འབའ་སྲས།
—————–སྐུའི་གྱ་སྟོན་ལ་ཕུལ།
སྐུ་ལ་རས་རྐྱང་ཧྲལ་ཧྲུལ་གྱོན་ཡང་སྐུ་ལུས་རིན་ཆེན་བརྫུས་པ་མེད།།
གསུང་ལ་གུས་ཚིག་ཁོ་ན་ལྡན་ཡང་གསུང་བཤད་བདུད་རྩི་དཔག་ཏུ་མེད།།
ཐུགས་སུ་སྙིང་རྗེ་གཅིག་པུ་མངའ་ཡང་འགྲོ་བ་སྐྱོབ་པའི་ཐབས་ཤེས་ཟབ།།
ང་ཡི་སྐྱབས་གཅིག་རྒྱལ་བ་ཡིད་བཞིན་སྐུ་གསུང་ཐུགས་ལ་ལན་བརྒྱར་འདུད།།
མཐོ་ན་གནས་ཀྱང་དམའ་སར་གཟིགས་པའི་སྤྱན་ཟུང་ནོར་བུ་གཟིམས་པ་མེད།།
ཆེན་པོ་ཡིན་ཡང་ཆུང་བར་བྱམས་པའི་ཐུགས་རྗེའི་འོད་དཀར་འཛད་པ་མེད།།
སྐུ་གསུང་ཐུགས་ཀྱི་མཛད་པར་ཟླ་མེད་ང་ཡི་རྩ་བའི་བླ་མ་ནི།།
ནམ་མཁའི་མཐོངས་སུ་འོད་ཀྱིས་འཛུམ་པའི་རྟ་བདུན་དབང་བོ་ངེས་པར་འདྲ།།
དད་ལྡན་ཕྱག་སོར་བྲང་ལ་བཀོད་པར་ཕྱིར་ལན་དབུ་གཙུག་སྒུར་སྒུར་བྱ།།
མི་ཆེན་དཔོན་ཆེན་སྟོབས་ཀྱིས་འགྱིངས་དུས་ཁྱོད་ནི་ཉམ་ཆུང་ཚུལ་གྱིས་ཕེབས།།
ལྷག་པར་ཉམས་ཉེས་དམའ་བ་དག་ལ་ཆེན་པོ་ཆེན་པོ་བཞིན་དུ་བཀུར།།
ང་ཡི་དཔྲལ་བའི་མིག་གི་བླ་མ་འདི་ལྟར་དགུང་ལོ་བརྒྱད་ཅུར་ཕེབས།།
སྐུ་སྒེར་ཕུལ་བའི་ཡོང་སྒོ་བསགས་ན་འཛམ་གླིང་ཕྱུག་པོའི་གྲལ་དུ་ཚུད།།
ཕུལ་ཕུལ་ཚང་མ་སྦྱིན་པར་ཕུལ་བས་ཕྱག་ན་སྒོར་རྡོག་གཅིག་ཀྱང་མེད།།
འབྱོར་བའི་དབུལ་ཞིང་ཡོན་ཏན་ཕྱུག་པའི་རླབས་ཆེན་ང་ཡི་བླ་མ་མཆོག །
འཛམ་གླིང་མི་ཡི་མཐོ་ན་བཞུགས་ཤིང་དུས་རབས་ཉེར་གཅིག་སྟོན་པ་ལགས།།
མི་རིགས་དབྱེ་འབྱེད་ཁྱེད་ལ་མེད་ལ་ཆོས་ཀྱི་ཞེན་ཁོག་ཁྱེད་ལ་མེད།།
མི་རིགས་དབྱེ་འབྱེད་ཁྱེད་ལ་ཡོད་ན་ད་ནི་འཛམ་གླིང་ཡོམ་ཡོམ་འགུལ།།
ཆོས་ཀྱི་ཞེན་ཁོག་ཁྱེད་ལ་ལྡན་ན་འཛམ་གླིང་ཕྱེད་ཀ་ནང་བར་བསྒྱུར།།
མི་རིགས་མཐུན་སྒྲིལ་ཆོས་ལུགས་མཐུན་སྒྲིལ་སྟོན་པ་མཐུན་སྒྲིལ་གསུང་བ་བོ།།
བླ་མའི་ནང་གི་བླ་མ་མཆོག་སྟེ་སྟོན་པའི་སྟོན་མཆོག་ངའི་བླ་མ།།
རྒྱལ་བོ་ཞིག་གི་ཕོ་བྲང་མེད་ལ་རྒྱུ་ཆེན་ཞིག་གི་བཟོ་གྲྭ་མེད།།
བླ་ཆེན་ཞིག་གི་ཆོས་ཚོགས་མེད་ལ་མཁས་པ་ཞིག་གི་ང་རྒྱལ་མེད།།
ཕྱི་ཡི་ཟང་ཟིང་ཅི་ཡང་མེད་མོད་བསམ་བློའི་ནུས་སྟོབས་འགྲན་ནུས་སུ།།
རྡ་རམ་ས་ལའི་རི་རྩེ་དེ་རུ་ཁང་རྙིང་ཞིག་གི་གནས་ཚང་བ།།
བླ་ཆེན་དཔོན་ཆེན་གཉའ་ཡིས་ཁུར་དུས་ཞབས་ཐང་བསྐྱོད་པའི་ལམ་འགྲོ་བ།།
འབྱོར་ལྡན་འབྱོར་བ་བག་མེད་སྤྱོད་དུས་རྒྱབ་ཁུག་སྟོང་བའི་བདག་པོ་ཁྱོད།།
འཛམ་གླིང་ས་ཡི་དཀྱིལ་འཁོར་སྟེང་ན་ཡལ་བ་མེད་པའི་འོད་ཟེར་ཞིག །
མི་རིགས་ཤིག་གི་མ་འོངས་དོན་ལ་སྒེར་གྱི་བདེ་བ་ཆུ་ལ་སྤྱུགས།།
གཞན་གྱི་འཚོ་བའི་ལོངས་སྤྱོད་དོན་ལ་སྐུ་ཚེགས་སྐུ་ངལ་རྒྱ་ཆེར་མྱངས།།
འཛམ་གླིང་ཞི་བདེ་ཡོང་བའི་ཆེད་དུ་ཐུགས་སེམས་ནམ་ཡང་བདེ་བ་མེད།།
ང་ཡི་རླབས་ཆེན་རྩ་བའི་བླ་མ་འདི་ལྟར་དགུང་ལོ་བརྒྱད་ཅུར་ཕེབས།།
བསམས་ཤིང་བསམས་ན་སྐྱོ་བ་མཆིས་ལ་འདང་རེ་བརྒྱབས་ན་དགའ་བ་སྐྱེས།།
དཀའ་ལས་སྐུ་ཚེགས་མང་བ་མྱངས་སོང་བདག་གི་རྩ་བའི་བླ་མ་ལགས།།
དགུང་ལོ་བརྒྱད་ཅུ་ཉེ་བར་ཟིན་སོང་ཁོ་བོའི་ཡིད་བཞིན་ནོར་བུ་ལགས།།
གྱ་སྟོན་འདི་ཡིས་ཚིམས་པ་མི་འདུག་བརྒྱ་སྟོང་རོལ་བར་དཔལ་འགྱུར་ཅིག །
༢༠༠༡༥/༠༦/༡༩ མཚན་མོར་གྲུབ།
་་་་་་ཡུན་བརྟན་ཤོག །
ཕྱི་གཟུགས་ཉན་ཐོས་དགེ་སློང་གོས་ཀྱིས་ཀླུབ། །
ནང་དུ་བྱང་སེམས་འགྲོ་ལ་བརྩེ་བས་ཁྱབ། །
གསང་བར་རིམ་གཉིས་རྣལ་འབྱོར་ཀུན་ལ་བརྩོན། །
གསང་གསུམ་མི་འགྱུར་རྟག་བརྟན་ཡུན་བརྟན་ཤོག །