རྨེ་བ་འཇམ་དཔལ་ནོར་བུ།
དཔྱིད་ཀྱི་ཆར་བ་ང་ཡི་སེམས་ལ་ལྷུང་།།
སེམས་ཀྱི་ཞིང་སར་དབྱར་གྱི་སྣང་བ་འདྲེན།།
སྣང་བའི་སྣེ་མོ་སྟོང་བའི་དབྱིངས་ལ་བཏེགས།།
སྟོང་བའི་ཁམས་སུ་རྟེན་འབྲེལ་མེ་ཏོག་བཞད།།
སེམས་ཀྱི་མེ་ཏོག་གངས་རིའི་ཞོལ་ལ་འཁྲུངས།།
གངས་རིའི་མཛེས་སྡུག་ལྷ་ཡི་ཚལ་དུ་བཞག།
ག་ལེར་བརྟགས་ན་ཤིན་ཏུ་ངོ་མཚར་གཏམ།།
སྟག་འཚེར་གྲོང་གི་ལྷ་མོ་དོན་གྲུབ་ལགས།།
འདི་འདྲ་སྲིད་པ་ཆགས་ནས་བྱུང་མྱོང་མེད།།
མུན་སེལ་ཉི་མའི་འོད་ཀྱང་འདི་ལས་དམན།།
གངས་རིིའི་མཛེས་སྡུག་ཡིན་པའི་མེ་ཏོག་ཉིད།།
སྟག་འཚེར་གྲོང་གི་བྱིས་པ་དེ་ལགས་སོ།།
པོ་ཏ་ལ་ཡི་སྙན་པ་དགུང་ན་མཐོ།།།
ལྷ་མོ་དོན་གྲུབ་དེ་དུས་ཡུལ་བར་ཡོད།།
ལྷ་མོ་དོན་གྲུབ་ཐུགས་ཀྱི་དཀྱིལ་འཁོར་ན།།
ཕོ་བྲང་ཞིག་གི་འབྱུང་འགྱུར་ལྷང་ངེར་མངོན།།
དབུས་ལ་འགྲོ་བའི་སྐྱ་མི་སྐོར་ཚོ་ད།།
སྐྱེས་བུ་ཁོང་གི་ནང་མི་སྤུན་ཟླ་ཡིན།།
ཐབས་ཇུས་སྣ་ཚོགས་ཁྲོད་ཀྱི་སྣེ་ཁྲིད་ཡིན།།
འོད་ཀྱི་ལམ་ཆེན་བཏོད་པའི་ཐོག་མ་ཡིན།།
སྨད་ནས་ཕེབས་པའི་བྱིས་པ་ཆུང་ཆུང་དེ།།
ས་ཡ་དྲུག་གི་སེམས་ཀྱི་མེ་ཏོག་ཡིན།།
སྐྱེ་འགྲོ་ཡོངས་ཀྱི་བློ་རྟེན་བཀན་མོ་ཡིན།།
ཕོ་བྲང་ཞིག་གི་རེ་བའི་རྨི་ལམ་ཡིན།།
སྲིད་ཀྱི་ཁ་ཞེང་ཀྱག་ཀྱོག་ཆེ་ན་ཡང་།།
སྐུ་ངོ་བཙན་པོ་ཐབས་ཀྱིས་དབུལ་ན་ཡང་།།
ཞི་བའི་ཚུལ་གྱིས་དྲང་མོའི་ལམ་ལ་བཞག།
སྐྱེས་བུ་མཆོག་གི་ཞལ་བཀོད་ཤིན་ཏུ་རྨད།།
གནའ་ནས་ས་འདི་བཟུང་བའི་འུ་ཅག་ལ།།
ཆོས་ལྡན་མི་རིགས་ཟེར་སྲོལ་ཡོད་ན་ཡང་།།
དུས་ཀྱི་སྐྱ་རེངས་གསར་བའི་དབུ་ཁྲིད་དེར།།
མངོན་དང་གསང་ནས་མྱི་ཁ་རྒོད་མྱོང་ཡོད།།
གངས་རིའི་ཁྲོད་ན་གཡུ་ཡི་རལ་བ་ཅན།།
སྙན་དང་གྲགས་པ་ཤིན་ཏུ་མཐོ་ན་ཡང་།།
ཁྱེད་དང་ཆོས་མཚུངས་ཆོས་སྦྱར་ན་ཆུང་སོང་བས།།
རང་བཞིན་དྲང་བོར་སྨྲ་ལས་ཐབས་མི་འདུག།
འོན་ཀྱང་སྡེབ་སྦྱོར་ཚིག་གི་མེ་ཏོག་ལ།།
རྒྱལ་བ་དུས་མཁྱེན་གྱིས་ཀྱང་བསྔགས་ལགས་ན།།
འདི་ཡི་ལམ་ནས་དྲང་བོའི་གཏམ་ཞུས་པ།།
དོན་ལྡན་ལས་ཀྱིས་དབུལ་བར་བདག་མི་འདོད།།
ལྷ་ཡི་ཁྲོད་ན་འཁོར་ལོས་བསྒྱུར་བ་ཞེས།།
སྙན་པ་ཤིན་ཏུ་རྒོད་ལ་བདག་མི་མཚར།།
ཐུགས་བསྐྱེད་དུས་སུ་སྨིན་པའི་དམ་པ་མཆོག།
བྱོན་ནས་ལོ་ངོ་བརྒྱད་ཅུ་དེ་རིང་ཟིན།།
ཐུ་བྷོད་བཙན་པོའི་ཆོས་སྲིད་ཉི་ཟླ་ཟུང་།།
མིང་གི་ལྷག་མར་ཉེ་བའི་དུས་ཤིག་ལ།།
དཔའ་དམ་རི་བཞིན་བརྟན་པའི་སྐྱེས་བུ་མཆོག།
བྱོན་ནས་ལོ་ངོ་བརྒྱད་ཅུ་དེ་རིང་ཟིན།།
གངས་རིའི་ལོ་ཟླ་ཁུར་བའི་བགྲེས་པོ་ཞིག།
དམ་པའི་རྣམ་ཐར་མནམས་པའི་བྱང་སེམས་ཤིག།
དགྲ་ལ་དྲིན་དུ་མཐོང་བའི་འཕགས་པ་ཞིག།
བྱོན་ནས་ལོ་ངོ་བརྒྱད་ཅུ་དེ་རིང་ཟིན།།
ཐུབ་པ་སངས་རྒྱས་བྱོན་ནས་ད་བར་དུ།།
གངས་རིའི་ཁྲོད་འདིར་ཐུབ་པ་ཡིན་སྐད་མང་།།
ཐུབ་པ་ལས་ཀྱང་ལྷག་པའི་སྐྱེས་བུ་ཞིག།
བྱོན་ནས་ལོ་ངོ་བརྒྱད་ཅུ་དེ་རིང་ཟིན།།
ལོ་ཟླ་མུན་ནག་ཡིན་པའི་གནའ་ཞིག་ལ།།
སྐྱབས་དང་མགོན་ཞེས་འབོད་ས་མེད་དུས་དེར།།
ཕྱག་ན་སྒྲོན་མེ་ཐོགས་པའི་དགེ་སློང་ཞིག།
བྱོན་ནས་ལོ་ངོ་བརྒྱད་ཅུ་དེ་རིང་ཟིན།།
བདེ་སྟོང་ལྷ་ཡི་ཏིང་འཛིན་ལམ་ཡངས་པོར།།
ཤེས་རབ་གཤོག་པ་ཐོགས་པའི་སྐྱེས་བུ་ཞིག།
མཆོག་དམན་བར་མའི་གཙུག་གི་ནོར་བུ་ཞིག།
བྱོན་ནས་ལོ་ངོ་བརྒྱད་ཅུ་དེ་རིང་ཟིན།།
མཁས་ཚུལ་ཉ་གང་ཟླ་བའི་དཔེ་ལ་སོང་།།
བརྩེ་བ་གནམ་གྱི་མཐའ་ལས་བརྒལ་སོང་བ།།
མི་རིགས་དབུལ་བོ་ཞིག་གི་སྐྱབས་མགོན་མཆོག།
བྱོན་ནས་ལོ་ངོ་བརྒྱད་ཅུ་དེ་རིང་ཟིན།།
རིགས་དང་རུས་ཀྱི་དབྱེ་ཁྱད་བོར་སོང་བ།།
སུ་དང་མཇལ་ན་བྱམས་བརྩེ་མཆོག་མངའ་ཞིག།
སྟོན་པ་ལས་ཀྱང་འཕགས་པའི་སྟོན་པ་ཞིག།
བྱོན་ནས་ལོ་ངོ་བརྒྱད་ཅུ་དེ་རིང་ཟིན།།
མདོ་ལས་གསུངས་པའི་དམ་པའི་ཁྱད་ཆོས་དག།
ཡར་འཐེན་མར་བཅད་བགྱི་བ་མི་དགོས་ཤིང་།།
བཤད་སྒྲུབ་ལང་ཚོའི་དཔལ་ཡོན་ཆེར་རྫོགས་པ།།
བྱོན་ནས་ལོ་ངོ་བརྒྱད་ཅུ་དེ་རིང་ཟིན།།
བཙན་པོའི་མགོ་ལ་དོན་གྱིས་ཕྱག་དབང་གནང་།།
དམའ་མོའི་ལག་པར་རང་དབང་ཡིག་ཆ་བཞག།
ཚུལ་གནས་རིགས་པའི་སྲང་ལ་མཁས་པ་མཆོག།
བྱོན་ནས་ལོ་ངོ་བརྒྱད་ཅུ་དེ་རིང་ཟིན།།
འགྲོ་བ་ཀུན་ལ་ཡོད་པའི་ཁེ་དབང་དེ།།
དྲང་མོ་དབུ་མའི་ལམ་ནས་ལེགས་པར་གདམས།།
ཆོས་སྲིད་ཟུང་འབྲེལ་དོན་གྱིས་གཟིགས་མཁན་མཆོག།
བྱོན་ནས་ལོ་ངོ་བརྒྱད་ཅུ་དེ་རིང་ཟིན།།
འཛམ་གླིང་ཤར་ནུབ་མཁས་དབང་འདུ་བའི་སར།།
དོན་ཟབ་ཀུན་ཡིད་འཕྲོག་པའི་བགྲོ་གླེང་མཁན།།
ཟབ་གསར་མྱུར་གསུམ་རིག་པའི་ཁྱུ་མཆོག་ཅིག།
བྱོན་ནས་ལོ་ངོ་བརྒྱད་ཅུ་དེ་རིང་ཟིན།།
མ་ཎིའི་ཕྲེང་བ་འདྲེན་པའི་རྒན་པོ་ཡང་།།
ཆོས་ལྡན་བོད་དུ་སྐྱེས་པ་སྔ་ལགས་མོད།།
ཆོས་ཚུལ་ཕྱོགས་ཙམ་མ་ཤེས་ལུས་སོང་བ།།
ཁ་ཕྱོགས་ནོར་བས་ཡིན་པར་ཉིད་ཀྱིས་གསུངས།།
མཛད་པ་མཆོག་དག་གཟུགས་སུ་གྲུབ་རྒྱུ་ན།།
གངས་རིའི་རྩེ་ལ་བུད་ཀྱང་སྙོབ་ཚོད་མིན།།
ལེགས་དང་མི་ལེགས་སོ་སོར་ཕྱེ་དགོས་ན།།
མི་ལེགས་ཆ་ཞིག་ཁྱེད་ལ་ཡོད་མྱོང་མེད།།
ཆོས་དང་སྲིད་ཅེས་ལ་ལས་མཐོ་བཤད་བྱེད།།
དེ་གཉིས་འགལ་བ་ཡིན་ཞེས་ལྷག་ཏུ་སྨྲ།།
འོན་ཀྱང་ཁྱེད་ཀྱིས་ཟུང་འབྲེལ་བླ་མེད་གསུངས།།
འདི་ཡང་ཁྱེད་ལས་སྤོབས་མཁན་གཞན་ནའང་མེད།།
དོན་ལ་ཅི་ཡང་མ་གྲུབ་གནད་དེ་ཡིས།།
མ་བརྟགས་སྣང་ངོར་འཐད་པ་ཚད་གྲུབ་ཡིན།།
དེ་གཉིས་ཕན་ཚུན་བསྒྲུབ་བྱ་སྒྲུབ་བྱེད་ལས།།
འགལ་བའི་ཐ་སྙད་མཁས་རྣམས་མི་འདོག་གི།
དེ་ནི་ཁྱེད་ཀྱི་དབུ་མའི་ལམ་མཆོག་གི།
དོན་གྱི་མདོ་རྩ་གཏུག་ས་ཡིན་སྣང་སྐྱེས།།
ངེས་པ་དོན་དུ་ཐམས་ཅད་མཁྱེན་ན་ཡང་།།
ཐབས་མཁས་ཐུགས་རྗེ་མངའ་བས་ལོས་ཡིན་འདོད།།
ལ་ལས་དགྲ་རུ་བཟུང་ནས་ཁྱེད་ལ་སྨད།།
ཁྱེད་ནི་ཞི་བའི་འཛུམ་ཀྱིས་ཁྲོས་མྱོང་མེད།།
དམ་པའི་ངང་ཚུལ་དེ་ཡིས་ང་ཚོ་བསྐྱངས།།
བཀའ་དྲིན་བརྗེད་ཐབས་མེད་དོ་སྤྱན་རས་གཟིགས།།
ལ་ལ་གདོན་གྱིས་བཟུང་ནས་ཁྱེད་ཉིད་ལ།།
སྐུ་སྲོག་ཟ་བའི་དུག་ཆེན་ལྐོག་ནས་དྲངས།།
དེ་ཡང་སྨན་མཆོག་ཉིད་དུ་གྱུར་འདུག་ཅེས།།
ཞི་འཛུམ་རབ་ཏུ་རྒྱས་པའི་སྒོ་ནས་གསུངས།།
ད་ནི་ང་ཡི་ཁ་ལ་ཉོན་ཅིག་དང་།།
ང་ལ་རྒོལ་བ་གཞན་ཀྱིས་ཐུབ་ཚོད་མིན།།
ཁྱེད་ཅག་ཐུགས་སེམས་ལྷོད་པོར་བཞུགས་རོགས་ཞེས།།
གསུང་མཆོག་མཚུངས་མེད་དེ་ལ་རབ་ཏུ་དད།།
སྣང་བ་གནམ་ལས་མཐོ་བ་མ་ཡིན་མོད།།
དམ་པའི་མཛད་སྤྱོད་བསམ་གྱིན་ལྷག་ཏུ་དད།།
ཁྱེད་ཞལ་གསུང་གིས་བསྐྱངས་པའི་གོ་སྐབས་དེས།།
སྐྱབས་གཞན་འཚོལ་བའི་ཡི་ག་གཏིང་ནས་ལོག།
སྔོན་མེད་ཆོས་ཚུལ་གཏམ་གྱི་དགའ་ཚུལ་ན།།
རྨི་བཤད་འཐེན་ལ་གོ་བབས་ཆེར་མེད་པས།།
ཁྱེད་ཀྱི་ལེགས་བཤད་ནོར་བུའི་གླིང་ག་ནས།།
ཐམས་ཅད་གངས་རིར་ཕྱོགས་ན་ཅི་མ་རུང་།།
ཞི་བདེ་ཁ་ནས་འབོད་ལ་ཀུན་ཀྱང་བྲེལ།།
གནད་དོན་ཕྲན་ཙམ་བྱུང་དུས་སྒེར་དོན་ཡིན།།
དོན་གྱི་ཞི་བདེར་སྨོན་སྟངས་མ་ཤེས་པས།།
ཁྱེད་ལ་འོ་བརྒྱལ་གཏད་པར་ཚད་མེད་ལགས།།
ལྟ་བ་གནམ་གྱི་ཁྱོན་ལས་མཐོ་ན་ཡང་།།
སྤྱོད་པ་མི་རིགས་འདི་དང་འགྲོགས་ནས་ཡོད།།
བརྩེ་བ་ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན།།
ཁྱེད་ཉིད་ཡོད་པས་ང་ཚོ་ཕྱུག་པོ་ཡིན།།
ཐམས་ཅད་མཁྱེན་དང་རིན་པོ་ཆེ་སོགས་ཀྱི།།
མིང་གི་རྣམ་གྲངས་གདགས་ས་མང་ན་ཡང་།།
ཁྱེད་དང་འདྲ་བ་གཅིག་ཀྱང་ཕེབས་མྱོང་མེད།།
དེའི་ཕྱིར་ཚེ་རབས་གཏན་གྱི་སྐྱབས་ལགས་སོ།།
ཁ་ཚིག་ཤིན་ཏུ་མཐོ་བའི་སྐྱེ་བོ་འགས།།
ཁྱེད་ཀྱང་ནོར་འཛོལ་ཆེ་ཞིག་ཡོད་རབས་བཤད།།
ཁྱོད་ཀྱི་ནོར་འཛོལ་མིན་པའི་ལས་དེ་གང་།།
དེ་འདྲ་དེ་ལ་གད་མོ་གཏིང་ནས་འཕྱོ།།
ལས་སྣང་མི་མཐུན་འགྲོ་བ་དུ་མའི་ངོར།།
ཆོས་ཚུལ་བསམ་མི་ཁྱབ་པ་བསྟན་ཚུལ་ལས།།
བདག་ནི་ཁྱེད་ཀྱི་འཕྲིན་ལས་འོད་པོ་ཆེར།།
རྩིས་ཐང་རབ་ཏུ་ཆེ་ཞེས་སྨྲ་བར་སྤོབས།།
གྲངས་མེད་སྔོན་ནས་ཁྱེད་ཀྱི་སྨོན་ལམ་མཆོག།
གཞན་དོན་ཁོ་ནར་གནང་བའི་མཛད་སྤྱོད་དེས།།
བདག་ཅག་གཅིག་པུར་མ་བཞག་བརྩེ་བས་བསྐྱངས།།
བཀའ་དྲིན་དྲན་ན་སྟོང་གསུམ་སྣོད་དུ་ཆུང་།།
ལོ་ཟླ་ཆུ་མོའི་འགྲོས་ཀྱིས་བཞུར་སོང་རུང་།།
ཁྱེད་སྐུ་རི་དབང་རྒྱལ་པོ་ད་དུང་བརྟན།།
ཚེ་མདུད་ལྷ་ཡི་གོས་ཐག་དཀར་པོ་ཡིས།།
ཁ་བ་རི་བ་བཅིངས་པ་ངོ་མཚར་ཆེ།།
ཁ་སང་དེ་རིང་ནམ་ཟླ་དབྱར་ཁ་ཡིན།།
གངས་རིའི་རི་ཀླུང་གཡུ་ཡི་མདངས་ལས་མཛེས།།
མེ་ཏོག་སྣ་ཚོགས་བཞད་པའི་ཕ་ཡུལ་ན།།
ཁྱེད་ཉིད་དྲན་པའི་སྙན་ངག་འབྲི་བཞིན་ཡོད།།
ཁ་སང་དེ་རིང་དབྱར་གྱི་མཛེས་སྡུག་ལ།།
སྲེད་པའི་གཞན་མྱིའི་གྲངས་ཀ་མ་ཤེས་མོད།།
རང་གཤིས་ཚུགས་ཐུབ་མེད་པའི་རང་རིགས་ལ།།
བྱ་འདི་དགའ་ཞིག་ཡིན་ཚོད་མི་འདུག་ལགས།།
ཤེས་རབ་ཁོ་ན་ལམ་གྱི་ཐིག་ཤིང་ཡིན།།
སྙིང་རྗེ་ཁོ་ན་ལམ་གྱི་སྤྱོད་པ་ཡིན།།
དེ་གཉིས་ཟུང་འབྲེལ་ལམ་གྱི་ཉམས་ལེན་མཆོག།
ཁྱེད་ཀྱི་གསུང་ལས་གསལ་ཞིག་ཡོད་མྱོང་མེད།།
བླ་བྲང་ཉམ་ཆུང་ཞིག་གི་ལོ་རྒྱུས་ཁྲོད།།
མི་རིགས་སྣང་མཐོ་ཞིག་གི་བྱུང་བ་ཡོད།།
ད་ནི་རིགས་འདི་རུལ་ནས་ཟད་སོང་རུང་།།
ཁྱེད་ལ་ཐུགས་ཁག་མེད་དོ་བཀའ་དྲིན་ཅན།།
ལོ་ངོ་བརྒྱད་ཅུར་ཟིན་པའི་དགེ་སློང་དེའི།།
དུས་ཚོད་གཅིག་གི་མཛད་པའི་ཆ་ཙམ་ལ།།
འགྲན་མཁན་མཁས་མང་ཁྲོད་ནས་མ་བྱུང་བས།།
དུས་གསུམ་ཀུན་ཏུ་རྒྱལ་བ་ཁྱེད་ལགས་སོ།།
ལོ་རྒྱུས་བཤད་ན་མཁས་རབས་སྤྱང་རབས་མང་།།
གནད་རྩར་ཐུག་དུས་ཁྱེད་ཉིད་ཁེར་རྐྱང་ཡིན།།
གནའ་ནས་འདི་བཞིན་ཡིན་པ་ཤེས་ཡོད་མོད།།
སྟོན་པ་མཆོག་ཁྱེད་བཞུགས་པའི་སེམས་ཁམས་དྲོ།།
གངས་རི་ཞུ་ནས་རྒྱ་མཚོར་བཞུར་སོང་རུང་།།
རྒྱ་མཚོ་འཕྱུར་ནས་ཐམས་ཅད་དེད་སོང་རུང་།།
ཁྱེད་ཀྱི་དཔའ་སྤོབས་ནམ་ཡང་འགྱུར་མེད་ལགས།།
དེས་ཀྱང་བདག་སེམས་གསོ་བར་ཚད་ཅིག་མེད།།
རྙིང་ཚབ་གསར་བརྗེས་རླུང་ནག་བཙན་སྐབས་སུ།།
གངས་རིར་སྤྱན་ཆབ་བསིལ་བཞིན་གྱེས་ཕྱག་ཕུལ།།
ཕྱི་ནས་ནང་འཁྲུགས་སྡུག་པོ་དགྲ་རུ་ལངས།།
དེས་ཀྱང་དཔའ་ཚུགས་མ་ཤོར་ངོ་མཚར་ཆེ།།
ཐུགས་ལ་འཁྲུངས་བའི་མ་འོངས་གངས་རིའི་ལྗོངས།།
མི་འདོད་གཞན་དབང་རྩུབ་མོས་གཙེས་ན་ཡང་།།
ང་ཡིས་ངེས་པར་སྐྱོབ་ཞེས་ཐུགས་དམ་བཅས།།
གངས་རིར་གྱེས་ཕྱག་ཕུལ་འདི་མཛད་པའི་མཆོག།
བསྟན་སྲིད་རྨང་ནས་གསོ་བའི་ཇུས་ཆེན་དེས།།
ཆེན་པོའི་རྣ་ལ་དོན་མཐུན་ལན་ཞིག་གླན།།
ཕྱི་ནང་འགལ་འཛོལ་ཆེ་བའི་བར་གསེང་ནས།།
དཔའ་ཚུགས་རི་ལས་བརྟན་པའི་གཤིས་ཤིག་བཟུང་།།
ཁྱེད་ནི་མཉམ་མེད་མཆོག་གི་ཐུགས་ཀྱི་སྲས།།
བཟང་ངན་སྤུ་རས་མཚན་མ་མ་དམིགས་མོད།།
གདུལ་བྱའི་བྱིས་པའི་ངང་ཚུལ་བཟློག་ཕྱིར་དུ།།
ཆོས་ཚུལ་སྦྲང་རྩི་འདྲ་བའི་དགའ་སྟོན་འགྱེད།།
ལོ་ངོ་བརྒྱད་ཅུའི་གྱ་སྟོན་དེ་རིང་ཡིན།།
ཤེས་ཚིག་མེ་ཏོག་གཏོར་ན་དེ་རིང་ཡིན།།
མཛད་རྣམ་རྒྱ་ཆེན་གླེང་ན་དེ་རིང་ཡིན།།
ཁ་བ་ཅན་གྱི་དགའ་སྟོན་དེ་རིང་ཡིན།།
བོད་འདི་གླེང་ན་ཁྱེད་ཉིད་གླེང་དགོས་ལ།།
བྱམས་བརྩེ་གླེང་ན་ཁྱེད་ཉིད་སྲོག་ཡིན་ནོ།།
དེ་བས་ཐམས་ཅད་དོན་ལ་གླེང་དགོས་ཡོད།།
ཁྱེད་ནི་སྣོད་བཅུད་གཉིས་ཀྱི་གཅེས་ནོར་ཡིན།།
ཁ་བའི་མཛེས་སྡུག་ཡིན་པའི་སྐྱེས་བུ་མཆོག།
སྣོད་དང་བཅུད་ལ་བཞད་པའི་མེ་ཏོག་ཡིན།།
མེ་ཏོག་འདི་ལ་བཤད་པ་སྣ་ཚོགས་ཡོད།།
དུས་ཀྱི་སྐྱ་རེངས་ཡིན་པས་ངོ་སོ་བསྟོད།།
ཁ་བའི་ཀླུང་རྟ་ཡིན་པའི་སྐྱེས་བུ་མཆོག།
ལུགས་གཉིས་ཁུར་ཆེན་ཐེགས་པའི་དཔུང་བ་ཡིན།།
དཔུང་ཤེད་ཡ་མེད་ཅིག་གི་མཚན་གཞི་ཡིན།།
གྲགས་དཀར་གནམ་སའི་དབར་ནས་བརྒལ་སོང་ཡོད།།
ཁ་བའི་ལང་ཚོ་ཡིན་པའི་སྐྱེས་བུ་མཆོག།
སྐྱེ་འགྲོའི་སྲོག་དང་དབུགས་ཀྱི་བདག་པོ་ཡིན།།
ཁྱེད་ཉིད་མེད་ན་ཤི་བའི་རོ་དང་མཚུངས།།
ང་ཚོར་ཁྱེད་ཉིད་ཡོད་པས་གསོན་པོ་ཡིན།།
ཁ་བའི་མཛེས་དགེ་ཡིན་པའི་སྐྱེས་བུ་མཆོག།
སྣང་བྱེད་གླིང་བཞིའི་མུན་སེལ་སྒྲོན་མེ་ཡིན།།
དཔེ་ཟླ་སྲིད་གསུམ་ཁྱོན་ནས་རྙེད་མྱོང་མེད།།
ཡིད་བཞིན་རེ་བ་སྐོང་བྱེད་ཁྱེད་ལགས་སོ།།
ཁ་བའི་སློབ་དཔོན་ཡིན་པའི་སྐྱེས་བུ་མཆོག།
ཞི་ལམ་གཅིག་པུ་སྟོན་མཁས་སེམས་དཔའ་དངོས།།
གངས་རིའི་ཁྲོད་ལས་གཞན་དུ་བྱུང་མྱོང་མེད།།
མཆོག་ཐུན་དངོས་གྲུབ་ཀུན་ཀྱི་བྱེད་པོ་ལགས།།
ཁ་བའི་ལ་རྒྱ་ཡིན་པའི་སྐྱེས་བུ་མཆོག།
ས་སྟེང་འདི་ཡི་དོན་གྱི་ལ་རྒྱ་ཡིན།།
གངས་རིའི་སྨད་ནས་བྱོན་པའི་དགེ་སློང་འདི།།
བཀྲ་ཤིས་དགེ་ལེགས་ཀུན་ཀྱི་བྱེད་པོ་ཡིན།།
ཁ་བའི་ནང་ནོམ་ཡིན་པའི་སྐྱེས་བུ་མཆོག།
གཡང་གི་རུ་མ་ཡིན་པའི་ལོ་རྒྱུས་ཡོད།།
གཡང་འདི་སྨོན་ལམ་གྲུབ་པའི་བདེན་དཔང་ཡིན།།
དཔལ་ཡོན་བྱེ་བ་འབུམ་གྱི་བྱེད་པོ་ལགས།
ཁ་བའི་སྐྱབས་མགོན་ཡིན་པའི་སྐྱེས་བུ་མཆོག།
ཡིན་ལུགས་ནང་བྱན་ཆུབ་པའི་དཔེ་དོན་ཡིན།།
འགྲོ་ལ་ཆོས་སྟོན་འགྱེད་པའི་མཚན་གཞི་ཡིན།།
མཛད་པ་མཆོག་གི་བྱེད་པོ་ཁྱེད་ལགས་སོ།།
ཁ་བའི་གཟི་བརྗིད་ཡིན་པའི་སྐྱེས་བུ་མཆོག།
འཛམ་གླིང་མི་ཆེན་ཁྲོད་ཀྱི་ཆེན་པོ་ཡིན།།
གྲགས་སྙན་རྒས་རྒྱུ་མེད་པ་འཕགས་པའི་གཤིས།།
སེམས་དཔའ་ཁྱེད་ཀྱི་རང་བཞིན་ཨེ་མ་རྨད།།
སྣོད་ཀྱི་ཕུན་ཚོགས་ཉམས་སུ་འབབ་པའི་ཡུལ།།
གཞན་མྱིའི་རྩུབ་སྤྱོད་རྒོད་པའི་གནས་འདི་ན།།
རང་དབང་སྟོབས་ཀྱིས་འབོད་མཁན་ཉུང་ན་ཡང་།།
སེམས་ཀྱི་གཏིང་ནས་ནམ་ཡང་བརྗེད་ཀི་མེད།།
མི་ལོ་བརྒྱད་ཅུའི་འགྲུལ་བཞུད་རིང་མོའི་ཁྲོད།།
ཁེ་དང་རྒྱལ་ཁ་བརྩེགས་པ་བརྗོད་ལས་འདས།།
ཁྱེད་ཀྱི་ཡོད་ཚད་ང་ཚོའི་ཁེ་བཟང་ཡིན།།
དུས་ཀྱི་དར་ཆ་ཟེར་བ་ཁྱེད་མིན་སུ།།
ཁྱེད་ཀྱི་ཡན་ནས་མྱི་ཆེན་འཁོར་མྱོང་མེད།།
ཁྱེད་ཀྱིས་བརྩེ་བ་དམ་པ་འདོར་མྱོང་མེད།།
ཁྱེད་ཀྱིས་དབང་ཤེད་གཅིག་ཀྱང་བཀོལ་མྱོང་མེད།།
ཁྱེད་ཀྱི་ཤེས་རབ་མཆོག་གི་བཞུད་ལམ་རྨད།།
ལས་སྨོན་རྟེན་འབྲེལ་དཀར་པོའི་སྣང་བ་ཡིས།།
ཁྱེད་ཞབས་སྤྱི་བོར་བཀུར་བའི་རིགས་སུ་སྐྱེས།།
དབང་ལུང་མན་ངག་ཟབ་མོ་སྐྱེས་སུ་གནངས།།
འདི་དག་དྲན་ན་བདག་སེམས་ཤིན་ཏུ་སྤྲོ།།
དུས་གསུམ་རྒྱལ་བའི་དགོངས་པ་མཐར་ཐུག་དོན།།
ཇི་བཞིན་དོན་མཛད་ཁྱེད་ཀྱི་བསྟན་པ་མཆོག།
གང་དུ་དར་བའི་གནས་མཆོག་དེ་དང་དེར།།
རྣམ་དཀར་བསོད་ནམས་དཔལ་གྱིས་ཐེག་པར་སྨོན།།
འགྲན་གྱི་དོ་ཡ་མེད་པའི་སྐྱེས་བུ་མཆོག།
གནའ་དེང་མཁས་པའི་མཁས་པ་རྩོད་མེད་མཆོག།
གྲགས་དང་སྙན་པ་ཀུན་ཀྱི་བདག་པོ་མཆོག།
སྐྱབས་ཀྱི་དྭངས་མ་མཆོག་གི་གྱ་སྟོན་བསུ།།
ཆོས་ཀྱི་བཤེས་གཉེན་ཡིན་པའི་སྐྱེས་བུ་མཆོག།
སྲིད་ཀྱི་ལག་རྟེན་ཡིན་པའི་མཁས་པ་མཆོག།
གང་དུ་སྐྱེས་ཀྱང་ཁྱེད་ཀྱི་བྱམས་བརྩེ་མཁོ།།
འགྲོ་བའི་འདྲེན་པ་མཆོག་གི་གྱ་སྟོན་བསུ།།
མཚན་དཔེའི་དགེ་ལེགས་སྟོང་གི་གཟི་བྱིན་ཅན།།
ཇི་སྙེད་ཆོས་ཀུན་ཐུགས་ཀྱི་ལང་ཚོར་རྫོགས།།
སྐྱེ་དགུའི་ཡིད་ཀྱི་མ་མ་གཅིག་པུ་ཉིད།།
རྒྱལ་མཆོག་མི་ཡི་ཉི་མའི་གྱ་སྟོན་བསུ།།
ཤར་ནས་འཕྲོས་པའི་གསེར་གྱི་ཉི་མ་དེས།།
གླིང་བཞི་ཡུན་གྱིས་བསྐོར་ནས་བཅུ་ཕྲག་བརྒྱད།།
འཁོར་བའི་དེ་རིང་ང་ཚོའི་དུས་ཆེན་ཡིན།།
དགའ་བ་འབུམ་གྱིས་ལོས་བསུ་ཐུགས་རྗེའི་གཏེར།།
རྟེན་འབྱུང་གཤིས་ལ་ཞུགས་པའི་དགའ་ཚལ་ན།།
དབྱངས་ཀྱི་མཆོད་པ་དམ་པར་འཛད་པ་མེད།།
ཁྱེད་ཞབས་སྤྱི་བོར་བཀུར་བ་བདག་ཅག་ལ།།
ངག་རིག་སྨྲ་ལྕེ་གཡོར་དང་སྐྱབས་ཀྱི་མཆོག།
སྟོང་པའི་དབྱིངས་ཀྱི་འཇའ་ཡི་རི་མོ་ལ།།
འཕགས་རྣམ་གཟིགས་ངོར་སྙིང་པོ་ཆུང་ན་ཡང་།།
གཉུག་གཤིས་དོན་གྱི་རྒྱལ་ཐབས་འཛིན་པ་ལ།།
ཁྱེད་ཀྱི་རྣམ་ཐར་ལོས་དགོས་བཀའ་དྲིན་ཅན།།
སེམས་ལ་གནས་པའི་དད་འདུན་གཙང་མ་དེ།།
མཁའ་རུ་འཕྱོ་བའི་སྤྲིན་པ་བྲེལ་མོ་བཞིན།།
ཕན་ཚུན་འགྲན་པའི་ཚུལ་གྱིས་ཁྱེད་ཕྱོགས་རྒྱུ།།
གྱ་སྟོན་སེམས་ཀྱིས་བསུ་བའི་ངང་ཚུལ་ཡིན།།
གཤིས་ཀྱི་རླུང་བུ་དལ་དལ་ལྷོད་ལྷོད་ངང་།།
གྲེ་འགྱུར་ཁུ་བྱུག་གདངས་དང་ལྷན་ཅིག་ཏུ།།
ཕྱོགས་སུ་འཐུལ་བ་སྣང་བ་དར་བའི་གྲོགས།།
ཁྱེད་ལ་མཆོད་པའི་ཤིས་ཚིག་དྲང་བརྗོད་ལགས།།
མཁྱེན་རབ་ཤེལ་གྱི་མེ་ལོང་གཙང་མའི་ངོར།།
ཕྲ་ཞིབ་རིག་པའི་ལང་ཚོ་མངོན་པར་རྫོགས།།
བྱམས་བརྩེ་ཆུ་འཛིན་འཁྲིགས་པའི་གཤིས་ཀ་ཅན།།
རྣམ་འདྲེན་རྒྱལ་བ་མཆོག་གི་གྱ་སྟོན་བསུ།།
བདེན་གཉིས་ཚུལ་ལུགས་ཟབ་མོའི་དེ་ཉིད་དོན།།
སྔོན་མེད་ལེགས་བཤད་གཏམ་གྱིས་གོ་བར་བྱས།།
ཡིག་ཆ་འདི་དང་དེ་ཞེས་མང་ན་ཡང་།།
ཁྱེད་ཀྱི་ལེགས་བཤད་གཏམ་ལ་དོ་མྱོང་མེད།།
འཇིག་རྟེན་ལུགས་ཀྱི་ཡ་རབས་དམ་པའི་དོན།།
ཤེས་རབ་ཁོ་ནས་དྲང་མོའི་སྲང་ལ་བཞག།
འདི་ཡང་ཁྱེད་ལས་སྤོབས་མཁན་བྱུང་མྱོང་མེད།།
འགྲན་གྱི་དོ་མེད་ཁྱེད་ཀྱི་གྱ་སྟོན་བསུ།།
ཁྱེད་ཡོན་འདི་ཙམ་གྱིས་ནི་རྫོགས་པ་མིན།།
ཐམས་ཅད་བརྗོད་ལ་བདག་བློ་ཤིན་ཏུ་དབུལ།།
དེ་བས་རང་གཞན་འདི་ལ་གོམས་བྱའི་ཕྱིར།།
རྒྱ་མཚོ་ཆ་ལས་ཆུ་ཐིགས་ཙམ་ལགས་སོ།།
རྨད་བྱུང་གཏམ་གྱི་ཚིག་སྦྱོར་སྡུག་གུ་མ།།
ཡོངས་སུ་བྲལ་མོད་གྲོང་ཚིག་མིན་ཙམ་གྱི།།
ལམ་ནས་བརྗོད་པའི་རྣམ་ཐར་མདོ་ཙམ་འདི།།
བརྒྱད་ཅུའི་གྱ་སྟོན་བསུ་བའི་ལེགས་སྐྱེས་ཡིན།།
བཀའ་ཤིས་ཁྱེད་ཡོན་རྗོད་ལ་འབད་པས་མཐུས།།
གཞན་གནོད་གཞི་དང་བཅས་པ་རྩད་རྫོགས་ཤིང་།།
ས་ཆེན་འདི་ལ་རང་དབང་དཔལ་འབར་ནས།།
སྣོད་བཅུད་དགེ་ལེགས་སར་བས་ཤེས་གྱུར་ཅིག།
ཅེས་མཚུངས་མེད་༧སྐྱབས་མགོན་མཆོག་གི་༧སྐུའི་གྱ་སྟོན་བསུ་བར་རྟེན་འབྲེལ་ལེགས་སྐྱེས་ཀྱི་དོད་དུ་༼འདྲེན་པ་མཆོག་ལ་ཕུལ་བའི་བསྟོད་པ་བརྒྱད་ཅུ་པ།༽ཞེས་པ་འདི་གངས་རིའི་སྙན་ངག་སྨྲ་བ་ཡོངས་ཀྱི་གྲལ་མཐའ་འཛིན་པ་རྨེ་བ་འཇམ་དཔལ་ནོར་བུས་བོད་རབ་བྱུང་བཅུ་བདུན་པའི་ཤིང་མོ་ལུག་གི་ལོའི་ས་ག་ཟླ་བའི་ཚེས་སུམ་ཅུའི་ཉིན་གདན་ས་ཧ་ཡི་དགོན་ཐང་དུ་མཇུག་གྲུབ་པར་སྦྱར་བའོ།། །།
འགྲོ་བ་རིགས་དྲུག་མཚོན་དོན་དུ། །
མིའུ་གདུང་དྲུག་ལས་མཆེད་པའི། །
ས་ཡ་དྲུག་པོ་རེ་རེས་ཀྱིས། །
ཡིག་དྲུག་བཏོན་ནས་ཁྱོད་ལ་བསྟོད། །
སྟོང་ཉིད་སྙིང་རྗེ་ཟུང་དུ་འཇུག་པའི་ལམ།།
ཆེས་ཆེར་གསལ་མཛད་གངས་ཅན་བསྟན་འགྲོའི་མགོན།།
ཕྱག་ན་པདྨོ་བསྟན་འཛིན་རྒྱ་མཚོ་ལ།།
གསོལ་བ་འདེབས་སོ་བཞེད་དོན་ལྷུན་གྲུབ་ཤོག།
དིལ་མགོན་མཁྱེན་བརྩེ་རིན་པོ་ཆེས་གསུངས་སོ།།