་ཡང་ཚེ་གང་གི་བྱ་བ་ཞིག་ཡིན་པའི་ངོས་འཛིན་ཐུབ་སོང་ན། ཁྱེད་ཀྱི་རྨི་ལམ་དང་ རེ་བ། ཕུགས་བསམ། བདེ་སྐྱིད། དགོས་སྒྲ་ཡོད་ཚད་དཔེ་ཀློག་ཁྲོད་ནས་མྱོང་ཐུབ། མ་ཟད། དཔེ་དེབ་ཀློག་ཅིང་བསམ་གཞིགས་མང་དུ་བྱས་ཏེ། ཁྱེད་ལ་ནང་གི་ཡོན་ཏན་ངོ་མ་ལྡན་པར་གྱུར་ན་གཤིས་ཉམས་དེ་ངང་ངམ་ཤུགས་ཀྱིས་ཕྱིར་མངོན་ངེས་ཐུབ་པའི་སྤོབས་པ་དང་སྙིང་སྟོབས་འཕེལ།
དེ་ལྟ་བུའི་ངོས་འཛིན་ཐུབ་པའི་མི་རྣམས་ལ་དཔེ་ཀློག་ནི་ཚེ་གང་གི་ཆེས་སྤྲོ་སྣང་ལྡན་པའི་བྱ་བ་ཞིག་ལ་གྱུར་བ་མ་ཟད། སྤྲོ་བའི་རོལ་རྩེད་ཅིག་རུ་འགྱུར་ངེས། དཔེ་ཀློག་ནི་སྐྱིད་ན་ཇ་ཆང་འཐུང་རོགས་དང་སྡུག་ན་རང་སེམས་གསོ་རོགས། ཉལ་ན་མགོ་བོ་འཇོག་ས་དང་། འགྲོ་ཚེ་གོམ་གསུམ་སྤོ་རོགས་ཀྱི་གྲོགས་མཆོག་དམ་པར་གྱུར་ངེས། མཚམས་དེ་འདྲ་ཞིག་བསླེབས་སོང་ན་ཁྱེད་ནི་རང་དབང་གི་སློབ་གསོ་ལ་ཕྱུག་ཅིང་གསར་གཏོད་ཀྱི་བློ་རིགས་བཟང་བའི་སྐྱེ་འགྲོ་ཀུན་གྱི་མཆོད་པའི་ཡུལ་ཏུ་འགྱུར་འགྲོ།
དཔེ་ཀློག་གི་སྤྲོ་སྣང་ལ་བརྟེན་ན་ད་གཟོད་མཚན་ཉིད་དང་ལྡན་པའི་མི་བུ་ཞིག་ཏུ་འགྱུར་བ་མ་ཟད། དཔེ་དེབ་ལས་ཐོབ་པའི་ཡོན་ཏན་དག། ཡོད་པ་འཚོ་སྐྱོང་མི་ཐུབ་པའི་སྡུག་བསྔལ་དེ་བས་ཀྱང་མེད། རྒྱུ་མཚན་ནི། དཔེ་ཀློག་ཁྲོད་ནས་ཁྱེ་དལ་བསླུ་མེཝད་ཀྱི་ལྟ་བ་ཞིག་དང་གསར་གཏཔད་ཀྱི་ལམ་ཁ་གང་མང་ཞིག་རྙེད་ལ། དེ་དག་ནི་རང་སྐུལ་ལས་བྱུང་བའི་གྲུབ་འབྲས་ཡིན་པས། དཔའ་བའོ་གདེང་དང་ལྡན་པའི་ལང་ཚོའི་རང་ཤུགས་ཙམ་མ་ཟད་དཔེ་དེབ་དང་ལྷན་དུ་ནམ་ཡང་བྲལ་ཐབས་མེད་པའི་ཚེ་གྲོགས་སུ་འགྱུར་འགྲོ། ང་ཚོ་ཚང་མ་དགོས་པ་ནི་དབེ་སྐྱིད་དང་གྲུབ་འབྲས་རེད། འོན་ཀྱང་དཔེ་ཀློག་ནི་ཚེ་གང་གི་བྱ་བ་ཡིན་པ་ངོས་འཛིན་མ་ཐུབ་ན་དེ་དག་ཡོད་ཚད་རྨི་ལམ་ཙམ་ལས་མངོན་འགྱུར་དཀའ།
ང་རང་ཉིད་ཀྱིས་བསམ་ན། སྨྲ་ཤེས་ཤིང་དོན་གོ་བའི་མི་ཡིན་པ་འདྲ་ཡང་། དཔེ་དེབ་ཀྱི་ཪིན་ཐང་། དཔེ་ཀློག་གི་སྤྲོ་སྣང་ལ་སོགས་བསམ་གཞིག་མི་མཚུངས་པ་ཡང་རང་གི་ཕུགས་དང་འབྲེལ་བའི་དཔེ་ཀློག་བྱེད་དེ་ཚེ་གཅིག་གི་བྱ་བ་ལ་དམིགས་ཐུབ་པ་དང་གཅིག དཔེ་ཀློག་དང་དཔེ་ཀློག་བྱས་ནས་མེ་ལྕེ་འབར་བ་ལྟ་བུར་བརྩོན་འགྲུས་གོམ་སྟོབས་མདུན་ཕྱིགས་སུ་སྤོས་པ་དང་གཉིས། རང་ངོ་རང་གིས་ཤེས་ནས་གཞན་གྱི་རྗེས་འབྲངས་ཙམ་མ་ཡིན་པར་རང་ཚུགས་བརྟན་པ་གསུམ་ཡིན་ནོ། དཔེ་ཀློག་ནི་ལས་དབང་ལ་ཁ་ལོ་བསྒྱུར་བའི་ཐབས་དམ་པ་ཞིག་དང་ཚེ་གང་གི་བྱ་བ་ཞིག་ཡིན་ལ།སཡོན་ཏན་ནི་མ་འཆི་བར་ཏུ་ཁྱེར་རྒྱུ་ཡོད་པའི་རྒྱུ་ནོར་འབའ་ཞིག་ཡིན།
ད་ལྟ་ནི་དཔེ་ཀློག་གི་དུས་རབས་ཡིན།
ཕྱུགས་རྫི་དང་ལུག་རྫི། ཞིང་ལས་དང་འབྲོག་ལས་སོགས་ཀྱི་དུས་རབས་ཧ་ལམ་རྫོགས་ལ་ཉེ་བས། ད་ལྟ་ནི་ཤེས་ཡོན་དང་དཔེ་ཀློག་གི་དུས་རབས་ངོ་མ་ཞིག་ཡིན། དུས་རབས་འདི་ཡི་ཁ་ཕྱོགས་དང་མཐུན་པའི་ལངས་ཕྱོགས་དང་མིག་རྒྱང་རིང་བའི་གསར་གཏོད་ཀྱི་རྣམས་ཡང་དག་ཅི་དགོས། ལ་རྒྱ་དང་སྤོབས་པ་ལྡན་པའི་ངང་དུས་རབས་དཀྱོག་མཚམས་འདི་ནས་ཤེས་ཡོན་གྱི་དུས་རབས་ལ་དམིགས་དགོས།
གཞོན་ནུ་ཚོར་ང་ཚོ་འདི་ལྟར་རིག་གནས་ལ་དུང་བའི་བསམ་བློ་དང་ཤེས་རིག་ལ་མ་འབད་པར་དུས་རབས་འདི་ནས་འཆི་སོང་ཧ་ཅང་གི་ཕངས་པོ་རེད་ལ་དཔེ་ཀློག་དང་ཤེས་ཡོན་ལ་མི་དགའ་བའི་མི་ཞིག་བྱོལ་སོང་དང་གཅིག་འདྲ་ཡིན་པས། རང་ཉིད་ཀྱི་བསམ་བློའི་ཁ་ཕྱོགས་ཡང་ཤེས་ཡོན་གྱི་ཕྱོགས་སུ་སྐྱེད་བསྲིང་བྱེད་དགོས། རྒྱུ་མཚན་ང་ཚོ་ནི་དུས་རབས་ཉེར་གཅིག་པའི་གངས་ཅན་གདོང་དམར་ཚང་གི་མ་རིག་མུན་པ་སངས་མཁན་གྱི་འོད་གསལ་སྒྲོན་མེ་སྤར་མཁན་དང་། ཁ་བ་གངས་ཅན་པའི་འདས་མ་དར་གསུམ་གྱི་རེ་བའི་མིག་རྒྱང་འཕང་ས་ཡིན། མི་རབས་གསར་བ་དག་ལ་ཤེས་ཡོན་གྱི་ཁ་ཕྱོགས་དང་བསམ་བློ་གཞི་བརྟན་མེད་སོང་ན་གོ་ལ་གཅིག་འགྱུར་གྱི་དུས་རབས་ཀྱི་སྡེར་འབྲེངས་རྒྱུར་དང་རེ་བ་དང་རྨི་ལམ་ཡོད་ཚད་ཉིན་མོའི་སྐར་མ་ཙམ་མ་ཡིན་ནམ།
འདི་ལྟར་ད་ལྟ་དུས་རབས་དང་མཐུན་པའི་བོད་མི་རིགས་ཀྱི་གསར་སྐྱེས་དུ་འཚར་ལོངས་འབྱུང་བཞིན་པའི་མྱི་རབས་གསར་པ་དག་ལ་དཔེ་ཀློག་གི་འདུ་ཤེས་མེད་སོང་ན། ང་ཚོ་ཚང་མ་ཆེས་རྫེས་ལུས་ཀྱི་མི་རབས་ཞིག་ཏུ་འགྱུར་འགྲོ། དེ་ནི་མི་སྒེར་ཙམ་མིན་པར་བོད་སྤྱི་ལ་ཕམ་ཁ་ཆེན་པོ་ཞིག་རེད། ཕམ་ཁ་འདི་ཡང་དཔའ་འབྱོར་ཙམ་མིན་པས་རིག་གནས་དང་སློབ་གསོའི་ཕམ་ཉལ་ཞིག་ཡིན་དུས་ནམ་ཡང་མི་རིགས་འདི་ཡི་ཤེས་ཡོན་གྱི་རྩ་བ་ཡལ་འགྲོ་བའི་ཉན་ཁ་ཆེ། དུས་རབས་ཉེར་གཅིག་པའི་རང་ཅག་ཁ་བ་ཚང་གི་དཀའ་སྡུག་གི་ལོ་ཟླ་ཡོད་ཚད་སེམས་ནས་དྲན་ཞིང་སྙིང་སྟོབས་ཀྱི་མེ་ལྕེ་འབར་དེ་དཔེ་ཀློག་གི་ཉམས་མྱོང་ཁྲོད་ནས་ང་ཚོའི་ལས་དབང་ལྕི་མོ་དེ་གཞན་ལ་ར་སྤྲོད་ཐུབ་པའི་ནུས་པ་ལྡན་དགོས་ལ། འདས་ཟིན་པའི་ལོ་རྒྱུས་ཀྱི་ངོས་ནས་བལྟས་ན་བོད་མི་རིགས་འདི་དཔེ་ཀློག་དང་ཧ་ཅང་ཁ་ཐག་རིང་བའི་མི་རབས་ཞིག་ཡིན་པ་ཕྱོགས་མང་པོ་ནས་ཕམ་ཁ་བྱུང་ཡོད་། འོན་ཀྱང་། འདས་ཟིན་པའི་ཕམ་ངོས་འཛིན་ཐུབ་པའི་ཐོག་ནས་སང་ཉིན་ལ་འབད་པ་བྱེད་རྒྱུ་དེ་ང་ཚོའི་འོས་འགན་དང་ང་ཚོའི་ཕུགས་མདུན་ཡིན། དཔེ་ཀློག་ནི་སང་ཉིན་གྱི་རིག་གནས་འཕེལ་བའི་ས་བོན་དང་རིག་གནས་ནི་མི་རིགས་ཀྱི་ཚེ་སྲོག་ཡིན།
ཁ་བ་གངས་ཅན་པ་ཚང་མས་ཁྱོད་ནང་བཞིན་དཔེ་ཀློག་གིས་རྒས་སོང་ན་ཕན་ཐོག་ཅང་ཨེ་ཡོད་ལ།
ངས་བསམ་ན་དཔེ་ཀློག་ལ་ཡང་མཚམས་ཞིག་དགོས་པར་འདོད།
རྔ་བ་ཀུན་བཟང་སྒྲོལ་ལགས། འདས་ཟིན་པའི་མྱོང་བ་དང་འབྲེལ་དེ་དཔེ་ཀློག་འདི་དགོས་འདོད་འབྱུང་བའི་ནོར་བུ་ཞིག་ཡིན་པ་ངོས་ཟིན་པའི་ཐོག་ནས། མི་རིགས་ལ་བཅིང་བའི་བརྩེ་སེམས་དང་འབྲེལ་ཏེ་བསླབ་བྱ་དང་དཔེ་ཀློག་གི་རིན་ཐང་སོགས་གླེང་བར་ཡི་རངས་ཡོད། ཁྱེད་ཀྱི་རྩོམ་ཡིག་འདི་བརྗོད་བྱ་དང་ཚིག་སྤྱོར་གྱི་ཆ་ནས་མི་དམན་ནའང་དག་ཆའི་ཕྱོགས་ནས་འཛོལ་བ་གང་འཚམས་འདུག་པས་མ་འོང་པར་རྩོམ་ཡིག་སྤེལ་ཚེ་ཉམས་བཞེས་གནང་གལ་ཆེ།