རྩོམ་པ་པོ། ཞོགས་ཆུ། ཨེ་མ་ཧོས་འོས་སྦྱོར་བྱས།
འུ་ཚོས་དམ་པའི་སྐྱེས་བུ་ཞིག་གི་ཆེ་བའི་ཡོན་ཏན་དང་མཛད་པའི་འཕྲིན་ལས་སོགས་ཚེ་ཡི་འདུ་བྱེད་མ་རྫོགས་ཀྱི་བར་དུ་མཐོང་བཞིན་མེད་པའི་སྟབས་ཀྱིས། ད་རུང་དུས་དྲན་དང་མྱ་ངན་གྱི་རྗེས་དྲན་ཁོ་ནར་སྲུང་བརྩི་བྱེད་པའི་བསྐལ་བ་ངན་པ་ཞིག་གི་འཇུག་མ་བསྣར་བཞིན་ཡོད། དེ་བས་ད་ལྟ་བཞུགས་བཞིན་པའི་བོད་ཀྱི་མཁས་དབང་དག་ལས་ཁོ་བོའི་མཁན་ཚུལ་ཁྲིམས་བློ་གྲོས་མཆོག་གི་དྲིན་ངོ་ཟིན་པའི་རིན་དོད་དུ་རྒྱ་ཆེའི་གཞི་བྱེས་བོད་འབངས་ཡོངས་ལ་ཁོང་གི་མཛད་སྤྱོད་སྐོར་གྱི་དྲན་གསོ་ཅུང་ཟད་བགྱི་ན།
གཅིག ཚུལ་ཁྲིམས་བློ་གྲོས་མཆོག་ནི་ཐོག་མར་ཆེས་ཕལ་བའི་བྱིས་པ་བསམ་མེད་ཅིག་ཏུ་འཁྲུངས་ཡོད། འགྲོ་མི་ཐུན་མོང་གི་བཤད་སྲོལ་ལྟར་སྐྱེས་ནས་མི་ལོ་གསུམ་བར་དུ་ལོ་གསུམ་བྱིས་པ་ཡིན། བྱིས་པ་བསམ་མེད་ཡིན། ལྷ་སྒྲུང་གི་རྟོག་བཏགས་དང་ལུང་བསྟན་གྱི་རྟགས་མཚན་གང་ཡང་མེད། ད་རུང་ཡང་རྒྱལ་བའི་བཀའ་ལུང་གིས་ཟིན་པའི་ཕུག་འདེད་ཕུ་ཐག་གང་ཡང་གཅོད་དགོས་མེད། རང་ཉིད་ཀྱི་རྐང་པས་རང་ཉིད་བཏེགས་ཏེ་མི་ཚེའི་ལས་དབང་ལ་བསམ་གཞིག་གནང་ཤེས་ཤིང་། ད་རུང་འགྲོ་བ་མིའི་འགྲོ་སྟངས་དང་དམ་པའི་སྐྱེས་བུ་ཞིག་གི་འགྲོ་དོན་ཡོད་པས་འགྲོ་དམངས་ཡོངས་ཀྱི་ཆེད་དུ་བཞུགས་ཡོད།
གཉིས། ཚུལ་ཁྲིམས་བློ་གྲོས་མཆོག་ནི་མངལ་སྐྱེས་ཤིག་ཡིན་པས་སྐྱེས་ཙམ་ནས་གྲྭ་པ་ཞིག་མ་རེད། ཐོག་མར་མི་སྐྱ་ཞིག་གི་ཚུལ་དུ་ཡོད་པ་རེད། དེ་བས་སྐུ་སྐྱེ་ཞིག་གི་རྒྱབ་ལྗོངས་གང་ཡང་མེད་ལ་འགྲོ་བ་སུ་ཞིག་གི་སྐྱེ་བ་ཡིན་མིན་ལ་ཤིན་ཏུ་ལྐོག་གྱུར་རེད། གང་ལྟང་ཁོང་ཉིད་དལ་འབྱོར་གྱི་མི་ལུས་ལོན་ནས་སྟོན་པའི་རྗེས་སུ་ཞུགས་པའི་སྐལ་བ་ལྡན་པ་རེད། མ་ཟད་བླ་མ་ཡིད་བཞིན་ནོར་བུ་ཡི་སློབ་མ་རེ་བ་ཅན་ཞིག་ཏུ་གྱུར་པ་རེད། དེ་ནི་སྔོན་གྱི་ལས་སྨོན་བཟང་བོ་ཞིག་གི་སྟོབས་ཀྱིས་རེད་ཅེས་ལབ་ན་མི་ཆོག་རྒྱུ་མེད། འོན་ཏང་བླ་མ་བཟང་བོ་ཞིག་དང་མཇལ་བའི་ལས་དབང་ལྡན་ཞིང་སངས་རྒྱས་བསྟན་པའི་རྗེས་སུ་ཞུགས་པའི་བསོད་ནམས་འཛོམས་སོང་ཡང་ད་ནི་ཅི་བྱེད་ལས་ཀྱིས་ཤེས་ཟེར་ནས་ཡིད་ཚིམས་སོང་བ་མ་རེད། ནང་ཆོས་སོགས་ཕྱི་ནང་གི་རིག་གཞུང་ཁག་ལ་ཐོས་བསམ་སློབ་གཉེར་རྒྱ་ཆེར་གནང་བ་རེད། ཉལ་འཆག་འགྲོ་འདུག་གིས་དུས་འདའ་བར་བྱས་པ་མ་རེད། སྔ་ལང་ཉལ་འཕྱི་བྱས་ཏེ་བརྩོན་འགྲུས་ལྷོད་མེད་ཀྱི་ངང་ནས་སྦྱང་མཐར་ཕྱིན་པ་ལས། མ་བསླབ་པར་སྟོན་པ་སངས་རྒྱས་ཀྱི་བཀའ་དང་བསྟན་བཅོས་ཀྱི་དགོངས་དོན་མཁྱེན་སོང་བ་མ་རེད། མ་བསླབ་པ་ལ་ཀུན་མཁྱེན་མེད་གསུངས་པ་ལྟར་རེད། ཆོས་ཉིད་ཀྱི་འགྲོས་དང་འགལ་འགྲོ་ལུགས་མེད་པ་རེད། དེ་ལྟར་ལུང་རྟོགས་ཀྱི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་གསུམ་ཇི་ལྟར་དགོས་མིན་ཐད་ལ་རྒྱུས་ལོན་ལོ་མང་ལ་བྱས་ནས། ཆོས་རྗེ་ཡིད་བཞིན་ནོར་བུའི་རྒྱལ་ཚབ་ཀྱི་འགྲོ་དོན་འགྲུབ་བཞིན་པ་རེད་མ་གཏོགས། ཆོ་ག་ཆོས་སྤྱོད་ཙམ་བློ་ལ་སྐྱོར། རྔ་རྡུང་རོལ་མོ་རྐྱང་པས་རང་གཞན་གྱི་དོན་ཆེན་འགྲུབ་པའི་རློམ་སེམས་འཆང་ནས་དམ་པའི་སྐྱེས་བུ་ཞིག་གི་གོ་ས་ཟིན་སོང་བ་མ་རེད།
གསུམ། ཚུལ་ཁྲིམས་བློ་གྲོས་མཆོག་ནི་ལྕེ་གཉིས་ལྡན་པའི་དུག་སྦྲུལ་ལྟ་བུ་ཞིག་མ་རེད་ལ་ངོ་གཉིས་ལྡན་པའི་ཌ་རུ་ལྟ་བུའི་གང་ལ་གཡུག་ན་སྟོན་ཆོག་ཆོག་ཅིག་མ་རེད། འོན་ཀྱང་རྒྱ་ལ་འཕྲད་ན་རྒྱ་སྐད་དང་རྒྱ་ཡིག་ཤེས་པ་རེད་ལ། རྒྱ་སྐད་རྒྱག་པའི་ཚེ་རྒྱ་ལ་འགྱུར་འགྲོ་བ་མ་རེད། སྐྱེ་བ་གཅིག་ལ་བོད་ལུས་བླངས་པ་ལྟར་ནམ་ཡང་བོད་ཀྱི་གོ་ས་ན་གནས་ཡོད། ཁོར་ཡུག་གི་གནས་བབས་ཤིག་གིས་རྒྱ་ཡིག་སོགས་ལ་སློབ་གཉེར་ཚད་མེད་གནང་བ་རེད། འོན་ཀྱང་རྒྱ་སྐད་ཤེས་པ་དེ་དག་རྒྱ་ཡུལ་དུ་བེད་སྤྱོད་གཏོང་བཞིན་པ་ལས་བོད་ཡུལ་དུ་ལབ་རྒྱག་སྤྱད་བྱེད་ཀྱིན་མེད། བསོད་ནམས་དར་རྒྱས་དང་ཁོང་རྣམ་པ་གཉིས་ཀྱི་རྒྱ་སྐད་དེ་དག་ཆོས་སྐད་རེད་མ་གཏོགས་ར་མ་ལུག་སྐད་མ་རེད། བོད་ཆོས་རྒྱ་ལ་བཤད། རྒྱ་སེམས་ཆོས་ལ་བསྒྱུར་བཞིན་ཡོད་པ་རེད། ཁོང་རྣམ་པས་རྒྱ་མི་དག་ལ་བོད་བརྒྱུད་ནང་བསྟན་གྱི་བཀའ་ཆོས་གནང་ནས་སློབ་མ་མང་དུ་བསྐྱངས་བའི་དྲིན་གྱིས། ད་ལྟ་སེར་མོ་བ་འུ་ཚོར་རྒྱ་མི་དཔྱོད་ཤེས་ཅན་དག་གིས་ལྟ་ཚུལ་ཅུང་ཡག་པོ་ཡོད་པ་རེད། དེ་བས་རྒྱ་ཡུལ་ཁག་ལ་འགྲོ་བདེ་འདུག་བདེ་རེད། འོན་ཏང་གྲྭ་ཆས་གྱོན་པའི་སྤྲུལ་གཟུགས་དང་གྲྭ་གཟུགས་ཅན་འགའ་ཤས་ཀྱིས་ཆགས་སྲེད་ཀྱི་བརྩེ་བ་བཞག་ནས་རྒྱ་མོ་འཚོལ་བ་དང་། གཞན་ཡང་རྫུན་གཡོ་རྫུ་བག་འཁྲབ་ནས་རྒྱ་སྒོར་ལེན་རྒྱུ་སོགས་རང་མཆུ་རང་གིས་བསྡམས། རང་རྣ་རང་གིས་འདྲུད་ནས་རྒྱ་གྲོང་གང་ཞིག་གི་བཞི་མདོ་རུ་ཉལ་བསྡད་པའི་རུལ་སུངས་ཀྱི་གཏམ་ངན་ཁ་ཤས་ཐོས་མྱོང་ཡོད་མོད། ད་ནི་རྒྱ་རྟོགས་པ་སད། བོད་ཨ་གསར་ཡོལ་ཚར་བས་དེ་ཙམ་སྟབས་བདེ་པོ་ཡོད་མི་སྲིད། དོན་ངོ་མར་བསམ་ན་ལྷག་བསམ་རྣམ་པར་དག་པས་བསྟན་པ་འཛིན་སྐྱོང་ལ་མཁས་པའི་སྐྱེས་བུ་ཞིག་ཡིན་ན། རྒྱ་མི་དག་ལ་ནང་ཆོས་ཀྱི་གོ་དོན་སྤྲད་ནས་འཁོར་སློབ་དང་སྦྱིན་བདག་གང་ཞིག་བསྐྱང་བ་ཡིན་ན་དགོས་པ་ཆེ་སྟེ། དཔེར་ན་མཁན་ཆེན་རྣམ་གཉིས་ཚང་ལ་མཚོན་ན་ནང་བསྟན་གྱི་ཆོས་གྲྭ་སྲིད་ན་འཕགས་པ་ཞིག་སྐྱོང་དགོས་པས། མི་རིགས་གཞན་པས་ཡོན་སྦྱོར་བྱས་པ་དག་བསྟན་པ་འཛིན་སྐྱོང་གི་སླད་དུ་སྤྱད་ཡོད་སྲིད་མོད། དེ་དག་ནི་འཁོར་སློབ་གང་མང་ཞིག་ལ་ནང་ཆོས་ཀྱི་གོ་བ་སྤྲད་ནས་བློ་ཁ་ཆོས་ལ་བསྒྱུར་བའི་སྟབས་ཀྱིས་ཁོང་ཅག་གིས་དད་པའི་རྟེན་དང་བསོད་ནམས་ཀྱི་ཚོགས་བསག་པའི་སླད་དུ་ཕུལ་ཡོང་བ་ལས། ནང་བསྟན་ཕྱི་འཚོང་བྱས། གཡོ་རྒྱུས་སྦར་མོ་བསྲིང་ནས་བླངས་ཡོང་བ་ཏིལ་འབྲུ་ཙམ་ཡང་ཡོད་པ་མ་རེད། དེས་ན་དཀོར་ནག་གི་ལན་ཆགས་དང་སྡིག་སྒྲིབ་གང་ཡང་ཡོད་མི་སྲིད།
བཞི། ཚུལ་ཁྲིམས་བློ་གྲོས་མཆོག་ནི་བོད་ཀྱི་ཆོས་སྲིད་ཀྱི་བདག་པོ་ཞིག་ལ་བསྐོ་བཞག་བྱས་པ་མ་རེད་མོད། འོན་ཏང་ཁོང་གིས་མི་རིགས་ལ་བསྐྱངས་བའི་བརྩེ་བ་དེ་ནམ་ཡང་འགྱུར་མི་སྲིད་པ་ཞིག་རེད། པཎ་ཆེན་བཅུ་པ་མཆོག་གིས་གསུངས་པ་ལྟར་ཤི་ཡང་མིག་མི་བཙུམ་པའི་ཞེན་ཆགས་སྐྱེས་ཡོད་པ་རེད། མི་རིགས་ཀྱི་སྐད་ཡིག་སྐྱེ་མཆི་སོགས་ཀྱི་ལོ་རྒྱུས་ལ་གཞིག་སྟེ་བོད་པའི་ཐུན་མིན་གྱི་སྲོག་དབུགས་ལྟ་བུའི་སྐད་ཡིག་ལ་གཅེས་འཛིན་བླ་ལྷག་ཏུ་གནང་བཞིན་པ་ཤེས་གསལ་རེད་ལ། རིན་ཆེན་ནོར་བུ་ལྟ་བུའི་སེམས་ཀྱི་ཞི་བདེ་བསྐྲུན་པའི་སངས་རྒྱས་ཆོས་ལུགས་ཀྱི་ཐད་ལ་ཐུགས་ཁུར་ཚད་མེད་གནང་སྟེ། དགོན་སྡེ་དང་སྤྱི་ཚོགས་ཀྱི་མི་སེར་ཡོངས་ལ་ཆེ་ཚུགས་དང་རང་མཐོང་མེད་པར་ཆོས་འཆད་ཀྱི་གོ་དོན་གང་མང་གནང་བ་ལས། བསེ་རུ་ལྟ་བུའི་ཁེར་འགྲོ་ཁེར་འདུག་བྱས་ནས་རི་ཁྲོད་དང་ལུང་ཁུག་གང་ཞིག་ལ་རང་དོན་དུ་བྱང་ཆུབ་གཉེར་བཞིན་མེད།
ལྔ། ཚུལ་ཁྲིམས་བློ་གྲོས་ཁོ་ན་འགྲོ་དམངས་ཀྱི་མར་གྱུར་པ་མ་རེད་མོད། འོན་ཏང་ཐེག་ཆེན་གྱི་ལྟ་བ་དང་འཚེ་མེད་ཀྱི་རིང་ལུགས་འཆང་སྟེ། ཉམས་ཐག་པའི་རིག་དྲུག་གི་སྡུག་བསྔལ་རིག་བཞིན་ཡོད་པས་དབུགས་ལྡན་ཡོངས་ཁྱབ་ཀྱི་ཚེ་སྲོག་ལ་བརྩི་མཐོང་བྱེད་ཀྱིན་ཡོད། དེ་བས་ཤ་བཟའ་བ་ལ་གཞན་སྲོག་གཅོད་དགོས་པ་ཚང་ནས་ཤེས་བཞིན་ཡོད་མོད། འོན་ཀྱང་སྲོག་བཅད་པའི་ལས་ཀྱི་རྣམ་སྨིན་གང་ཞིག་མྱོང་དགོས་མིན་མི་ཤེས་པའི་རྐང་གཉིས་དག་ལ་ནང་བའི་ཆོས་གཞུང་ལྟར་སྲོག་གཅོད་གོང་ན་སྡིག་གཞན་མེད་ཚུལ་གྱི་རྣམ་བཞག་འཆད་ཀྱིན་ཡོད། ཤ་ཟོས་ན་ལྕེ་ཡི་བྲོ་བ་མྱོང་བ་དང་ལྟོ་བ་འབྲང་བ་ཙམ་ཤེས་ཀྱང་། ཤ་ཟོས་ན་ཚེ་འདི་ལ་ལུས་ཁམས་ལ་འཕྲོད་པོ་མེད་པ་དང་ན་ནད་མང་བ་སོགས་ཀྱི་འགྲོ་སྟངས་མེད་པའི་སྤྱི་ཚོགས་ཀྱི་རྨོངས་རྒན་དག་ལ་ཐབས་ཤེས་ཅི་ཡང་བརྒྱུད་དེ་ཚན་རིག་དང་ནང་ཆོས་གཉིས་འགྲོས་ཀྱིས་ཤེས་སུ་འཇུག་ཀྱིན་ཡོད། དེ་བས་ཚུལ་ཁྲིམས་བློ་གྲོས་མཆོག་ནི་ཁྲག་གི་རྒྱ་མཚོ་འཁྱིལ་བའི་བཤས་ར་རེ་རེའི་ནང་ནས་སྨྲ་མི་ཤེས་པའི་དུད་འགྲོ་རྣམས་ཀྱི་བླ་ཚེའི་རིན་ཐང་སྒོར་གྱིས་ཉོ་བའི་གཏོང་ཕོད་ཀྱི་བྱམས་སེམས་ཅན་ཞིག་རེད་ལ། ཚེ་སྲོག་གི་དབུགས་རྒྱུན་མཚོན་ཁར་བརྒྱུས་པའི་ཉམས་ཐག་སུ་ཞིག་གི་གཅེས་པའི་སྲོག་དང་ཐོབ་པའི་ལས་དབང་ཞིག་འཇིག་རུང་བར་དོའི་གཡང་གཟར་ནས་སྐྱོབས་པའི་བྱམས་བརྩེ་ཡི་མཐེ་བོང་བསྒྲེང་བའི་སྐྱེས་ཆེན་ཞིག་ཀྱང་རེད།
དྲུག ཚུལ་ཁྲིམས་བློ་གྲོས་མཆོག་གིས་མིག་ཤེལ་གྱོན་ཡོད་མོད། ཁོང་གི་མིག་ཤེལ་ནི་ཁྲི་འཕང་དང་གོ་ཐོབ་གང་ཞིག་ལ་དམིགས་ནས་ཚུལ་འཆོས་དང་གཟབ་རྒྱས་ཀྱི་སླད་དུ་མ་རེད། འོན་ཀྱང་ཁོང་གི་མིག་ཤེལ་ནི་འགྲོ་དམངས་ཀྱི་བདེ་སྡུག་དང་འཁོར་འདས་ཀྱི་རྣམ་བཞག་སོགས་ཤེས་བྱའི་རྣམ་གྲངས་གང་མང་ཞིག་ལ་གཟིགས་དགོས་པས་མིག་ཤེས་ཀྱི་ནུས་ཤུགས་ལ་སྲུང་སྐྱོབས་ཀྱི་ཆེད་དུ་རེད། ཁོང་གིས་མིག་ཤེལ་གྱོན་པའི་དྲིན་གྱིས་འཛམ་གླིང་ཤར་ནུབ་ཀྱི་མི་རིགས་གང་མང་ཞིག་གིས་བླང་དོར་ལ་འཇུག་ལྡོག་བྱེད་ཤེས་པའི་གོ་སྐབས་རེག་ཡོད། ཁོང་གི་ཤེས་འཇོན་ནུས་གསུམ་ལ་རྟེན་ནས་ཇོ་སེར་ཁྲི་ཕྲག་ཙམ་གྱི་སློབ་སྦྱོང་ལ་སྒྲིག་འཛུག་གནང་བཞིན་ཕྱི་ནང་གསང་གསུམ་གྱི་མཐུན་རྐྱེན་བསྐྲུན་བཞིན་ཡོད་ལ། ཆོལ་ཁ་གསུམ་གྱི་བདེ་སྡུག་ཡོད་ཚད་ཐུགས་དབྱིངས་ནས་བོར་མྱོང་མེད། ཡིན་ཡང་། སྐྱེས་བུ་ཁོང་གི་རླབས་ཆེན་གྱི་མཛད་འཕྲིན་མཐོང་བའི་མིག་ཤེས་ཞར་ཞིང་། ཕྲག་དོགས་དང་འགྲན་སེམས་སོགས་དུག་ལྔ་དུག་གསུམ་གྱིས་དྲན་ཤེས་སྦྲིད་པའི་ནང་མི་ཁ་ཤས་དགྲ་རུ་ལངས་ཞིང་སྐྱོན་འཛུགས་དང་ངན་སྨྲས་བྱེད་ཀྱིན་ཡོད་མོད། ཁོང་གིས་ནི་ཡ་ལན་དང་སྨ་འབེབ་ཅི་ཡང་བྱེད་ཀྱིན་མེད་པས་འདིས་ཀྱང་དམ་པའི་ཡོན་ཏན་གྱི་ཆེ་བ་ཞིག་མཚོན་ནུས། མདོར་ན་འཛམ་གླིང་གནའ་དེང་གི་ལོ་རྒྱུས་ཁྲོད་དུ་དམ་པའི་སྐྱེས་བུ་ཞིག་གི་སྐུ་ཚེ་ལ་བར་ཆད་ནི་རླུང་ཁྲོད་ཀྱི་མར་མེ་ལྟ་བུར་གྱུར་ཡོད་ལ། ལྷག་པར་བོད་ལ་མཚོན་ན། འབྲོམ་སྟོན་པས། པུར་རྒྱལ་བོད་ཀྱི་ཡུལ་ནི་ཁྲེལ་གཞུང་ངན། ། ཡིད་འབྱུང་ཁོང་ཁྲོའི་ཚོགས་ལ་གཟབ་པར་འཚལ།། ཞེས་གསུངས་པ་ལྟར། སྐྱེས་ཆེན་ཁོང་གི་བཀའ་དྲིན་དང་མཛད་པ་ལ་སྡང་མིག་བགྲད་པའི་མཆེ་བ་དང་སྦར་མོ་ཅན་སུ་ཞིག་གང་ན་ཡོད་པ་ཆ་མི་འཚལ་བས། འུ་ཚོས་ཁོང་གི་བཀའ་དྲིན་དང་ཐུགས་བསྐྱེད་རྗེས་སུ་དྲན་བཞིན་སྐུ་ཚེ་ཡུན་བརྟན་ཡོང་བའི་མཐུན་རྐྱེན་ཅི་ཡང་གནང་རྒྱུ་གལ་ཆེ་བར་སྣང་ངོ་།
རྩོམ་འདི་གནད་ལ་འཁེལ་བ་ཞིག་རེད། ལྷག་པར་དུ་ཕྱི་བླ་ཚོར་ཧ་ཅང་ཕན་ཐོགས་ཡོད་ངེས་ཡིན། དེང་སྐབས་དབྱིན་སྐད་བཤད་ནས་ཆོས་སྤེལ་མཁན་ཚོར་སྐྱབས་མགོན་དང་། རྒྱ་སྐད་བཤད་ནས་ཆོས་སྤེལ་མཁན་ཚོར་རྒྱ་བླ་ཟེར་གྱི་ཡོད། དེ་ནི་ཕྲག་དོགས་ཀྱི་སྐད་ཆ་རེད། རྒྱུ་མཚན་ནི་རྒྱ་བླར་སློབ་མ་དུང་ཕྱུར་ཡོད། ཕྱི་བླ་ཚོར་ཆེས་མང་ན་ས་ཡ་རེ་གཉིས་ལས་མེད་པས་ཡིན་ནོ།
ད་དྲི་བ་གཞན་ཞིག་ཡོང་གིན་ཡོད་པ་ནི། ཅིའི་ཕྱིར་ནང་ཆོས་ཀྱིས་བླ་མ་ཚོའི་སེམས་རྒྱུད་དུ་ཡོད་པའི་བརྣབ་སེམས་གནོད་སེམས་འདུལ་ཐུབ་ཀྱི་མེད་པ་རེད། བླ་མ་ཚོའི་སེམས་ཁམས་ལ་ཕན་ཐོགས་ཀྱི་མེད་དུས་མི་རྣམས་ཀྱི་སེམས་ཁམས་ལ་ཕན་ཐོགས་སྲིད་དམ།
་་་་་་་་་་་ ཤ་ཟོས་ན་ལྕེ་ཡི་བྲོ་བ་མྱོང་བ་དང་ལྟོ་བ་འབྲང་བ་ཙམ་ཤེས་ཀྱང་། ཤ་ཟོས་ན་ཚེ་འདི་ལ་ལུས་ཁམས་ལ་འཕྲོད་པོ་མེད་པ་དང་ན་ནད་མང་བ་སོགས་ཀྱི་འགྲོ་སྟངས་མེད་པའི་སྤྱི་ཚོགས་ཀྱི་རྨོངས་རྒན་དག་ལ་ཐབས་ཤེས་ཅི་ཡང་བརྒྱུད་དེ་ཚན་རིག་དང་ནང་ཆོས་གཉིས་འགྲོས་ཀྱིས་ཤེས་སུ་འཇུག་ཀྱིན་ཡོད། ་་་་་་་་་
ཁ་ཞེ་གཉིས་མེད་ཀྱིས་བོད་ཀྱི་ཆོས་རིག་སྲུང་སྐྱོབ་མཛད་མཁན་ཚོར་རྒྱབ་སྐྱོར་དང་། སྲུང་སྐྱོབ་བྱ་རྒྱུ་དེ་གལ་ཆེན་པོ་ཞིག་རེད།
ཤེས་བྱ་ཐམས་ཅད་མ་ལུས་པ་ལུས་པ་མེད་པར་ཚང་མ་ཀུནྃ་མཁྱེནྃ་པའི་སྐྱབས་གནས་ཡང་དག་པ་རྫོགས་པའི་སངས་རྒྱས་ལྟ་བའི་བླྃ་མྃ། མདོ་རྒྱུད་མན་ངག་ནས་བཤད་པའི་དཔལ་མདོ་སྡེ་འདུལ་བའི་ཚུལྃ་ཁྲིམསྃ་ཤིན་ཏུ་གཙང་མའི་དཔག་བསམ་གྱི་ལྗོན་ཤིང་བཟང་པོ་ལྟ་བའི་རྩེ་མོ་རུ་སྔགས་རྒྱུད་གདམས་ངག་རྒྱ་མཚོའི་སྤྲིན་ཆེན་པོ་ལྟ་བུའི་རིག་འཛིན་རྣམ་པ་བཞིའི་བློྃ་གྲོསྃ་ཀྱི་མེ་ཏོག་རབ་ཏུ་འཁྲུངས་ཤིང་ཡང་ཟབ་རྫོགས་པ་ཆེན་པོའི་སྣང་བཞིའི་འོདྃ་གསལྃ་བཅུད་དུ་འཆར་ཞིང་སངསྃ་རྒྱསྃ་བསྟན་པ་འཛིན་སྐྱོང་སྤེལ་བའི་དེད་དཔོན་དམ་པ་རྒྱལ་བ་ཐུབ་པའི་དབང་པོ་དང་གཉིས་སུ་མེད་ཁྱེད་ལ་སྙིང་ནས་དུང་། ཆོས་བརྒྱད་ལ་ཆགས་སྡང་མེད།།རང་དོན་ལ་འཁྲི་བ་མེད།།བྱང་སེམས་ལ་ཉམས་པ་མེད། མདོར་ན་ཡུལ་གངས་ཅན་ཡོངས་ཀྱི་དཔྲལ་བའི་མིག་དང་ཁོག་པའི་སྙིང་ལྟ་བུའི་མཚན་ཉིད་ཡོངས་སུ་ལྡན་པའི་བླ་མ་མཚན་ཉིད་དང་ལྡན་པ་ཞིག་རེད་ཀོ།།། སྐུ་ཚེ་བརྟན་པའི་སྨོན་ལམ་བཅས་སོ།།
རང་ལྟ་ལ་ཆགས་པ་དང་གཞན་ལྟ་ལ་ལྡང་བའི་རྩོམ་ཞིག་བྲིས་འདུག
་་རེད་་རེད་
་བོད་ཡུལ་་རྒྱ་ཡུལ་དུ་བསྒྱུར་མཁན་གཙོ་བོའི་གྲས་་རེད་པ།
ལས་རླུང་རྟ་དར་བའི་ཚུལ་ཁྲིམས་བློ་གྲོས་ལ་ནང་ཆོས་ཀྱི་ཤེས་ཚད་གང་འཚམས་ཡོད་པ་དང་དམིགས་གསལ་རྒྱའི་སྐད་ཡིག་བྱང་ཆུབ་པའི་ཆ་རྐྱེན་དང་རྒྱ་རིགས་ནང་པ་རྣམས་བོད་ཀྱི་ནང་ཆོས་ལ་ཨག་གསལ་བྱེད་པའི་སྟབས་འཁེལ་བས་རྒྱ་བླ་སྐྱོན་མེད་གཅིག་པོ་དེ་ཆགས་ཏེ་ས་གྲགས་གནམ་གྲགས་བྱེད་མཁན་རྒྱ་བོད་གཉིས་ཀྱི་ནང་དུ་མང་ཙམ་ཡོད་པ་ངོས་ལན་ལོས་ཡོད། འོན་ཀྱང་ཆོས་ལུགས་ཆགས་སྡང་མེད་ཟེར་བ་ཕྱོགས་གང་ནས་བལྟས་ཀྱང་བཤད་དཀའ་མོ་རེད། གཏམ་དྲང་མོ་བཤད་ན་མྱི་དགའ། དབྱུག་པ་ཕྲད་དུ་བཞུས་ན་ཁྱི་མི་དགའ་ཟེར་ལེ་རེད། མང་པོ་བཤད་མི་ཡོང་།
ལས་རླུང་རྟ་དར་བའི་ཚུལ་ཁྲིམས་བློ་གྲོས་ལ་ནང་ཆོས་ཀྱི་ཤེས་ཚད་གང་འཚམས་ཡོད་པ་དང་དམིགས་གསལ་རྒྱའི་སྐད་ཡིག་བྱང་ཆུབ་པའི་ཆ་རྐྱེན་དང་རྒྱ་རིགས་ནང་པ་རྣམས་བོད་ཀྱི་ནང་ཆོས་ལ་ཨག་གསལ་བྱེད་པའི་སྟབས་འཁེལ་བས་རྒྱ་བླ་སྐྱོན་མེད་གཅིག་པོ་དེ་ཆགས་ཏེ་ས་གྲགས་གནམ་གྲགས་བྱེད་མཁན་རྒྱ་བོད་གཉིས་ཀྱི་ནང་དུ་མང་ཙམ་ཡོད་པ་ངོས་ལན་ལོས་ཡོད། འོན་ཀྱང་ཆོས་ལུགས་ཆགས་སྡང་མེད་ཟེར་བ་ཕྱོགས་གང་ནས་བལྟས་ཀྱང་བཤད་དཀའ་མོ་རེད། གཏམ་དྲང་མོ་བཤད་ན་མྱི་མི་དགའ། དབྱུག་པ་ཕྲད་དུ་བཞུས་ན་ཁྱི་མི་དགའ་ཟེར་ལེ་རེད། མང་པོ་བཤད་མི་ཡོང་།
མཆན་ཞོགས།