ས་འཛིན་དཀར་པོ།
དུས་གསུམ་སངས་རྒྱས་གཅིག་བསྡུས་སྤྲུལ་པའི་སྐུ།།
རིས་མེད་རྒྱལ་བསྟན་ཡོངས་རྫོགས་གཙུག་གི་ནོར།།
བྱམས་བརྩེ་ནོར་གྱིས་ཕྱུག་པའི་འཕགས་མཆོག་རྗེ།།
མི་འཇིག་བསྐལ་བརྒྱར་འཚོ་བའི་རྟག་བརྟན་ཤོག།
ཆོལ་གསུམ་བློ་གཏད་འཇོག་སའི་ཡིད་བཞིན་ནོར།།
འགྲོ་རྣམས་འཚེ་མེད་ལམ་སྟོན་མཁས་མཆོག་ཉིད།།
འཛམ་གླིང་ཞི་བདེ་བསྐྲུན་པའི་སྤྱན་རས་གཟིགས།།
མི་འཇིག་བསྐལ་བརྒྱར་འཚོ་བའི་རྟག་བརྟན་ཤོག།
གངས་ཅན་མུན་ནག་སེལ་བའི་སྣང་གསལ་སྒྲོན།།
མ་ལུས་འགྲོ་བའི་མགོན་པོ་པད་དཀར་འཆང་།།
སྐྱབས་གནས་བསླུ་མེད་རྒྱལ་བའི་རྒྱལ་ཚབ་ཉིད།།
མི་འཇིག་བསྐལ་བརྒྱར་འཚོ་བའི་རྟག་བརྟན་ཤོག།
གངས་ལ་ཉི་འོད་འཕྲོས་ལྟར་འཛུམ་མདངས་རྒྱས།།
ཞོགས་སྤྲིན་མཁའ་ལ་འཆར་ལྟར་ངུར་སྨུག་མཛེས།།
བརྩེ་བས་ཐུགས་ལ་བརླན་པའི་འཇིག་རྟེན་མགོན།།
མི་འཇིག་བསྐལ་བརྒྱར་འཚོ་བའི་རྟག་བརྟན་ཤོག།
མི་གཅིག་ཆོས་ལུགས་ཀུན་ལ་མཐུན་པར་བརྩོན།།
རུས་རིགས་མི་གཅིག་ཤེས་ལྡན་ཀུན་གྱིས་བསྟོད།།
རྣམ་ཀུན་བརྗིད་ཉམས་ལྡན་པའི་རྒྱལ་སྲས་ཉིད།།
མི་འཇིག་བསྐལ་བརྒྱར་འཚོ་བའི་རྟག་བརྟན་ཤོག།
གངས་ཅན་མགོན་པོའི་སྐུ་ཡི་འཁྲུངས་སྐར་ཉིན།།
གངས་ལྟར་དུང་སེམས་དཀར་པོ་ཡིད་ལ་འཆང་།།
གངས་རིའི་ཡབ་མེས་སྲོལ་བཟང་ཆས་ལུགས་རྒྱན།།
གངས་ཅན་བོད་པའི་མཚན་སྙན་དགུང་ལ་བསྟོད།།
སྙན་ངག་སྡེབ་སྦྱོར་རིག་པར་མ་མཁས་ཀྱང་།།
བཅོས་མེད་དད་པའི་མཆོད་སྤྲིན་མེ་ཏོག་ཅིག།
འཕགས་མཆོག་མགོན་པོའི་སྐུ་ཡི་གྱ་སྟོན་ཉིན།།
མེ་ཏོག་ཆུང་ཡང་དད་སེམས་གཙང་མས་ཕུལ།།
ས་མཐོ་བོད་ཀྱི་ཡུལ་ལ་འཁྲུངས། །
ཆོས་མཐོ་མདོ་སྔགས་ཟུང་འབྲེལ་གསུངས། །
གོ་མཐོ་ཛམ་གླིང་ཞི་བདེའི་མགོན། །
བདག་གི་སྤྱི་བོས་༸ཞབས་ཟུང་བཏུད། །