རྫ་ཚེ་རིང་བཀྲ་ཤིས།
ཕལ་ཆེར་ཁྱེད་ནི་ཁ་དོག་མེད་པ་ཞིག །
ཡང་ན་ཁ་དོག་ཚང་མ་བཅོས་མ་ཉིད།།
མེ་ཏོག་བཏུས་དང་མེ་ཏོག་འཛེར་བ་ཡི།།
བྱ་བ་མཐའ་དག་ཡུལ་ལ་མེད་པ་ལགས།།
བྲག་ཆར་འཁོར་བའི་སྒྲ་དང་སྒྲ་ལན་བཞིན།།
ཡོད་ཚད་རྩ་བ་མེད་པའི་རྩེ་མོ་སྟེ།།
རྟོག་འགྱུའི་སྒྲིབ་པ་རྣམ་པར་སེལ་བ་དེར།།
ཐར་པའི་ལམ་མཁན་ཞེས་སུ་བསྙད་པ་ལགས།།
ཕལ་ཆེར་སྲན་མ་འདྲ་བའི་ཟླུམ་པོ་སྟེ།།
རིས་དང་ཕྱོགས་ལ་ཕྱོགས་པའི་ཆ་མེད་ཀྱང་།།
འོན་ཀྱང་ཚངས་པའི་གདོང་དང་གདོང་དག་བཞིན།།
ངོས་ཀུན་ཡོངས་སུ་གསལ་བར་གཟིགས་པ་ལགས།།
དུས་ཀྱིས་ཁྱེད་ཀྱི་མཆུ་སྒྲོས་དམར་པོར་བྱས།།
ཁྱེད་ཀྱིས་དུས་ཀྱི་འགྲམ་པ་དམར་པོར་བྱས།།
མཚན་མོའི་གློག་འོད་འོག་གི་འཁྲུགས་ཆ་བཞིན།།
ཁྱེད་ནི་ཧ་ཅང་འཁྲུགས་ཆ་དོད་པ་ལགས།།
ལྡ་ལིའི་ཁམ་འཕྲོ་ཞལ་དུ་མིད་བཞིན་དུ།།
ཁྱེད་ཀྱིས་རྡོ་སྐུ་དག་ལ་གང་སྨྲས་པ།།
ཕལ་ཆེར་ཆད་མདོ་ཡིན་ནམ་བསྟན་མ་ཡིན།།
ཡང་ན་སེམས་ཀྱི་ཚོར་བ་འཕྱུར་བ་ལགས།།
ན་ལེནྡ་ཡི་སོ་ཕག་དམར་པོ་དག །
ཕྱི་དྲོའི་ཉི་མ་དམར་པས་ཧ་ཅང་དམར།།
དེ་དུས་ཁྱེད་ནི་སེམས་གཅོངས་གཞན་ཞིག་གི །
ཏིང་ངེ་འཛིན་ལ་མཉམ་པར་འཇོག་པ་ལགས།།
ཁྱེད་ནི་རྔ་ཟླུམ་རྡུང་བར་ཧ་ཅང་དགའ།།
ཁྱེད་ནི་གླུ་དབྱངས་ལེན་པར་ཧ་ཅང་སྤྲོ།།
འོན་ཀྱང་ཁྱེད་ནི་འཁུ་འཁྲིགས་ཆུང་བ་སྟེ།།
སྟོན་པའི་འགྲམ་ན་ཅུང་ཟད་བདེན་པ་ལགས།།
ཀུན་དགའ་ལེགས་པ་མོན་བོད་གཉིས་ན་སྨྱོ།།
ཟུར་མང་དྲུང་པ་ཨ་རིའི་ཡུལ་ན་སྨྱོ།།
ཁྱེད་ཀྱི་སྨྱོ་བར་རྒྱལ་མཚམས་མེད་ན་ཡང་།།
སློབ་མ་ང་ལ་ཐེ་ཚོམ་མེད་པ་ལགས།།
སྐྱེས་རབས་ཕྲེང་བ་གཅིག་དང་གཉིས་དང་གསུམ།།
ཚང་མས་ནམ་མཁའི་སྒོང་རྒྱ་བརྟོལ་བ་སྟེ།།
དུས་ཀྱི་འཁྲབ་ར་གཅིག་དང་མ་གཅིག་ལས།།
དོན་ལ་གསུམ་ཀ་མས་ཁལ་ཇག་སོན་ལགས།།
ཚེར་མའི་རལ་གྲི་གཟེངས་པའི་རི་སུལ་ན།།
འཇིགས་ཞུམ་མེད་པའི་མི་ཞིག་མཆིས་སོ་སྐད།།
ཤིན་ཏུ་དཔའ་བ་ཉིད་ཀྱི་གླུ་ལེན་པ།།
ཁྱེད་ནི་ཐུབ་པའི་དཔའ་ཐུལ་གཞན་ཞིག་ལགས།།
སྤྱིར་ན་ཧ་ཅང་སྟབས་བདེ་ཡིན་པའི་ཁྱེད།།
མང་པོའི་སེམས་ན་རྟོགས་པར་དཀའ་བ་སྟེ།།
གང་ལྟར་མང་པོ་ཞུས་ཀྱང་མ་ཞུས་ཀྱང་།།
ཁྱེད་ནི་སྔར་བཞིན་རྫོང་སར་མཁྱེན་བརྩེ་ལགས།།
ཞེས་པ་འདི། རྫོང་སར་བཤད་གྲྭའི་འཛིན་གྲོགས་ལྷན་ཚོགས་ཞེས་པའི་དྲ་ཚོམས་སུ་ཚང་མས་རྩོམ་རེ་ཕྲིས་ཟེར་བ་ལྟར་གང་དྲན་དུ། ༸སྐྱབས་རྗེ་མཁྱེན་བརྩེ་རིན་པོ་ཆེ་མཆོག་དགུང་གྲངས་ལྔ་བཅུ་ང་ལྔར་ཕེབས་པའི་འཁྲུངས་སྐར་ཉིན་ཏེ། སྤྱི་ལོ་༢༠༡༥ཟླ་༦ ཚེས་༡༦ ལ། རྫ་ཚེ་རིང་བཀྲིས་ཀྱིས་ཐའེ་ཝན་ཡེ་ཤེས་འཁོར་ལོ་རུ་མཚན་མོ་འཕྱི་བོར་སྦྱར། །
་་་་དགའ་དད་ཞུ། །
དྲི་ལན་མཛད་ལ་ཐོགས་པ་མེད། །
ཨི་སྐད་གསུང་ལ་ཐོགས་པ་མེད། །
མཛད་བཟང་མཛད་ལ་ཐོགས་པ་མེད། །
མཛད་མཚར་མཛད་ལ་ཐོགས་པ་མེད། །
ཐོགས་པ་མེད་ལ་དགའ་དད་ཞུ། །
དེ་དེ་བཞིན་དུ་ཞུ། ཁྱེད་དང་ཁྱེད་ཉིད་འདྲ་བ་རེ་རེ་ཙམ།
གཉིས་སྟོང་དགུ་ལ་བོད་དཔེ་དེབ་གཟུགས་བཅུ།
གློག་ཀླད་སྤར་དུ་བསྐྲུན་་པའི་དཔེ་ཆ་ན།
ཡི་གེ་མ་དག་པ་ཀུན་དཔེ་གཞན་དག་པ་དང་།
གོ་བསྡུར་བྱས་ཏེ་དག་པར་བཟོས་དང་འབྲེལ།
འདི་ལྟར་བྱས་པར་རིགས་མིན་ཡོད་པ་དང་།
ནོར་འཁྲུལ་རིགས་ལ་སླར་ཡང་དག་པར་མཛོད།
ཞུས་ཏེ་༧གོང་ས་མཆོག་དང་རྫོང་གསར་སྤྲུལ།
སོགས་ཕུལ་ལན་་དུ་༧་གོང་ས་མཆོག་ཉིད་དང་།
རྫོང་གསར་རིན་པོ་ཆེ་དང་སེར་སྨད་ཀྱི།
རྒྱ་རོང་མཁན་ཟུར་ཆེན་པོས་་ལེགས་སོ་སྩལ།
དེ་མིན་རྩོད་པའི་དབྱིངས་ཞུགས་སྒོམ་སྡེ་ཡིས
དམའ་འབེབས་དང་བཅས་ལྟག་ཆོད་ལྟར་སྣང་བྱས།
་
ཆོས་ཁོར་གནས་སུ་རྫོང་གསར་རིན་པོ་ཆེ།
དངོས་སུ་ཞལ་མཇལ་སྐབས་སུ་ཞུས་དག་དེ།
ཇི་ལྟར་བྱས་པ་ཡིན་ཞེས་དྲི་བ་མཛད།
དེ་ལྟར་པཎ་ཆེན་འོས་སྤྲུལ་གྱིས་ཀྱང་དྲིས།
་
ལོ་མང་སྔོན་དུ་རྫོང་གསར་རིན་པོ་ཆེས།
བསྟན་བཅོས་དབུ་མ་འཇུག་དང་དེའི་འགྲེལ་པ།
ཨིན་སྐད་དུ་བསྒྱུར་སྤར་བསྐྲུན་གླེགས་བམ་དེ།
གློག་ཀླད་བཅུག་པ་སྐབས་རེར་ཀློག་པར་ཕན།།
ལྕེ་སྤྱང་གི་ངུ་ཟུག སེང་གེའི་ངར་སྐད། ནམ་མཁའི་འབྲུག་སྒྲ མི་འཇིགས་གང་ལ་ཡང་མི་འཇིགས་ དཔའ་བོའི་རལ་གྲི སྡར་མའི་གཡོ་འཕྲུལ་ ཇག་པའི་བཙན་ཤད་ མི་འཇིགས་གང་ལ་ཡང་། རྒྱུ་སྟོབས་ཀྱི་ནུས་པ་ མཁས་པའི་མཁྱེན་དཔྱོད་ མཛེས་མའི་གཟུགས་ མི་ཕྲོག་གང་གིས་ཀྱང་། བླ་མའི་མཚན་སྙན སྤྲུལ་སྐུའི་གོ་གནས མཐོན་པོའི་ཞུགས་ཁྲི མི་ཆགས་གང་ལ་ཡང་། རྫོང་གསར་མཁྱེན་བརྩེ་ང་ནམ་ཡང་རྫོང་གསར་མཁྱེན་བརྩེ་སུ་ལ་ཡང་རྫོང་གསར་མཁྱེན་བརྩེ་དེ་ལས་མི་ལྷག་དེ་ལས་མི་དམའ།