རྔ་བ་རྒྱལ་ཁམས་པ།
བདེན་རྒྱབ་རྫུན་གྱིས་བཀབ་པའི་རྒྱ་ནག་དང་།།
ཧམ་སེམས་གནམ་འོག་ཁྱབ་པའི་ཨ་རི་གཉིས།།
རང་རང་ཁེ་ཕན་རྩོད་པའི་གཡུལ་ངོ་ན།།
བོད་ནི་རང་ཁེ་སྲུང་བའི་ལྕགས་རི་ཞིག།
དམར་བོའི་རུ་ལ་འཇིགས་པའི་རྒྱ་གར་དང་།།
སྤྲང་བོ་རྐང་ལག་འདར་བའི་བལ་ཡུལ་གཉིས།།
བཙན་པོའི་གནམ་ལྕགས་འབེབས་པའི་རྫོང་ཀོག་ནང་།།
བོད་ནི་རང་རྒྱབ་སྲུང་བའི་ཁེབ་མ་ཞིག།
བཙན་བྱོལ་སེང་གེ་ངར་མའི་ཁ་སྟབས་དང་།།
གཞིས་བཞུགས་བོད་སེམས་གཙང་མའི་ཡིད་ཆེས་གཉིས།།
རྒྱང་ཐག་གནམ་སས་ཕྱེས་པའི་བྲག་ཕུག་ན།།
བོད་ནི་དཔའ་བོ་སྲེག་པའི་ཐབ་ཚང་ཞིག།
རེ་བ་ལྷ་ལ་བཅོལ་བའི་བོད་པ་དང་།།
ལག་ལེན་གནད་ལ་གོམས་པའི་རྒྱ་རིགས་གཉིས།།
ཐོབ་ཤོར་འཐེན་ཁྱེར་རྩོད་པའི་ལས་དོན་ནང་།།
བོད་ནི་གླང་སྨྱོན་ཤོར་བའི་པད་ཚལ་ཞིག།
གྲོང་ཆོག་རྒྱལ་ཁམས་མཉུལ་བའི་བླ་གྲྭ་དང་།།
ཆོས་བརྒྱད་འཇིག་རྟེན་གཉེར་བའི་སྦྱིན་བདག་གཉིས།།
གཅིག་རྒྱབ་གཅིག་ལ་བརྟེན་པའི་ངང་ཚུལ་གྱིས།།
བོད་ནི་ཆོས་ནོར་ཚོང་ཟོག་དར་ས་ཞིག།
མ་མྱོང་རྒྱང་གྲགས་ཅན་གྱི་རྒྱ་གར་དང་།།
མྱོང་རྗེས་མི་ཚེ་སྟོང་ཟད་ཨ་རི་གཉིས།།
དོན་གཉེར་འདུན་པ་ཚ་བོའི་གདོང་མར་བ།།
བོད་ནི་རླུང་དམར་ནང་གི་བྱེ་རི་ཞིག།
མཐུ་གཏད་སྔགས་ནུས་ཆེ་བའི་བོད་པ་དང་།།
ཆོས་ལུགས་དུག་ཏུ་བརྩི་བའི་རྒྱ་དམར་བ།།
བྱ་སྒོང་རྡོ་ལ་བརྡབ་པའི་གནས་ལུགས་འདིས།།
བོད་ནི་ལྷ་ཀླུའི་སྒྲུང་གི་རྨི་ལམ་ཞིག།
ཕྱི་ན་མི་ཡུལ་འགྲིམ་པའི་དཀའ་སྡུག་དང་།།
ནང་ན་ཐུབ་ཚོད་བཙན་པོའི་བརྙས་བཅོས་གཉིས།།
གང་དུ་བསྡད་ཀྱང་དཀའ་སྡུག་མྱོང་དགོས་པ།།
བོད་ནི་ལས་ངན་རྣམ་སྨིན་ཟད་ས་ཞིག།
བཟོ་བཀོད་གཟི་བརྗིད་ཅན་གྱི་ལྷ་ཁང་དང་།།
ངོ་མཚར་གསང་གཏམ་མང་བོའི་སྦས་ཡུལ་གཉིས།།
ཡུལ་གོམས་གཤིས་སྤྱོད་ལད་མོ་མང་བའི་རིགས།།
བོད་ནི་ཡུལ་སྐོར་འདྲེན་པའི་ཚོང་རྒྱུ་ཞིག།
ཨ་མའི་གཅེས་སྐྱོང་བྱམས་བརྩེ་གྱོང་བོ་དང་།།
ཨ་ཕའི་སྙིང་རྩ་མཁྲེགས་པོའི་སྒམ་ཚུགས་གཉིས།།
འཁྱིལ་བའི་མི་ཚང་ཕྱོགས་ཟད་ཟླ་བ་འདྲ།།
བོད་ནི་ཕྱྭ་གཡང་ཉམ་པའི་ཁྱིམ་ཚང་ཞིག།
ཤེས་རབ་ཅན་ལ་འཁོས་དཔགས་དབང་ཚད་མེད།།
ལྷག་བསམ་ཅན་ལ་སྲི་ཞུའི་ཁོར་ཡུག་མེད།།
གཉིས་ལྡན་གཉའ་གོང་སྒེར་གཅོད་སྤར་མོས་བཙིར།།
བོད་ནི་བཙན་དབང་སྟག་གི་སྡེར་འོག་ཅིག།
རྒྱ་རོའི་སྐད་ཡིག་མ་འོངས་མདུན་མར་འཛིན།།
མེས་པོའི་ཤེས་རིག་ཡར་རྒྱས་བཀག་རྡོར་འཁྲུལ།།
ཚུགས་ཐུབ་ཀླད་པ་གཉིས་ཀར་མ་སྨིན་པ།།
བོད་ནི་རྣམ་ཤེས་འཁྱམ་པོའི་བར་སྲིད་ཅིག།
རྒན་པ་ཕལ་ཆེར་འདས་དོན་རྩུབ་མོར་སུན།།
དར་མ་ཕལ་ཆེར་ཀླད་མེད་སྤོབས་པས་བཟུང་།།
ན་ཆུང་ཕལ་ཆེར་ལ་ལུང་ལད་ཟློས་མཁན།།
བོད་ནི་ཕྱོགས་སྟོན་བོར་བའི་སྡོམ་པོ་ཞིག།
དགྲ་མགོ་ཟིལ་གྱིས་གནོན་པའི་དཔོན་པོ་མེད།།
ཕུགས་ཐུབ་ནོར་གྱིས་གཏམས་པའི་ཚོང་བ་མེད།།
རྒྱལ་ཁམས་སྣང་བ་སྒྱུར་བའི་མཁས་ཆེན་མེད།།
བོད་ནི་བར་སྣང་སྟོང་བའི་འབྲུག་སྒྲ་ཞིག།
མཐོན་པོའི་རི་ལ་ལྷ་གཉན་བཙན་རྫོང་ཆགས།།
དམའ་མོའི་མཚོ་ལ་ཀླུ་རིགས་དགའ་སྟོན་ཅན།།
ལྷ་ཀླུའི་སྣང་བར་རོལ་བའི་གངས་ཅན་པ།།
བོད་ནི་རང་སྣང་དག་པའི་སྦས་ཡུལ་ཞིག།
ཟླ༦ཚེས༡༨ཉིན།
རྩོམ་གཅིག་ཐེངས་གཉིས་བསྐྱར་ཏེ་བཀོད་ལུགས་འདི།།
རྔ་བའི་མཁས་པ་ཆང་གིས་བཟི་བའམ།།
རྒྱལ་ཁམས་པ་འདི་གདོན་གྱིས་སྨྱོས་པ་འདྲ།།
འདི་ཡང་གངས་ཅན་བོད་མིའི་ཆག་སྒོ་ཞིག །
བཅོས་ཡོད།
རྔ་བས་འདིར་གཟིགས
http://www.tibettimes.net/news.php?showfooter=1&id=10178
གཞིས་སུ་བསྡད་ན་རྒྱ་མིའི་འོག་ཏུ་འཇུག
ཨ་རིར་འབྱོར་ཀྱང་རྒྱ་ཡི་གཡོག་ཏུ་ཚུད།
ལས་ངན་སྨིན་པའི་གངས་ཅན་བོད་པ་འདི།
ཅིའི་ཀྱང་སྐྱོབས་ཤིག་འཕགས་པ་སྤྱན་རས་གཟིགས།