གངས་སྨྱུག (བོད།)
མགོ་ནག་མི་ཡི་སེམས་ཀྱི་སྒྲོན་མེ་གངས་ཅན་པ་ཡི་རྒྱན་གཅིག་བུ།།
འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་མོ་ལུས་ཅན་ཀུན་གྱི་ལམ་སྟོན་མཆོག །
ཉི་མའི་གཉེན་གྱི་སྲས་སུ་གྱུར་པ་ཤཱཀྱའི་དགེ་སློང་དམ་པ་གང་།།
མཆོག་དམན་བར་མའི་སྐྱེས་བུ་ཀུན་གྱི་དཔྲལ་བའི་མིག་དང་ཁོག་པའི་སྙིང་།།
མཁྱེན་དཔྱོད་ཉི་མའི་འོད་ཐིགས་རེ་རེས་ལོག་རྟོག་མུན་པའི་སྙིང་རྩ་འགེམས།།
བརྩེ་ཆེན་ཟླ་བ་སྟོང་གི་དགྱེས་འཛུམ་རིས་མེད་འགྲོ་བ་ཀུན་ལ་བསྙམས།།
ངེས་དོན་ཞི་བདེའི་དེད་དཔོན་ཆེན་མོ་གོ་ལ་ཟླུམ་པོ་མཛེས་པའི་རྒྱན།།
དམ་པ་ཁྱེད་ཀྱི་སྐུ་ཚེ་བསྐལ་བ་རྒྱ་མཚོའི་བར་དུ་གནས་གྱུར་ཅིག །
གང་གི་སྐྱེས་རབས་གསེར་རིའི་ཕྲེང་བ་ངོ་མཚར་འབུམ་དགུའི་གཏེར་དུ་གྲུབ།།
མཁས་ཤིང་གྲུབ་པའི་རིག་འཛིན་སྟོང་གིས་ཁྱེད་ཀྱི་ཞབས་རྡུལ་སྤྱི་བོས་མཆོད།།
མཁྱེན་བརྩེ་ནུས་པའི་བ་དན་དཀར་པོས་གླིང་ལྔ་མཚོ་བཞི་གཅིག་ཏུ་བསྒྲིལ།།
རྒྱ་མཚོའི་མཚན་ཅན་ལྷ་དང་མི་སྟེ་འཇིག་རྟེན་ཀུན་གྱི་མགོན་དུ་ངེས།།
ཉིད་ཀྱི་མཛད་འཕྲིན་འོད་སྣང་དཀར་པོས་འཛམ་གླིང་ཁོར་ཡུག་ཀུན་ཏུ་ཁྱབ།།
བདེན་པའི་གསུང་གི་གནས་ལུགས་རེ་རེས་དཔྱོད་ལྡན་གཞོན་ནུའི་ཡིད་དབང་འཕྲོག །
ཞི་བསིལ་བརྩེ་བའི་སློབ་སྟོན་མངར་མོས་སྐྱེ་དགུའི་ཡིད་ལ་དྲོད་ཁོལ་སྦྱིན།།
དམ་པ་ཁྱེད་ནི་མི་ཡི་དེད་དཔོན་ཉི་མའི་གཉེན་དང་གཉིས་སུ་མེད།།
མ་ཡུམ་གངས་དཀར་བོད་ནས་འཁྲུངས་པའི་གངས་སེང་དཀར་མོ་ཟེར་སྒྲོས་ཙམ།།
ཤར་ཕྱོགས་ཉི་མའི་རྒྱལ་ཁབ་ནས་ཐོན་གཡུ་གབྲུག་སྔོན་མོ་སྟོང་གཏམ་ཙམ།།
མདོ་སྨད་ས་ཡི་ཐིག་ལེར་འཁྲུངས་པའི་མི་བུ་རྒྱལ་སྲས་གཞོན་ནུ་ཁྱེད།།
དངོས་བྱུང་མི་ཡི་ལོ་རྒྱུས་ཁྲོད་ན་བསྙོན་མེད་རི་མོའི་རེ་ཁ་གསལ།།
གང་གི་མཛད་བཟང་རེ་རེར་བརྗོད་ལ་ལྷ་ཡི་དབང་བོ་ངལ་གྱུར་ན།།
འདི་ན་ཁོ་བའི་ཕལ་བའི་ངག་གིས་ཇི་བཞིན་སྨྲ་བར་རྔོ་མི་ཐོགས།།
འོན་ཀྱང་ཁྱེད་ལ་དད་དང་དུངས་པའི་སེམས་པ་དཀར་པོ་ལྷད་མེད་གསེར།།
མཚོན་བྱེད་ཙམ་འདིའི་དགེ་བ་ཅི་མཆིས་བླ་མའི་ཞབས་བརྟན་ཙམ་དུ་བསྔོ།།
བོད་ཤིང་ལུག་ལོའི་ཟླ་ ༥ ཚེས་ ༣ ལ།
མགོ་ནག་མི་ཡི་སེམས་ཀྱི་སྒྲོན་མེ་གངས་ཅན་པ་ཡི་རྒྱན་གཅིག་བུ།།
སྒྲོན་མ་སྔོན་བྱོན་མཁས་པ་བཀོལ་པ་ཕྱིས་སུ་ཨ་ཡིག་ཨེ་རུ་ཆགས།
འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་མོ་ལུས་ཅན་ཀུན་གྱི་ལམ་སྟོན་མཆོག
ཛམ་ཞེས་པ་རྒྱ་གར་གྱི་སྒྲ་ཕྱིས་སུ་འ་ཡི་སྔོན་འཇུག་བྲིས་པར་མཐོང་།
་
བརྩེ་ཆེན་ཟླ་བ་སྟོང་གི་དགྱེས་འཛུམ་རིས་མེད་འགྲོ་བ་ཀུན་ལ་བསྙམས།།
སྙོམས་ཞེས་བཀླགས་མྱོང་བསྙམས་ཀྱི་དོན་མ་ཤེས་པ་ལ་གསལ་བཤད་མཛོད།
གང་གི་སྐྱེས་རབས་གསེར་རིའི་ཕྲེང་བ་ངོ་མཚར་འབུམ་དགུའི་གཏེར་དུ་གྲུབ།
འཕྲེང་བ་ཞེས་པར་སྔོན་འཇུག་ཡོད་མེད་གཉིས་ཀ་མཐོང་བས་ཡོད་གཙོ་ཆེ།
མཁྱེན་བརྩེ་ནུས་པའི་བ་དན་དཀར་པོས་གླིང་ལྔ་མཚོ་བཞི་གཅིག་ཏུ་བསྒྲིལ།
གླིང་ལྔ་དང་མཚོ་བཞི་གང་གང་ཡིན་པ་འགྲེལ་བཤད་མཛད་ན་ཀུན་ལ་ཕན།
ཉིད་ཀྱི་མཛད་འཕྲིན་འོད་སྣང་དཀར་པོས་འཛམ་གླིང་ཁོར་ཡུག་ཀུན་ཏུ་ཁྱབ།།
བདེན་པའི་གསུང་གི་གནས་ལུགས་རེ་རེས་དཔྱོད་ལྡན་གཞོན་ནུའི་ཡིད་དབང་འཕྲོག །
ཞི་བསིལ་བརྩེ་བའི་སློབ་སྟོན་མངར་མོས་སྐྱེ་དགུའི་ཡིད་ལ་དྲོད་ཁོལ་སྦྱིན།།
དམ་པ་ཁྱེད་ནི་མི་ཡི་དེད་དཔོན་ཉི་མའི་གཉེན་དང་གཉིས་སུ་མེད།།
་
དངོས་བྱུང་མི་ཡི་ལོ་རྒྱུས་ཁྲོད་ན་བསྙོན་མེད་རི་མོའི་རེ་ཁ་གསལ།
རེ་ཁ་ཞེས་པ་ལེགས་སྦྱར་སྒྲ་འམ་བོད་ཡིན་བཀྲལ་ན་མཛེས།
གང་གི་མཛད་བཟང་རེ་རེར་བརྗོད་ལ་ལྷ་ཡི་དབང་བོ་ངལ་གྱུར་ན།།
འདི་ན་ཁོ་བའི་ཕལ་བའི་ངག་གིས་ཇི་བཞིན་སྨྲ་བར་རྔོ་མི་ཐོགས།།
སྔོན་མཁས་བྲིས་དཔེ་ཆ་དག་ན་དབང་པོ་དང་ཕལ་པ་ཞེས་པ་མཛེས་ཀྱི།
ཕལ་སྐད་ལུང་སྐད་སྤངས་ཏེ་བོད་ཀྱི་ཆོས་སྐད་སྲུང་བར་མཛོད།
བོད་ཤིང་ལུག་ལོའི་ཟླ་ ༥ ཚེས་ ༣ ལ།
ཤིན་ཏུ་ལེགས་བཀའ་དྲིན་ཆེ།
རྩམ་གཟན་བོད་མི་ཡོང་གི་མགོན་སྐྱབས། འདི་ཕྱི་གཉིས་ཀྱི་སྐྱབས་གནས་དམ་པ། འཛམ་གླིང་སྐྱེད་འགྲོ་ཡོང་གི་ལམ་སྟོན་པ། ཁྱེད་མེད་ན་ཞི་བདེ་འཚོ་བ་ཇི་ལྟར་གནས། ཁྱེད་མེད་ན་འགྲོ་བའི་སྡུག་བསྔལ་སུ་ཡི་གསལ། ཁྱེད་ཀྱི་གྱ་སྟོན་ལ་ཕུལ།
ཡོངས་ཀྱི་མགོན་སྐྱབས་་་་་་
བོད་རིགས་ཡོངས་ཀྱི་མགོན་སྐྱབས་ཁྱོད། །
མི་རིགས་ཡོངས་ཀྱི་དེད་དཔོན་རེད། །
འགྲོ་བ་ཡོངས་ཀྱི་མཛའ་བཤེས་ཁྱོད། །
ཡོངས་ཀྱི་ཡོངས་ལ་གུས་ཕྱག་འཚལ། །
ཆོས་ཀྱི་ཚོགས་འདུར་་་་
https://www.youtube.com/watch?t=2772&v=LZK8rFo3oBY