དགེ་འདུན་མཐར་ཕྱིན།
རྒྱལ་རོང་ཡུལ་ཁམས་ནི་ལོ་རྒྱུས་ངག་རྒྱུན་ལྟར་ན་རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད་ཅེས་རྒྱལ་པོ་བཅོ་བརྒྱད་དུ་ཡོད་ཅིང༌། རྒྱལ་ཕྲན་དེ་དག་ནི་སྔར་བོད་སིལ་བུའི་རྒྱལ་རབས་ཀྱི་སྐབས་ནས་བཟུང་མུ་མཐུད་དུས་རབས་མང་པོའི་རིང་རང་བཙན་དུ་གནས་པ་ཞིག་ཡིན་སྲིད་ཅིང༌། རྒྱལ་རོང་ཡུམ་ཁམས་ཀྱི་ལོ་རྒྱུས་རིག་གཞུང་དང་བཅས་པ་ནི་བོད་ཆེན་པོའི་ལོ་རྒྱུས་ཀྱི་ཆ་ཤས་གལ་ཆེན་པོ་ཞིག་ཡིན།
རྒྱལ་རོང་ངམ་རྒྱལ་མོ་ཚ་བ་རོང་ཟེར་བའི་བོད་ཀྱི་ཡུལ་གྲུ་དེར་གནས་པའི་རྒྱལ་རོང་བ་ཞེས་པའི་མི་རིགས་འདི་ནི་དཔའ་འཛངས་སྙིང་སྟོབས་ཅན་དང༌། རང་བཞིན་དྲང་ཚུགས་ལྡན་པ། ཤེས་རིག་རྣམ་དཔྱོད་ཆེ་བའི་སྔར་བོད་ཀྱི་ལོ་རྒྱུས་ཐོག་གྲགས་པ་ཞིག་ཡིན། རྒྱལ་རོང་ཞེས་པའི་ཡུལ་ཁམས་འདི་བྱང་རྒྱུད་ཨ་མདོ་དང་ནུབ་རྒྱུད་ཁམས། ལ྄ྷོ་རྒྱུད་འབར་མའི་ཡུལ་དང་ཤར་རྒྱུད་རྒྱ་ནག་གི་ཡུལ་དང་ས་འབྲེལ་ཡོད་པའི་ས་ཁུལ་ཞིག་ཡིན་པ་འདྲ། འདིར་རང་ཉིད་ཀྱི་མཐོང་ཆོས་ཉམས་མྱོང་ཙམ་གྱི་ཐོག་ནས་གོང་གི་རྒྱལ་རོང་བ་རྒན་ལགས་རྣམ་པ་ཚོ་ནས་གསུང་རྒྱུན་ཐོས་པ་ཁག་ཅིག་འདིར་དྲན་ཐོ་ལྟ་བུར་འགོད་འདོད་བྱུང༌། དེ་སྔའི་བོད་ཀྱི་སྤྱི་ཚོགས་ནང་རྒྱལ་རོང་བའི་དགེ་བཤེས་མཁས་དབང་ཇི་སྙེད་ཅིག་འབྱུང་ཡོད་པ་ནི་ལོ་རྒྱུས་ཐོག་རྒྱལ་རོང་བ་དགའ་ལྡན་ཁྲི་པ་དང་བོད་ཀྱི་སྲིད་ཚབ། རྒྱལ་བའི་ཡོངས་འཛིན་དང་མཚན་ཞབས་དང༌། གདན་སའི་མཁན་བླ་དགེ་བཤེས་བཅས་ཀྱི་སྐོར་དེབ་ཐེར་ཁག་ལས་ཤེས་ཐུབ། བོད་ཀྱི་སྔར་གྱི་ལོ་རྒྱུས་ཐོག་རྩེ་ཕོ་བྲང་མདུན་གྱི་རྡོ་རིང་དེ་ཡང་རྒྱལ་རོང་བའི་དམག་མི་ཚོས་རྒྱ་ནག་ལ་ཕར་རྒོལ་གྱིས་གཡུལ་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན་བོད་དབུས་སུ་བསླངས་པའི་ཚུལ་རྒན་རིམ་ནས་ཐོས།
ཕྱི་ལོ་ ༡༩༥༩ ལོར་བོད་ནང་རྒྱ་དམར་གྱིས་བཙན་འཛུལ་སྐབས་གདན་གསུམ་གྱི་རྒྱལ་རོང་བའི་གྲ་གཞོན་དང་དེ་མིན་རྒྱལ་རོང་བའི་མི་སྣ་ལས་གྲུབ་པའི་རྒྱལ་རོང་དམག་སྒར་ཞེས་མི་གྲངས་བརྒྱ་ཕྲག་ལས་གྲུབ་པའི་དམག་་མིའི་རུ་ཁག་ཟུར་བསྐྲུན་གྱིས་ལྷོ་ཁ་གྲུ་གུ་ཐང་དུ་བོད་ཆོལ་གསུམ་དྭངས་ལངས་དམག་དང་ལྷན་དུ་རྒྱ་དམར་དང་འཐབ་པ་དང༌། ཁོང་རྣམས་ཀྱི་ལྷག་བསམ་དང་སྙིང་སྟོབས་དཔའ་འཛངས་གཞན་ལས་ལྷག་པའི མངོན་རྟགས་གསལ་པོར་བསྟན་ཏེ་ས་ཁུལ་ཉན་དཀའ་ཆེ་ཤོས་སུ་དགྲ་གདོང་བཀག་སྟེ་འཇིགས་མེད་དུ་འཐབས་པ་རྒྱལ་རོང་དམག་སྒར་རུ་ཁག་གི་དམག་མི་ཡོངས་རྫོགས་ཀྱི་ལུས་སྲོག་སྡེབ་གཅིག་ཏུ་བོད་མི་དམངས་ཀྱི་ཆེད་དུ་སྐབས་དེར་བློས་བཏང་པ་རེད་ཅེས་ཐོས། ལྷོ་ཁ་གྲུ་གུ་ཐང་དུ་དམག་འཐབ་སྐབས་ལྷག་བསམ་སྙིང་སྟོབས་ཨང་ཀི་དང་པོ་རྒྱལ་རོང་བ་རྣམས་དང༌། གཉིས་པ་ཆ་ཕྲེང་པ་རྣམས་ཡིན་པའི་སྐོར་བཤོད་མཁན་འདུག
ཕྱིས་སུ་བོད་མི་རྣམས་རྒྱ་གར་དུ་བཙན་བྱོལ་དུ་འབྱོར་སྐབས་རྒྱལ་རོང་སེར་སྐྱ་ཉུང་ཤས་ལས་འབྱོར་ཐུབ་མེད་པ་རྣམས་ནས་མང་ཆེ་བ་ཀ་ལ་མན་གྲུ་དང་ཤི་ལི་གུ་རི། འབེ་ལ་ཀོ་པ་བཅས་སུ་གནས་སྡོད་བྱས་པ་དང༌། ས་ཁུལ་གཞན་ཁག་ཏུ་ཡང་རྒྱལ་རོང་བ་ཉུང་ཤས་ཙམ་ལས་མཐོང་རྒྱུ་མེད། དཔེར་ན་ལྡི་ལི་མཛྣུཀཋིལ་རུ་རྒྱལ་རོང་ཐབ་མཁས་ཙམ་དང༌། ལྡི་ལི་ལ་དག་བྷུདྡྷབྷིཧར་རུ་རྒྱལ་རོང་ཨ་མ་སྒྲོལ་མ་ཙམ་ཡོད། སྔར་མོན་གྷོར་རྒྱལ་རོང་བ་ཁྱིམ་ཚང་བཞི་ཙམ་དང༌། རྡ་སར་རྒྱལ་རོང་བ་ཁ་ཤས་ཤིག བལ་ཡུལ་སྤོག་རར་རྒྱལ་རོང་བ་མི་གཅིག་དང་ཀ་ཋ་མན་གྲུར་རྒྱལ་རོང་བ་གཅིག༌། ཤི་ལོང་དུ་རྒྱལ་རོང་བ་གཉིས་དང་རྡོ་རྗེ་གླིང་མི་རིག་ཏུ་རྒྱལ་རོང་བ་གཅིག་དངསྒང་ཏོག་ཏུ་རྒྱལ་རོང་བ་གཅིག་དང༌། སུ་སིར་རྒྱལ་རོང་བ་གཅིག་དང་ཁེ་ན་ཋར་རྒྱལ་རོང་བ་རེ་གཉིས་བཅས་ལས་མེད། བོད་མི་མང་སྤྱི་འཐུས་སྐབས་དང་པོའི་ནང་ཀ་ལ་མན་ཏོན་ནས་རྒྱལ་རོང་ཁྲོ་སྐྱབས་དཔོན་རྡོ་རྗེ་སྤ་སངས་མདོ་སྨད་ཆོལ་ཁའི་ཁོངས་སུ་འོས་གདམ་ཐོན་ཡོད་པ་དང༌། ཉེ་ཆར་རྒྱལ་རོང་ཟླ་བ་ཚེ་རིང་ཟེར་པ་ཞིག་ཀྱང་མདོ་སྨད་ཆོལ་ཁའི་སྤྱི་འཐུས་སུ་འོས་ཐོན།
གདན་སའི་ནང་མོན་གྷོ་འབྲས་སྤུངས་རྒྱལ་རོང་ཁམས་ཚན་ནང་དེ་སྔ་བོད་གྱི་རྒན་ལགས་གསུམ་ཙམ་ཞིག་ཡོད་པ་དང༌། སེ་ར་རྒྱལ་རོང་ཁམས་ཚན་ནང་སེར་སྨད་མཁན་ཟུར་ངག་དབང་ཐེག་མཆོག སེར་སྨད་ཁྲི་ཡོངས་འཛིན་སྤྲུལ་སྐུ། སེར་སྨད་མཁས་མཆོག་རིན་པོ་ཆེ་བཅས་ཀྱིས་དབུས་སྔར་བོད་ཀྱི་རྒྱལ་རོང་བ་དགེ་འདུན་པ་ཏོག་ཙམ་མང་བ་མཇལ་རྒྱུ་ཡོད། རྒྱུད་སྨད་རྒྱལ་རོང་ཁམས་ཚན་ནང་དུ་ཡང་སྔར་བོད་ཀྱི་རྒྱལ་རོང་བ་རྒན་ལགས་འགའ་ཞིག་མཇལ་རྒྱུ་ཡོད་པ་བཅས་རྒན་ལགས་དེ་རྣམས་ཚང་མ་སྐྱེ་བུ་རང་བཞིན་བཟང་ལ་སྙིང་སྟོབས་དང་ལྷག་བསམ་ཅན་ཤ་ཏག་ཡོད། སྟབས་ལེགས་པ་ཞིག་ལ་ཉེ་བའི་ཆར་རྒྱལ་རོང་ལུང་པ་ནས་གྲ་རྒྱུན་གང་འཚམ་ཞིག་ཁམས་ཚན་དེ་དག་ནང་འབྱོར་ཐུབ་ཡོད་པ་ཡིན།
རྒྱལ་རོང་རྒྱབ་ཁག་བཅོ་བརྒྱད་ཀྱི་ལོ་རྒྱུས་ཤིག་བསྡུས་སྒྲིག་འབྲི་འཆར་གྱིས་མོན་གྷོ་རྒན་གསོ་ཁང་ནང་བསྡོད་རྒྱལ་རོང་ང་རོ་དར་རྒྱས་ནས་འབད་བརྩོན་གནང་ཀྱང་མཇུག་བསྐྱེལ་མ་ཐུབ་པར་ཁོང་རྒན་རྒོན་གཉིས་ཕྱི་ལོ་ ༡༩༨༠ སྐོར་ནང་ཕ་ཡུལ་དུ་ལོག་ཕེབས། ངོས་ནས་ཀྱང་ང་ཚོའི་རྒན་རིམ་རྣམ་པ་ཚོའི་གསུང་བགྲོས་འགའ་སྐབས་དེའི་རྒྱལ་རོང་ལོ་རྒྱུས་འཚོལ་བསྡུའི་ཆེད་ཟིན་བྲིས་བཏབ་མྱོང༌། ལོ་རྒྱུས་དེ་རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད་གཞིར་བཞག་པའི་ཐོག་ནས་གཏན་འབེབས་གནང་གི་འདུག དེ་དུས་དོགས་པ་གལ་ཆེན་པོ་ཞིག་ཡོད་པ་ནི་རྒྱལ་ཁག་བཅོ་བརྒྱད་པོ་དེ་མདོ་སྟོད་དང་མདོ་སྨད་གང་གི་ཁོངས་ཡིན་སྐོར་ལ་ཁ་གསལ་པོ་སུ་ལ་ཡང་བཤད་ཡེ་མེད་པ་ལྟ་བུ་འདུག རྒྱལ་ཁག་བཅོ་བརྒྱད་པོ་དེ་མདོ་སྟོད་དང་མདོ་སྨད་གང་ཡིན་གྱི་ཀླེང་སློང་དེ་ནི་རྒྱ་གར་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་གསར་དུ་བྱེད་དགོས་བྱུང་བ་ཞིག་ལས་ཕལ་ཆེར་དེ་སྔ་བོད་ནང་་ཀླེང་སློང་དེ་འདྲ་བྱུང་མ་མྱོང་བ་ལྟ་བུ་འདུག དེ་ནི་ངོས་ནས་བསམ་ཚེ་རྒྱལ་རོང་ནི་བོད་སིལ་བུའི་རྒྱལ་རབས་སྐབས་ནས་བཟུང་དུས་ཡུན་ཧ་ཅང་རིང་པོར་རང་བཙན་རྒྱལ་ཕྲན་དུ་ཆགས་ཏེ་གནས་སྟབས་དེས་རྐྱེན་གྱིས་ཡིན་སྲིད་སྙམ།
བོད་རྒྱལ་བོན་གྱི་ཆོས་ལུགས་རྗེས་འཇུག་དར་མས་སརྒྱས་པའི་ཆོས་ལུགས་རྗེས་འཇུག་པར་ཕམ་ཉེས་ཆེན་པོ་བྱས་པས་སངས་རྒྱས་པའི་ཆོས་པ་ལྷ་ལུང་དཔལ་རྡོར་གྱིས་དར་མ་ཕྱི་ལོ་ ༨༤༢ ལ་བཀྲོངས་པ་ནས་བཟུང་ཆབ་སྲིད་ཀྱི་ཐོག་ནས་བོད་ཆེན་པོ་ལ་དབང་བའི་རྒྱལ་རབས་མཇུག་རྫོགས་པ་དང་བོད་རྒྱལ་དར་མའི་སྲས་གཉིས་ཀྱི་ཡུམ་གཉིས་པོ་ཕྱོགས་སོ་སོར་རྒྱས་པ་དང་འབངས་གྱེན་ལོག་བྱུང་བ་ནས་བོད་སིལ་བུའི་ལོ་རྒྱུས་འགོ་ཚུགས། དེ་ནས་བཟུང་རིམ་པར་བོད་ཡུལ་ས་ཆ་རེ་དང་ལུང་པ་ཆུང་ཆུང་རེར་དབང་བསྒྱུར་བའི་སྡེ་དཔོན་རེས་མངའ་འབངས་ཉུང་ཟད་རེ་ལ་དབང་བསྒྱུར་བས་མཐའ་མཚམས་ཀྱི་བོད་དམག་རྣམས་ཡུལ་མཐའ་སོ་སོར་དབང་བསྒྱུར་ནས་རང་མོས་བཞིན་གཞིས་ཆགས་ཏེ་འཚོ་སྡོད་བྱས་པ་ལས་བོད་ཀྱི་སྨད་མདོ་ཁམས་ཞེས་པ་ཆགས་ཟེར། དུས་དེ་ནས་བཟུང་སྔར་གྱི་བོད་ཆེན་པོའི་མཐའ་མཚམས་འགའ་ཞིག་དཔེར་ན། རྒྱལ་དབང་ཏྭ་ལའི་བླ་མ་བཅུ་བཞི་པའི་འཁྲུང་ཡུལ་སྟག་ཚེར་ཡང་༧གོང་ས་མཆོག་དབུས་སུ་གདན་ཞུ་སྐབས་ཐད་ཀར་རྒྱ་ནག་གི་ཆབ་སྲིད་དབང་འཛིན་འོག་ཡོད་པ་དང༌། རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད་ཅེས་དངོས་ཡོད་རང་ལ་རྒྱལ་ཆུང་རང་བཙན་པ་བཅོ་བརྒྱད་པྱི་ལོ་ ༡༩༥༠ སྐོར་བར་ཆབ་སྲིད་ཀྱི་ཆ་ནས་རྒྱ་ནག་གཞུང་དང་བོད་གཞུང་གང་གི་ཀྱང་ཁོངས་སུ་མེད་པར་གནས་ཡོད།
གལ་ཏེ་བོད་སིལ་བུའི་རྒྱལ་རབས་ཀྱི་སྔོན་ལ་དེང་སང་གི་ཆོལ་གསུམ་སྟེ་མདོ་སྟོད། མདོ་སྨད། དབུས་གཙང་གྱི་རྣམ་གཞག་དེ་ཆགས་མེད་པ་ཡིན་ནམ། ཡང་ན་བོད་ཀྱི་མནའ་བོའི་བསངས་ཡིག་ནང་གསལ་བ་ལྟར་གྱི་ཆོལ་གསུམ་སྟེ་སྟོད་མངའ་རིས་སྐོར་གསུམ། སྨད་མདོ་ཁམས་གངས་དྲུག བར་དབུས་གཙང་རུ་བཞིའི་རྣམས་གཞག་དེའི་སྐབས་ཀྱི་ཆོལ་གསུམ་ལ་དགོངས་ཀྱི་ཡོད་དམ། ཁོང་རྣམས་ཀྱིས་ཆོལ་གསུམ་གྱི་རྣམ་གཞག་ཁག་གཉིས་པོ་དེའི་ས་མཚམས་ལ་ཚད་བཟུང་གསལ་པོ་འཆར་མ་ཐུབ་པ་ཡིན་ནམ། གང་ལྟར་རྒྱལ་རོང་བ་ནང་ཁུལ་དུ་ཡང་རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད་པོ་དེ་ཆོལ་གསུམ་གང་གི་ནང་དུ་གཏོགས་ལ་དོགས་སློང་མང་པོ་ཡོང་གི་འདུག
སྤྱིར་བཏང་བཤད་སྲོལ་ལ་རྒྱལ་རོང་ཁམས་པ་དང་མདོ་སྨད་རྒྱལ་རོང་དང་མདོ་ཁམས་རྒྱལ་རོང༌། ཡང་དེང་སང་འགའ་ཞིག་ནས་རྒྱལ་རོང་ཨ་མདོ་དང་ཨ་མདོ་རྒྱལ་རོང་ཟེར་མཁན་ཡོད་པ་ཐ་སྣད་དེ་དག་གི་འབྱུང་བ་དང་མིང་ཚིག་དེ་དག་གི་གོ་དོན་ཐོག་ལ་བགྲོ་གླེང་ཚད་ལྡན་ཞིག་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་བྱུང་མ་མྱོང་བ་ཞིག་ཡིན་སྲིད་ཅིང་སྔར་བོད་ནང་དུ་ཡང་མ་འབྱུང་བ་ཞིག་ཡིན་ནམ། གནད་དོན་དེ་དག་གསལ་པོ་བཟོ་བ་ནི་སྔར་བོད་རྒྱལ་མེས་དབོན་རྣམ་གསུམ་གྱི་དུས་རྒྱལ་རོང་ཡུལ་ཁམས་དེ་བོད་རྒྱལ་ཁབ་ཀྱི་ཁོངས་སུ་སྙོན་མེད་ཡིན་པའི་སྐབས་ཀྱི་ལོ་རྒྱུས་ལས་བརྩམ་ཏེ་གཟུ་གནས་ཆེད་ལས་མཁས་པ་ཁག་ནས་ཞིབ་འཇུག་གནད་འཕེར་ཞིག་དགོས་ངེས་ལ་ཐུག་བསྡད་པ་ཞིག་ཡིན་ནམ་སྙམ།
ཡང་དེང་སང་གི་ཆོལ་གསུམ་གྱི་རྣམ་གཞག་ནང་མདོ་སྨད་ཆོལ་ཁ་དང་ཨ་མདོའི་དབར་ལ་ཁྱད་པར་ཡོད་མེད་དེ་ཡང་ཁོང་ཚོའི་དྭོགས་གཞི་གཅིག་རེད། ཁ་ཅིག་ནས་རྒྱལ་རོང་མདོ་སྨད་ཡིན་ཡང་ཨ་མདོ་མིན། ཁ་ཅིག་ནས་རྒྱལ་རོང་ཁམས་པ་ཡིན་ཡང་མདོ་སྨད་ཡིན། ཁ་ཅིག་ནས་རྒྱལ་རོང་ཨ་མདོ་དང་མདོ་སྨད་གཉིས་ཀ་ཡིན། ཁ་ཅིག་ནས་རྒྱལ་རོང་རྒྱལ་རོང་ཡིན་ཨ་མདོ་མིན། ཡང་་ཁྲོ་སྐྱབས་རྒྱལ་པོ་རྡོ་རྗེ་སྤ་སངས་ནས་རྒྱལ་རོང་ནི་དེ་སྔ་རྒྱ་ཁོངས་བོད་ཁོངས་གང་ཡང་མ་ཡིན་པའི་རང་བཙན་ཡིན་ཟེར་མྱོང་བ་སོགས་སྣ་ཚོགས་ཡོང་གི་འདུག སྔར་གདན་སའི་ནང་དུ་རྒྱལ་རོང་ཁམས་པ་ཟེར་བ་ལས་རྒྱལ་རོང་ཨ་མདོ་ཟེར་བའི་སྲོལ་མེད་ཚུལ་གདན་སའི་རྒན་རབས་འགའ་ནས་ཐོས་མྱོང༌། ངས་བསམ་ཚེ་གནད་དོན་དེ་དག་ཀྱང་ལོ་རྒྱུས་དཔྱད་ཞིབ་ལ་བརྟེན་ཏེ་དེང་རབས་ཀྱི་ཡར་ཐོན་མི་མང་རིང་ལུགས་ཀྱི་ལམ་ནས་བསམ་བློ་གུ་ཡངས་པོས་འདས་པ་དང་ད་ལྟ་བ་མ་འོངས་པ་བཅས་ཀྱི་གནས་ཚུལ་དང་བོད་ཕྱི་ནང་ཐམས་ཅད་ཉ་དང་ཉུག་མ་ལྟ་བུར་མཉམ་བསྲེས་མ་བྱས་པར་སྐབས་སོ་སོར་དབྱེ་བ་དང་ཡུལ་དུས་གནས་སྐབས་ལ་བསྟུན་ཏེ་ལྟ་གྲུབ་སོ་སོའི་ཐོག་ནས་ལྷུག་པོར་གཏན་འབེབས་བྱེད་ཐུབ་ན་ཐབ་ལམ་བཟང་ཤོས་དང་དོགས་གཞི་དེ་དག་རང་ཞིར་འགྲོ་རྒྱུར་ཕན་པ་ཆེན་པོ་ཡོང་བ་སྣང༌།
གནད་དོན་དེ་དག་གི་ཐོག་དགའ་ལྡན་རྒྱལ་རོང་རྒན་ལགས་རྣམ་པ་ཚོའི་དགོངས་ཚུལ་དང་ཚོར་སྣང་གང་ཡོད་སྐབས་འདིར་བརྗོད་ན། དགའ་ལྡན་རྒྱལ་རོང་ཁམས་ཚན་ནང་གི་རྒན་ལགས་རྣམ་པ་སུས་ཀྱང་རྒྱལ་རོང་ཨ་མདོ་ཡིན་པ་དགོངས་ཀྱི་མེད་པ་མ་ཟད་རྒྱལ་རོང་མདོ་སྨད་ཆོལ་ཁའི་ཁོངས་སུ་ཡོད་པ་ལ་ཡང་རང་བཞིན་བསམ་བློར་བདེ་པོའི་ཚོར་སྣང་ཡོང་གི་མེད། སྔར་མོན་གྷོར་མདོ་སྨད་སྐྱིད་སྡུག་ཚོགས་པ་ཞིག་ཡོད་པ་ནས་སྐབས་རེར་ཁོང་ཚོར་མགྲོན་འབོད་ཡོང་གི་ཡོད་པ་དེ་དུས་རྒན་འཇམ་དཔལ་ཆོས་དར་ནས་རྒན་ཤོས་ཡིན་པའི་ཆ་ནས་ང་ཚོ་གྲ་པར་སྐྱིད་སྡུག་ཚོགས་པ་ཆེ་ཤོས་བླ་སྤྱི་དང་འབྲིང་གྲ་ཚང་ཆུང་བ་ཁམས་ཚན་ལས་གཞན་དགོས་ཡེ་མེད། ཞལ་འདེབས་ནི་འབུལ་གྱི་ཡིན་གསུངས་ཏེ་ཞལ་འདེབས་ཕུལ་བ་ཙམ་ལས་རྒན་ལགས་རྣམ་པ་སུ་ཡང་མདོ་སྨད་སྐྱིད་སྡུག་ཚོགས་སར་ནམ་ཡང་ཕེབས་ཀྱི་མེད། དེ་ནི་སྤྱིར་རྒན་ལགས་རྣམ་པ་ཚོ་རྒྱུན་ལྡན་ནས་ཆོས་ཀྱི་ནང་དོན་ལ་རྩེ་གཅིག་ཏུ་དགོངས་པ་ལས་ཆབ་སྲིད་ལ་ཐུགས་སྣང་མེད་པ་དང༌། གཉིས་ནས་རྒྱལ་རོང་མདོ་སྨད་ཟེར་བ་དེ་ཁོང་རྣམ་པ་ཚོར་ཐ་སྣད་སྔར་མེད་གསར་པ་གཅིག་ཆགས་ཀྱི་ཡོད་པའི་རྣམ་འགྱུར་རེད། རྒན་རྒྱལ་ཕྱག་བློ་བཟང་ཆོས་ལྡན་ལགས་ལོ་མང་དྷ་སར་དགེ་ལུགས་སྤྱི་འཐུས་གནང་སྐབས་རྡ་ས་དབུས་མདོ་སྨད་ཚོགས་པའི་ལས་ཤོག་ཐོག་ཨ་རྒྱལ་ཞེས་འབྲི་དགོས་པའི་འབོད་བསྐུལ་ཡང་ཡང་གནང་མྱོང་པ་ཁོང་ནས་གསུངས། དེ་ཡང་རྒྱལ་རོང་བ་ལ་མདོ་སྨད་ཀྱི་ཐ་སྙད་དེ་བདེ་པོ་རང་ཡོང་གི་མེད་པའི་རྒན་ལགས་ཀྱི་རྣམ་འགྱུར་ཞིག་རེད། རྒན་ལགས་སྡ་སར་དགེ་ལུགས་སྤྱི་འཐུས་གནང་སྐབས་རྡ་སའི་སྤྱི་འཐུས་ལྷན་ཁང་ལོ་ ༢༥ འཁོར་བའི་དུས་དྲན་ཆེད་སྤྱི་འཐུས་སྐབས་རིམ་བྱོན་གྱི་ལས་དོན་དང་འབྲེལ་བའི་དེབ་ཞིག་ལྷན་ཁང་ནས་བསྟོན་པ་དེའི་འགོར་བོད་ཀྱི་ས་ཁྲ་ཞིག་བཀོད་ཡོད་པ་དེར་རྒྱལ་རོང་ཞེས་དངོས་སུ་འཁོད་དགོས་པ་རྒན་ལགས་ནས་གསུངས་ཏེ་དེ་ལྟར་བཀོད་ཡོད་པ་དེ་ཡང་རྒན་ལགས་ནས་ཁམས་དང་ཨ་མདོ་དང་མདོ་སྨད་ཞེས་པའི་ཐ་སྙད་དེ་ཙམ་གྱི་ནང་རྒྱལ་རོང་ཁ་གསལ་ཐུབ་ཀྱི་མེད་པའི་ཚོར་སྣང་ཡོང་གི་ཡོད་པས་རེད། ཡང་ཕྱི་ལོ་ ༡༩༨༠ གྲང་ནང་སྐུ་ཚབ་ཚོགས་པ་རིམ་པ་གསུམ་བོད་ནང་བལྟ་སྐོར་བཏང་སྐབས་རྒན་ལགས་ནས་རྒྱལ་རོང་ལུང་པར་ཡང་ལྟ་སྐོར་གཏོང་དགོས་པའི་སྐོར་སྐབས་དེའི་རྡ་སའི་བཀའ་བློན་འཇུ་ཆེན་ཐུབ་བསྟན་ལ་གླེང་ཀློང་མང་པོ་གནང་ཚུལ་གསུངས་མྱོང༌། དེ་ཡང་ཨ་མདོར་བལྟ་སྐོར་བྱས་པ་དེས་རྒྱལ་རོང་ལ་ཕྱིན་པའི་གོ་ཆོད་ཀྱི་མེད་པའི་རྒན་ལགས་ཀྱི་རྣམ་འགྱུར་ཞིག་རེད་དམ།
འོན་ཀྱང་སྤྱིར་རྒྱལ་རོང་བ་རྒན་རིམ་དེ་ཚོ་སུ་ཡང་སྤྱི་ཚོགས་ནང་དོན་མེད་སྙོག་ཟིང་ནང་ཞུགས་འདོད་རྩ་བ་ནས་མེད་པ། རང་གཤིས་ཧ་ཅང་བརྟན་ཅིང་དྲང་བ། ལྷག་བསམ་དང་གཞན་ལ་བརྩི་བཀུར་ལྡན་པ། ལྷག་པར་སྒྲིག་འཛུགས་ཀྱི་ཁྲིམས་ལ་གུས་བརྩི་ཆེ་བ་བཅས་ལ་བརྟེན་ཁོང་རྣམ་པས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་རྒྱལ་རོང་ཆོལ་ཁ་གང་ཡིན་སྐོར་གྱི་སྙོག་གླེང་ཟུར་ཙམ་ཡང་སློང་མྱོང་མེད་པ་རེད། རྒྱལ་རོང་ཁྲོ་སྐྱབས་དཔོན་ཁྲི་བཅུ་རྡོ་རྗེ་སྤ་སངས་སྤྱི་འཐུས་གནང་སྐབས་རྡ་སར་རྒྱལ་རོང་ཡུལ་ལུང་དེ་སྔར་རྒྱ་བོད་གང་གི་ཡང་ཁོངས་སུ་མེད་པའི་རང་བཙན་ཅན་ཞིག་རེད་ཅེས་བརྗོད་མྱོང་བ་དེ་ཡང་ཁོང་གིས་རང་ཉིད་མདོ་སྨད་ཆོལ་ཁའི་སྤྱི་འཐུས་ཡིན་པར་སེམས་ནང་གི་ཚོར་བ་ངོ་མ་དང་མཐུན་གྱི་མེད་པའི་རྣམ་འགྱུར་ཡིན་སྲིད་དམ། ཁོང་གི་གཏམ་གླེང་དེའི་རྗེས་ཁོང་གི་དྲུང་ཡིག་དེང་དུས་ཀྱི་ཤེས་ཡོན་ཅན་རྒྱལ་རོང་ང་རོ་དར་རྒྱས་ཀྱི་བུ་ཞིག་ཡོད་པ་གློ་བུར་རྐྱེན་འདས་བྱུང་བ་དང༌། སྤྱི་ཚོགས་ནང་ཁྲོ་སྐྱབས་དཔོན་ལ་མི་དགའ་བའི་རྣམ་འགྱུར་བསྟན་མཁན་གྱི་མི་ཇི་མང་འཕེལ་ཏེ་དེ་ནས་བཟུང་ཁོང་སྤྱི་འཐུས་སུ་སྐྱར་འདེམས་མ་བྱུང༌། རྒན་སྐུ་ངོ་རྒྱལ་ཕྱག་ལགས་ནས་གསུངས་གསལ་ལ་ཁྲོ་སྐྱབས་དཔོན་སྤྱི་འཐུས་སུ་གདམ་པ་དེ་ནི་རྒྱལ་རོང་མདོ་སྨད་ཆོལ་ཁའི་ནང་ཞུགས་ཐབས་ཆེད་ཁོ་ན་ཡིན་པ་དང༌། དམིགས་ཡུལ་དེ་གྲུབ་རྗེས་རྒྱལ་རོང་བ་སུ་ཡང་མདོ་སྨད་ཆོལ་ཁའི་སྤྱི་འཐུས་ནང་འོས་གདམ་བྱས་མེད་པ་རེད་ཅེས་ཐོས།
རྒྱལ་རོང་ཡུལ་ལུང་དེ་དེང་སང་གི་མདོ་སྟོད་དང་མདོ་སྨད་གང་ཡིན་སྐོར་ལ་དོགས་གཞི་གཞན་ཞིག་ཀྱང་ཡོད་པ་ནི་རྒྱལ་རོང་བའི་སྐད་དང་གོམས་གཤིས་བཅས་དམིགས་བསལ་ཐུན་མོང་མ་ཡིན་པ་ཞིག་ཡོད་པ་དེ་ཡིན། དཔེར་ན། དེང་གི་ཆར་རྒྱལ་རོང་བ་རྒྱལ་སྤྱིའི་བོད་རིག་པ་མཁས་པའི་གྲལ་བཙན་ལྷ་ངག་དབང་ཚུལ་ཁྲིམས་ནས་རྒྱལ་རོང་བའི་སྐད་དང་རིག་གཞུང་གི་ཐོག་ཉམས་ཞིབ་བྱེད་བཞིན་པ་ལ་རྒྱལ་སྤྱིའི་བོད་རིག་པའི་ཁྱབ་ཁོངས་སུ་རྒྱལ་རོང་སྐད་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལ་དོ་སྣང་ཆེན་པོ་ཐོབ་ཡོད་པ་དང༌། བཙན་ལྷ་ངག་དབང་ཚུལ་ཁྲིམས་ནས་རྒྱལ་རོང་སྐད་ཀྱི་ཚིག་མཛོད་ཞིག་ཀྱང་ཕྱོགས་སྒྲིགས་ཐུབ་ཡོད་པ་ཡིན་ལ། ཁོང་གི་ཉམས་ཞིབ་ཀྱི་ཡིག་ཆ་ཁག་གཅིག་དེང་སང་ཨ་རིར་ལ་རྩེ་བོད་ཀྱི་རིག་གཞུང་ཁང་ནས་གཅེས་ཉར་གནང་གིན་ཡོད། ཡང་མི་སྣ་གྲགས་ཅན་འདི་ལོར་འདས་བགྲོང་སོང་བ་བོད་མི་རིགས་དམར་ཤོག་པ་རྒན་གྲལ་ཐེན་པའོ་སངས་རྒྱས་ཡེ་ཤེས་ཡང་རྒྱལ་རོང་བ་ཞིག་ཡིན་པ་དང༌། ཁོང་སྔར་ ༡༩༥༠ སྐོར་ནང་ལྷ་སར་དམར་ཤོག་པའི་ཀྲུ་ཤིའི་ལས་འགན་གནང་སྐབས་གདན་སའི་རྒྱལ་རོང་བ་རྒན་ལགས་ཚོ་དང་ཕན་ཚུན་མཇལ་འཁྲད་དང་འདྲིས་པ་ཆེན་པོ་ཡོད་ཚུལ་ཡང་རྒན་རྒྱལ་ཕྱག་ལགས་ནས་ཐོས་སོ། །
༼མཆན༽རྒྱལ་རོང་ལུང་ཚན་ཁག་གི་མིང་འབྲི་ལྟངས་ཐོག་ངོས་རང་གོམས་འདྲིས་ཆུང་བས་ཚིག་དོན་གཉིས་ཀའི་ཆ་ནས་ནོར་བ་མང་པོ་ཡོད་པ་དང༌། མ་འོངས་པར་རྒྱལ་རོང་ཡུལ་ལུང་གི་སྐོར་ལ་ཁུངས་འཕེར་ཡིག་རིགས་ལག་སོན་ཐུབ་ཚེ་ཟིན་བྲིས་འདི་ཡར་རྒྱས་གཏོང་ཐུབ་པའི་རེ་བས་གནས་སྐབས་རིང་ལོ་རྒྱུས་ཆ་ཤས་འདི་ཟིན་བྲིས་ཀྱི་ཚུལ་ཙམ་ཡིན། འདི་ནི་བོད་མི་བཙན་བྱོལ་སྤྱི་ཚོགས་ནང་ཤིན་ཏུ་ཉུང་བའི་རྒྱལ་རོང་མི་རིགས་ཀྱི་ལོ་རྒྱུས་ས་བོན་ཙམ་ཞིག་གོ། ཕྲན་གྱི་ཟིན་བྲིས་འདིའི་ཚིག་དོན་གཉིས་ཀའི་ཐོག་ཉེས་སེལ་ལེགས་སྤེལ་གྱི་དགོངས་འཆར་ཡང་གནང་བའི་རེ་བ་བཅས།
བཀའ་དྲིན་ཤིན་ཏུ་ཆེ། རྒྱལ་རོང་བ་ཨ་མདོའི་ཁོངས་ཡིན་མིན་གྱི་ཕྱོགས་སུ་ངའི་མགོ་ནང་ལ་མུན་པ་འཐིབས་འདུག་པས་ལན་གསལ་བོ་རེ་ཡོད་པ་ཞུ། ཡང་མིན་ན་རྒྱལ་རོང་བའི་ཕྱེད་ཀ་ཨ་མདོ་དང་ཕྱེད་ཀ་ཁམས་པའི་ཁོངས་སུ་འགྲོ་མིན་ལྟ་བུའི་རིགས་ཀྱི་ལན་ཞིག་སྐུ་མཁྱེན། དགེ་བ་ཡོད།
ན་ཉིན་གསེར་རྟའི་མི་རེ་གཉིས་ཀྱིས་སྐད་ཆ་འདི་འདྲ་ལྡབ་ལྡིབ་ཅིག་བཤད་ནས་ཡར་ལྡིང་མར་ལྡིང་བྱས་ཙང་དཔོན་པོ་རེག་པ་རེད་ཟེར། ད་ཡིན་ན་ཁྱོས་ཀྱང་ཉ་ཉོག་མང་པོ་ཞིག་བཤད་པ་མ་གཏོགས་དོན་དག་རྡོག་རྡོག་དེ་གོ་ས་ཞིག་ལ་བརྔན་གི་ཡོད་པ་འདྲ་བོ་འདུག་ག ད་ཡིན་ན་བོད་རང་དབང་རང་བཙན་མ་རེག་གོང་ལ་ནང་ཁུལ་གང་ལ་གཏོགས་མིན་གྱི་ཐོབ་ཐང་གླེང་བ་འདི་ངན་ལྟས་མིན་ན་ཡག་རྟགས་མ་རེད།
ཁྱོད་མི་ཤེས་ཡོན་ཅན་ཞིག་ཡིན་ན་གྱལ་རོང་དགྲ་ཁུངས་མ་ཡིན་པ་ཤེས་ན་དེ་གས་འགྲིག་ལེ་རེད། དགྲ་བོ་ལ་ཁ་གཏད་གཅོག་པའི་ནུས་པ་མེད་ན་ནང་ཁུལ་དཀྲུག་ཡ་ལས་བླ་རྒན་རྣམ་པ་མ་ཎི་བགྲང་བསྡད་ན་ཁེ་བཟང་ཆེ་ལེ་རེད། ཧ་གོ་སོང་ངམ།
དེ་ཡང་མི་བདེན་ཟེར་རྒྱུ་མི་འདུག མངའ་རིས་པ་ཚོས་ང་ཚོ་དབུས་གཙང་གི་ཁོངས་སུ་མི་གཏོགས་ཟེར་ནས་མངའ་རིས་སྤྱི་མཐུན་ཚོགས་པ་ཟེར་བ་ཞིག་བཙུགས་ནས་དབུས་གཙང་སྐྱིད་སྡུག་ལས་ལོགས་སུ་བུད་པ་འདྲ་བོ་འདི་རིགས་མང་སོང་ན་སྟོབས་ཤུགས་གཅིག་སྒྲིལ་ཟེར་བ་ཞིག་གང་ནས་ཡོང་།
ད་དུང་བསམ་བློ་གཏོང་ཤེས་དགོས་པ་ཞིག་ལ། རང་རེས་ནང་ཁུལ་ཆོས་ལུགས་དང་ལུང་པའི་ཞེན་ཁོག་བཤད་ནས་མ་འཐུས་མ་འགྲིག་པ་བཟོས་པ་མ་གཏོགས་ཨ་ཞང་གུང་ཁྲན་ལ་ཆོལ་ཁའི་དབྱེ་བ་མི་འདུག བོད་མི་ཞིག་ཡིན་ན་འགྲིག་གི་འདུག ཕོ་མོ་དང་རྒན་གཞོན་ལ་ཁྱད་པར་མི་འདུག སྡུག་གྱོང་གཏོང་ས་གཅིག་པ་རེད་འདུག ཨ་ལས་ངན་པོ།
དྲིན་ཆེན་ཚོ། རྩོམ་ཡིག་དེ་ལ་གསལ་བཤད་དམ་ཡང་ན་ཁ་སྣོན་ལྟ་བུའི་དོན་དག་བཤད་རྒྱུ་མེད་ན། ཨུ་ཚུགས་ཀྱིས་མཆན་འབྲི་དགོས་པ་ཞིག་ཨེ་ཡོད། ཁ་འཛིང་མ་གནང་རོགས། ངོ་ཚ་བ་ཞིག་འདུག དྲ་རྒྱའི་ཐོག་སུ་ཡང་ཡོང་སྲིད་ལ་གང་ལ་ཡང་ལྟ་སྲིད་པ་རེད། ངེད་ནི་དེང་སང་རྒྱལ་རོང་གི་ལོ་རྒྱུས་ལྟ་བུའི་ས་གནས་ལོ་རྒྱུས་ལ་སེམས་སྙེག་ནས་བསྡད་ཡོད། བོད་སིལ་བུར་འཐོར་དུས་ལྷ་ས་ནས་གཞུང་གི་མཇུག་འགྲིལ་བ་མ་གཏོགས། མཐའ་མཚམས་ཀྱི་གཞུང་གི་འཛིན་སྐྱོང་དེ་མུ་མཐུད་ནས་ལོ་བརྒྱ་ཕྲག་མང་པོར་བསྡད་ཚོད་འདུག འདི་ལ་རྒྱུ་མཚན་གཉིས་ཡོད། གཅིག་ནི། བཙན་པོའི་དུས་སྐབས་སུ་འདུན་མ་ཆེན་མོ་ཞེས་བློན་ཆེན་དག་གིས་སྟོད་སྨད་གང་སར་ཚོགས་ཆེན་བསྐོངས་ཤིང་རྒྱལ་ཁབ་སྲུང་སྐྱོབ་ཀྱི་ཇུས་བཏིང་བ་དང་། ཐག་རིང་བའི་ས་གནས་རྣམས་སུ་སྟོང་དཔོན་སོགས་ཀྱིས་དབང་བསྒྱུར་བ་སོགས་ཏུན་ཧོང་ནང་གསལ་བ་ལྟར་རེད། རྒྱུ་མཚན་གཉིས་པ་ནི། ང་ཚོས་དེང་སང་རྒྱལ་ཕྲན་ཞེས་འབོད་བཞིན་པའི་མཐའ་མཚམས་ཀྱི་ས་ཆ་རྒྱལ་མོ་རོང་དང་འཇང་། མི་ཉག ཙོང་ཁ་འདི་ཚོའི་སྐོར་ལ་ཤེས་རྒྱུ་ད་དུང་མང་ང་ལྷག་འདུག་སྙམ། གསུངས་དང་།
རེད་་་རེད་་་་གོ་གི བོད་ལ་རྒྱལ་ཁབ་མེད་དུས་རྒྱལ་ཕྲན་རྩོད་ཀྱི་འདུག འདི་ཨ་མའི་བུ་ཞིག་གི་འཇོན་རྟག་རེད།
ཆོལ་གསུམ་གྱི་ཐ་སྙད་འདི་བོད་ཀྱི་མཁས་དབང་ཁ་ཤེས་ཀྱི་སོག་པོ་ནས་བཟོས་པ་རེད་བརྗོད་ཀྱི་འདུག ཡིན་ཡང་ལོ་རྒྱུས་ཁ་ཤེས་ནང་བོད་རྒྱལ་ཁྲི་སྲོང་ལྡེ་བཙན་སྐབས་༼མདོ་སྨད་༽ཀྱི་ཐ་སྙད་འདི་ཡོད་པ་གསལ་བོ་རེད།
གོང་མ་ཆེན་ལུང་གི་ཁྲི་ལོ་སོ་དྲུག་པ་༡༧༧༡ ལོར་རྒྱལ་ཡོངས་ཀྱི་དམག་དཔུང་གི་ཕྱེད་ཀ་བཏང་ནས་ལོ་བཅུ་གཉིས་འཐབ་རྗེས་རྒྱལ་རོང་ཆུ་ཆེན་རབ་བརྟན་རྒྱལ་པོ་ཟངས་རྟ་མེ་འབར་མར་བསྐྱོན་ནས་རྔ་ལམ་དུ་བརྫངས་ཤིང་བོན་བསྟན་བསྣུབས། སྐབས་དེ་ནས་མན་ཇུའི་དབང་ཤུགས་སླེབས། རི་བོ་དགེ་ལྡན་པའི་བསྟན་པ་དར་རྒྱས་སུ་གྱུར། གསེར་རྟ་གང་དུ་གཏོགས་མིན་གྱི་རྩོད་པ་བྱུང་བ་དེ་ཡང་རྒྱལ་རོང་དང་འབྲེལ་བ་ཡོད་ཅེས་བརྗོད་ཆོག གསེར་རྟའི་ཡུལ་གྲུ་ཕལ་མོ་ཆེ་རྒྱལ་རོང་གི་ཁོངས་གཏོགས་སུ་གྱུར་མྱོང་། གསེར་རྟའི་གཞི་དག་གྲགས་ཅན་གསེར་གྱི་མགོན་པོ་འབྲོང་རི་འདིའི་མིང་ལ་ཡིག་ཆ་རྙིང་པ་ཚོར་རྒྱལ་རོང་བྲག་ལྷ་མགོན་པོ་ཞེས་བྲིས་འདུག རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད་ཅེས་པ་འདིའི་ཁོངས་སུ་དེང་སང་གི་ཁམས་མི་ཉག་ཀྱང་གཏོགས། མི་ཉག་ལྕགས་ལ་རྒྱལ་པོ་རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད་ཀྱི་ཡ་གྱལ་གཅིག་རེད། འོན་ཀྱང་ལྷོ་མཐའ་འབར་མ་དང་ཐུག་ཚུལ་སོགས་བཤད་པ་འདི་གེ་སར་སྒྲུང་གི་འབྲི་ལུགས་ཤིག་ན་ལས་དོན་དངོས་སུ་དེ་ལྟར་འཐད་པ་མིན། རྒྱལ་རོང་འདི་ལ་སྡེ་པ་གཞུང་གི་ཆབ་སྲིད་ཀྱི་ཤུགས་རྐྱེན་ངོ་མ་ཞིག་སླེབས་མ་མྱོང་བ་རེད། ཡུལ་དེར་བོན་དར་རྒྱས་ཆེ་བ་དང་ཆུ་ཆེན་རབ་བརྟན་རྒྱལ་པོས་མན་ཇུ་གོང་མ་ལ་མགོ་མ་སྒུར་སྟབས་མན་ཇུ་དང་དགེ་ལུགས་པ་གཉིས་ཀས་ཆོས་སྲིད་ཀྱི་དམིགས་ཡུལ་མི་འདྲ་བ་གཉིས་ཁྱེར་ནས་མཉམ་འབྲེལ་གྱིས་རྒྱལ་རོང་ལ་དམག་བརྒྱབ་པ་གསལ་པོ་རེད། ལྕང་སྐྱ་རོལ་པའི་རྡོ་རྗེའི་རྣམ་ཐར་དུ་དེའི་སྐོར་ཅུང་ཟད་ཙམ་རེ་ཡོད།
ཡིན་ན་ཡང་སིམ་ལའི་ཆིངས་ཡིག་གི་སྐབས་ཀྱི་བོད་ཕྱི་ནང་གི་ཐ་སྙད་དེའི་ཁོངས་སུ་རྒྱལ་རོང་གི་ཆ་ཤས་རོང་བྲག་རྫོང་འདིའི་མིང་དངོས་སུ་སྨྲོས་ནས་བོད་ནང་མའི་ཁོངས་སུ་བསྡུས་འདུག རོང་བྲག་རྫོང་གི་ཡན་དུ་ཡོད་པའི་ཆུ་ཆེན་རྫོང་དང་བཙན་ལྷ་རྫོང་སོགས་འདུས་པ་སྨྲོས་མེད་ཡིན། རྒྱལ་རོང་ལ་ཡུལ་སྐད་འཁྲེགས་པོ་ཞིག་ཡོད་པ་བདེན་ཡང་ཞིབ་ཏུ་བརྟགས་ན་བོད་སྐད་ཀྱི་དབུས་སྐད་དང་བརྡ་རྙིང་ལ་འབྲེལ་བ་ཆེན་པོ་དང་དེ་བཞིན་ལ་དྭགས་དང་སྦལ་ཏིའི་སྐད་དང་ཡང་འདྲ་ས་མང་པོ་འདུག་ཅེས་བརྗོད་མཁན་འདུག ཆས་གོས་ནི་ཀོང་པོ་རོང་དང་ལ་དྭགས་དང་ནེ་པ་ལིའི་མཐའ་མཚམས་ཁག་གཅིག་གི་གྱོན་ཆས་ལ་འདྲ་ས་མང་པོ་འདུག་སྙམ། མདོ་སྟོད་སྨད་གང་གི་ཁོངས་གཏོགས་སོགས་བརྗོད་ན་གཟུགས་ཤེས་གཉིས་ཀྱི་ཁོངས་སུ་ལྡན་མིན་འདུ་བྱེད་བསྡུས་པ་དང་འདྲའོ།
རྩོམ་ཡིག་འབྲི་མཁན་འདི་རྒྱལ་རོང་ལ་ཆ་རྒྱུས་ཆེན་པོ་མེད་ངེས་རེད། གང་གི་ཕྱིར་ཞེ་ན་རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད་པོའི་ས་མིང་དེང་སང་ཡང་མ་འགྱུར་གནས་ཡོད་སྟབས་མི་ཤེས་པ་གང་ཡང་མེད། ༡༩༥༩ བར་དུ་རང་བཙན་དུ་གནས་ཞེས་བརྗོད་པ་དེ་ནི་སྣ་ཅི་ལྟར་འཐེན་ཡང་ཁ་ནང་དུ་སླེབས་དཀའ་འོ། །
བོད་ཀྱི་ཆོལ་ཁ་ཆོས་ལུགས་གང་ཞིག་རྩོད་ཀྱང་ང་ནི་ཟུར་བལྟས་བྱེད་མཁན་དེ་ཡིན། ང་ནི་བོད་པ་ཡིན་པ་ལས་ཆོལ་ཁ་མེད། ང་ནི་ནང་པ་ཡིན་པ་ལས་ཆོས་ལུགས་མེད། ང་ཚོ་བོད་ཕུང་མཁན་ནི་ནང་ཁུལ་ལ་ཆོལ་ཁ་དང་ཆོས་ལུགས་མང་པོ་གསར་གཏོད་བྱེད་མཁན་དེ་ཚོ་རེད། གལ་སྲིད་བོད་དུ་ཆོས་ལུགས་བོན་ལས་མེད་ཅིང་ཆོལ་ཁ་བོད་ལས་མེད་ཚེ་ང་ཚོ་ད་ལྟའང་རང་བཙན་རྒྱལ་ཁབ་གཅིག་ཡིན་ཐག་ཆོད་རེད།
ད་ཤེས་སོང་། སྐུ་ཞབས་མིའུ་ཕྲུག་འདི་ངོ་མ་མི་རྣམ་དཔྱོད་ལྡན་པ་ཞིག་རེད། ཁོང་གི་གནས་ལུགས་ལ་རྒྱབ་རྟེན་བཅོལ་བའི་བྱ་དངོས་ལ་གདེང་འཇོག་བྱེད་སྟངས་འདི་ནི་རྗེས་སུ་ཡི་རང་གི་གནས་རེད། རང་དོན་ཡིད་བྱེད་ཀྱི་བསམ་བློའི་རྒྱབ་ལྗོངས་མཐུག་པའི་ཐེག་དམན་གྱི་བསྟན་པ་དར་སའི་རྒྱལ་ཁབ་དག་ལ་བལྟས་ན་གྲུབ་མཐའི་ཞེན་ཁོག་འཇིགས་པོ་འདི་ཅུང་དྲག་ས་རེད། ཡིན་ན་ཡང་ང་ཚོའི་ལུང་པར་ཅིག་བལྟས་ན་མི་མང་པོ་ཞིག་གི་སེམས་ནང་ཆོས་ལུགས་ཤིག་ཉམས་སུ་ལེན་པ་ལས་ཆོས་ལུགས་དེའི་ཞེན་ཁོག་འཁྱེར་རྒྱུ་དེ་གལ་ཆེན་པོ་དང་། ཆོལ་ཁ་ཞིག་གི་རྩ་དོན་བསྒྲུབ་པ་ལས་ཆོལ་ཁ་དེའི་ཞེན་ཁོག་བརྩད་ན་ལེགས་པའི་ལྟ་ཚུལ་ཡ་ང་བ་ཞིག་ཡོད་ས་རེད། སྐབས་རེར་དགེ་ལུགས་གྲྭ་པ་ཞིག་ཡིན་ན་རྙིང་མའི་དགོན་པའི་ནང་གི་ཇ་མི་འཐུང་བ་དང་། རྙིང་མའི་གྲྭ་པ་ཞིག་ཡིན་ན་དགེ་ལུགས་དགོན་པའི་ནང་གི་ཟས་མི་ཟ་བ་ལྟ་བུ་རྒྱུ་མཚན་ལྟར་སྣང་བ་རེ་ལས་མེད་པའི་ཆོགས་ལུགས་འཐེན་འཁྱེར་གྱི་སྣང་ཚུལ་འཇིགས་པོ་ཞིག་ངོ་མ་འདུག མི་སྐྱ་ཆོས་ཀྱི་གོ་དོན་མི་ཤེས་པ་ཞིག་ཡིན་ན་ཡང་དེའི་སེམས་ནང་ཆོས་ལུགས་ཀྱི་ཞེན་ཁོག་འཇིགས་པོ་ཞིག་དུག་རྩྭ་བཞིན་གཟེངས་བསྡད་ཡོད་པ་གང་མང་ཞིག་གིས་རང་ས་རང་ཡུལ་འདི་ཁེངས་བསྡད་འདུག དེ་ནས་དེའི་དུག་ཤུགས་དེ་བླ་གྲྭ་ཁ་ཤས་ཀྱིས་ཕྱི་གླིང་བ་ཚོར་ཡང་བསྒོས་ནས་ཁོ་ཚོས་ཀྱང་བོད་པའི་ཆོས་དེ་ཉམས་ལེན་བྱེད་རྒྱུའི་ཚབ་ཏུ་བོད་པའི་གད་སྙིགས་ཆོས་ལུགས་ཀྱི་ཞེན་ཁོག་ཁྱེར་ཡོང་གི་འདུག ངས་ནམ་རྒྱུན་དེ་ཚོར་ཆོས་ལུགས་ཀྱི་ཕྱོགས་རིས་ཁྱེར་ནས་ཆོས་སྤོང་གི་ལས་ངན་གསོག་པ་དེ་ནི་བོད་པའི་སྐྱེས་བུ་རྣམ་དཔྱོད་ཅན་དག་གིས་སྐྱག་དོང་དུ་རིང་ནས་འཕངས་ཟིན་པའི་བོད་པའི་གད་སྙིགས་ཤིག་རེད། ཁྱོད་ཚོས་བོད་པའི་ཁྱིམ་ཕུགས་ཀྱི་དམ་པའི་ཆོས་ལ་ཉམས་ལེན་བྱེད་ཀྱི་ཡིན་ཁྱིམ་འདབས་ཀྱི་གད་སྙིགས་ལ་ལག་པ་འཆང་གི་ཡིན་ཞེས་རྩེད་མོ་དང་སྦྲགས་ནས་ཤོད་མྱོང་།
རྒྱ་རོང་ཡུལ་སྐད་བཤད་ན་འདོད་གི
ཁྱི་ལ་་་་་ཁྱི་ན། མེས་པོ་ལ ་་་ ཨ་མྱེས། མིག་ལ་ དེ་མྱིག སྣ་ལ་་་ཀི་སྣ། གྲངས་རྩིས་ན ༡ ལ་དེ་རྒའི། ༢ལ་ ག་ཉིས ༣་ལ ག་སུམ། ༤ལ་གུར་བུ་ལི། ༥ལ་ཀི་ལྔ། ༦ལ་ཀི་དྲུག ༧ལ་ཀི་སྙིས། ༨ལ་བ་རྒྱད། ༩ལ་ཀི་དགུ
༡༠ལ་བཅུ ༡༡ལ་ཅ་ཏེག ༡༢ལ་ ཅ་གཉིས
འདིར་རྒྱལ་རོང་གི་ལོ་རྒྱུས་དང་འབྲེལ་བའི་རྩོམ་སྤེལ་བར་ཐུགས་རྗེ་ཆེ། རྒྱལ་རོང་འདི་ཕལ་ཆེར་མདོ་ཁམས་ཀྱི་ཁོངས་ནས་བོད་ཀྱི་ལོ་རྒྱུས་ནང་འཁོད་པའི་རྒྱལ་ཕྲན་སྔ་ཤོས་ཤིག་གི་གྲས་ཡིན་པ་རེད། ལོ་ཆེན་བེེ་རོ་རྒྱལ་རོང་དུ་སྤྱུགས་པའི་གནས་ཚུལ་བེེ་རོའི་འདྲ་འབབ་ཆེན་མོར་བཀོད་པ་དེ་ཚོ་བལྟས་ན་འདི་ཕལ་ཆེར་ཁྲི་སྲོང་ལྡེའུ་བཙན་གྱི་དུས་ཤིག་ནས་རང་བཙན་གྱི་བཟོ་འདྲ་བོ་ཞིག་འདུག ་་བོད་ཀྱི་རྟོག་ཆེན་པ་བྱུང་ངོ་ཟེར་ནས་རྒྱལ་མོ་མདོ་ཞེན་འཕན་བུས་སྣ་དྲངས་པ་རྣམས་ཀྱིས་ནན་བྱས། སྦལ་པའི་དོང་དུ་ཞག་གསུམ་བཅུག་་ཞེས་བོད་ཀྱི་རྟོག་ཆེན་པ་ཟེར་ནས་གཞན་ཞིག་ཡིན་པ་ལྟ་བུ་ཞིག་བཤད་འདུག ཡང་ ་་རྒྱལ་པོས་བཀའ་སྩལ་བ། བོད་ཀྱི་རྒྱལ་པོ་པུ་རྒྱལ་སྐྱོནཅན་འདི། ཆན་དུ་ཆུང་ལ་བྱ་བ་མང་བས་སྟེ།། ཆུང་མ་ལེན་ན་མཐའ་ཡི་ཁོལ་མོ་ལེན།། བཀའ་བློན་བྱེད་ན་ཉོན་མོངས་ཆེ་དགུ་བྱེད།། ཟས་སུ་ཟ་ན་ཤ་རྗེན་སྣ་དགུ་ཟ།། གོས་སུ་གོན་ན་མཐའ་ཡི་མོན་གོས་གོན།།ནོར་དུ་སྦྲེལ་ན་རྡོ་ལ་ནོར་བུ་སྲེལ།། ལས་སུ་བྱེད་ན་རྐུན་དང་དམག་དཔོན་བྱེད།། ལྷ་རུ་རྟེན་ན་གནོད་སྦྱིན་སྲིན་པོ་བརྟེན།། གྲོགས་པོ་འཚོལ་ན་གདུག་པ་ཀླུ་ལ་འཚོལ།། ཐོ་ཕྱིར་མ་མཐོང་རྒྱད་དུ་མིག་བལྟས་པས།། སྲིན་པོ་གདོང་དམར་རྒྱལ་པོ་འདོད་པ་ཅན།། གློ་བ་ཆེས་རྒྱུ་མ་བྱུང་བྷ་ཤི་ཁྱོད།། བློན་པོ་ཆེ་བཙུན་ཀུན་གྱིས་བཀའ་གྲོས་མཛོད།། སྦལ་བའི་དོང་ནས་ཤིག་གི་དོང་དུ་བསྐྱུར།། དགུ་བདུན་བར་དུ་དམག་དཔུང་མ་བྱུང་ན།། ཁྱོད་ཀྱིས་བཀའ་སྩལ་གཙོར་བགྱིད་སྤྱི་བོར་བཀུར་་ སོགས་བོད་རྒྱལ་ལ་ངན་སྨྲས་བྱེད་བབ་འདི་ལ་བལྟས་ན་ཡང་བོད་རྒྱལ་ཁོངས་མིན་པ་ལྟ་བུ་ཞིག་མི་འདུག་གམ།
ད་རུང་གོར་བོད་དམག་འཁྲུག་སྐབས་ཀྱང་སི་ཁྲོན་ནས་ཡོང་བའི་མན་ཇུའི་དམག་རོགས་དང་མཉམ་དུ་རྒྱལ་རོང་གི་མུ་མཐར་ཟེར་བ་ཞིག་གིས་མགོ་ཁྲིད་ནས་དམག་རོགས་ཡོང་ནས་རྒྱལ་རོང་གི་དཔའ་བོ་བརྒྱ་སྐོར་ཞིག་ཉིན་གཅིག་ལ་གྲོངས་པའི་ལོ་རྒྱུས་དགའ་བཞི་བའི་བྱུང་བ་བརྗོད་པའི་དེབ་ནང་གསལ་བ་མ་ཡིན་ནམ། ཡིན་ན་ཡང་། ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱི་རྣམ་ཐར་ནང་། ཁོང་དགུང་ལོ་ང་ལྔ་ཆུ་གླང་ལོ་ཞིག་ལ་དགོངས་ལམ་དུ་རྒྱ་རོང་ལ་རྒྱ་མིས་འཚེ་དོགས་ཆེ་བ་ཞིག་རྨིས་ཤིང་། དེ་ལ་ཁྲོ་བོ་རོལ་བའི་ཟློག་པ་འབུམ་གྲུབ་པ་ཞིག་བྱུང་ན་ཕན་སྙམ་ཤར་ཏེ། ་་་ དེ་ལྟར་ཡི་གེ་ཞིག་གནང་རྩིས་མཛད་ཀྱང་རིམ་འགྱངས་སུ་གྱུར་སོང་བ་ནི་དེའི་བསོད་ནམས་ཀྱི་སྐལ་བས་མ་འཆུན་པར་གདའ་། དེ་ནས་མི་རིང་བར་སྨད་ནས་རྒྱ་དམག་རྡོལ་ཏེ་རྒྱལ་ཁག་རྣམས་ལ་ཧ་ཅང་འཚེ་བ་ཆེ་ཞིང་མཐར་ཁྲི་སྐྱབས་མ་གཏོགས་རྒྱ་ཞབས་སུ་ཆུད་སོང་ནའང། འོན་ཀྱང་ཆོས་ལུགས་གྲུབ་མཐའ་སྔོན་རབས་ལྟར་གནས་ཆོག་པས་དེང་སང་རྒྱལ་བའི་བསྟན་པ་ལན་གཡོ་འཁྱུག་མ་བྱུང་བར་དར་བར་སྣང་ངོ་།་་་ཞེས་སོགས་གསལ་འདུག་པས་བརྟག་པར་བྱ།
ད་འདིར་དྲི་བ་ཞིག་ཚང་མར་ཡོད་པ་ནི། རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད་ཅེས་པའི་རྒྱལ་ཁག་འདི་རྒྱལ་ཁབ་བམ་ཡང་ན་རྒྱལ་ཕྲན་གང་ཞིག་གི་ཁོངས་ཀྱི་རྒྱལ་ཁག་གམ་སྡེ་ཁག་བཅོ་བརྒྱད་ལ་གོ་དགོས་སམ་ཡང་ན་རྒྱལ་ཕྲན་ཁག་བཅོ་བརྒྱད་ལ་གོ་དགོས། རྒྱལ་པོའི་མངའ་ཁོངས་སྡེ་ཁག་བཅོ་བརྒྱད་དམ་རྒྱལ་ཁབ་ཀྱི་མངའ་ཁོངས་སྡེ་ཁག་བཅོ་བརྒྱད་ལྟ་བུར་གོ་ན་ཅུང་འོས་པར་མཐོང་སྟེ་ཅི་གོ།
ཁྲི་སྐྱབས་མ་རེད་ཁྲོ་སྐྱབས་རེད། བསྟན་པ་ལན་གཡོ་འཁྱུག་མ་བྱུང་ཟེར་བ་དེ་མ་ཡིག་ན་ཡོད་པ་ལྟར་རང་འཇགས་བཞག་པ་ཡིན།
མགོན་པོ་ཕྱག་གཉིས་པ་ལགས། རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད་ཅེས་པའི་བརྩི་སྲོལ་ནམ་བྱུང་སོགས་མི་ཤེས། རྒྱལ་ཁག་བཅོ་བརྒྱད་འདི་དེང་སང་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་ཁོངས་གཏོགས་རོང་བྲག་རྫོང་གཅིག་པོའི་ཁོངས་སུ་ཡང་པ་ཝང་རྒྱལ་པོ་དང་བྲག་སྟེང་རྒྱལ་པོ་སོགས་རྒྱལ་ཁག་ཁ་ཤས་ཤིག་ཆགས་འདུག དེ་བཞིན་མི་ཉག་ལྕགས་ལ་རྒྱལ་པོ་འདི་ཡང་དེའི་ཁོངས་གཏོགས་གཅིག་རེད། རྒྱལ་པོ་ཟེར་ན་ཡང་འདི་ཚོ་ཚང་མ་མཚམས་རེར་ཁྲིམས་སྒོ་རང་བཙན་གྱི་ཚོ་དཔོན་དང་མཚམས་རེར་གཅིག་འོག་ཏུ་གཅིག་ཚུད་པ་མཚམས་རེར་མན་ཇུའི་གཞུང་གི་གོ་གནས་ལྟ་བུ་ཐོབ་ཐབས་བྱེད་པ་སོགས་མདོར་ན་གཅིག་ཏུ་དྲིལ་ནས་ཤོད་དཀའ་བ་ཞིག་རེད། འདི་ཚོའི་མང་ཆེ་བ་སྔོན་མ་ནས་མན་ཇུའི་གཞུང་གི་འོག་ཏུ་ཡོད་ཐོག་གོང་མ་ཆན་ལུང་གི་དུས་ནས་ཡོངས་རྫོགས་མན་ཇུའི་འོག་ཏུ་ཚུད་པ་རེད། ཡིན་ན་ཡང་ཆན་ལུང་གི་རྗེས་ནས་རྒྱལ་རོང་འདི་ས་བཙན་ཁུག་ཀྱོག་ཡིན་སྟབས་ཁྲལ་བསྡུ་ཁྲིམས་གནོན་ཤུགས་ཆེན་ཞིག་སླེབས་ཐུབ་མེད་པ་རེད། དགེ་འདུན་མཐར་ཕྱིན་གྱིས་ལྷོ་མཐའ་འབར་མ་དང་ཐུག་ཚུལ་སོགས་བཤད་པ་དེ་ཆེ་དྲགས་པ་རེད།
རྒྱལ་རོང་འདི་ཆོལ་ཁ་གང་གི་ཁོངས་སུ་གཏོགས་མིན་གྱི་བཤད་ཚུལ་འདིར་ལོ་རྒྱུས་ཀྱི་གནད་འགག་ཅིག་ཏན་ཏན་འདུག་སྙམ། འདི་སྔོན་སོག་པོས་བོད་ལ་དབང་སྒྱུར་སྐབས་བོད་ཡུལ་ཕལ་ཆེ་བ་ཆོལ་ཁ་གསུམ་གྱི་ཁོངས་སུ་བསྡུས་ནས་འཇམ་ཁག་ཀྱང་མང་པོ་ཞིག་བཙུགས་འདུག ཡིན་ན་ཡང་། དེ་སྐབས་མདོ་སྨད་ཤར་རྒྱུད་ཀྱི་རྒྱ་བོད་འདྲེས་མཚམས་སུ་སྲིད་འཛིན་སྡེ་ཁག་གཞན་ཞིག་བཟོས་ནས་འབྲུག་ཆུ་སོགས་དེའི་ཁོངས་སུ་དབྱེ་བགོས་བྱས་པ་ཞིག་དྲན། ཕལ་ཆེར་རྒྱལ་རོང་ཡང་དེའི་ཁོངས་ཡོད་བསམ་སོང་། དེ་ལ་བརྟེན་ནས་ཆོལ་ཁ་གསུམ་གྱི་གང་གི་ཁོངས་སུའང་མ་གཏོགས་པའི་གནས་ཚུལ་འདི་བྱུང་བ་མ་ཡིན་ནམ། ད་ངས་དཔེ་ཆ་གང་ཡིན་མིན་དྲན་གྱི་མི་འདུག རྒྱ་ཡིག་ནང་བྲིས་པའི་ཡོན་གྱིས་བོད་ལ་དབང་བསྒྱུར་ཚུལ་དེ་ཚོར་ལྟོས་དང། ཡང་མིན་ན། འབྲུག་ཐར་གྱིས་བྲིས་པའི་མདོ་སྨད་བྱང་རྒྱུད་ཀྱི་ལོ་རྒྱུས་དེའི་ནང་ཡིན་ན་མིན་ན་བསམ།
ཁ་ཤས་ཀྱིས་མི་ཉག་ལྕགས་ལ་རྒྱལ་པོ་འདི་རྒྱལ་རོང་གི་རྒྱལ་ཁག་བཅོ་བརྒྱད་ཀྱི་ཁོངས་གཏོགས་ཤིག་རེད་འདོད་ཀྱི་ཡོད་པ་འདྲ། སྲོང་བཙན་སྒམ་པོས་མི་ཉག་རྒྱལ་པོའི་སྲས་མོ་རུ་ཡོང་བཟའ་ཁབ་ཏུ་བཞེས་འདུག་པར་གཞིགས་ན། མི་ཉག་གི་ལོ་རྒྱུས་འདི་ཡང་ཧ་ཅང་རིང་པོ་ཡོད་པར་སྣང་། མི་ཉག་ལའང་རྒྱལ་པོ་མི་རབས་བཅུ་བྱོན་འདུག་པ་དང་། ཇིང་གར་རྒྱལ་པོའི་སྟོབས་ཤུགས་ཀྱིས་མི་ཉག་དབང་དུ་བསྡུས་སྟབས་མི་ཉག་གི་རྒྱལ་རབས་མཇུག་བསྒྲིལ་འདུག མི་ཉག་ལྕགས་ལ་རྒྱལ་པོ་འདི་ཡོན་རྒྱལ་རབས་ཀྱི་སྔོན་ལ་བྱོན་པ་ཞིག་ཡིན་ན། རྒྱལ་རོང་གི་ཁོངས་གཏོགས་ཤིག་ཨེ་ཡིན་འདོད། ཕྱིས་སུ་བྱོན་པ་ཞིག་ཡིན་ནའང་། མདོ་ཁམས་སྒང་དྲུག་གི་ཡ་གྱལ་དུ་མི་ཉག་རབ་སྒང་ཟེར་བ་ཞིག་ཡོད།
བོད་ལ་གོར་དམག་གིས་དབང་ཤུགས་སླེབས་དུས། མན་ཇུའི་གོང་མར་གཞོགས་འདེགས་ཡོང་བར་ཕོ་ཉ་མངགས་འདུག་ཀྱང་། མན་ཇུའི་གོང་མས་གོང་མའི་དམག་དཔུང་དང་། སོ་ལོང་དམག་དཔུང་། རྒྱལ་རོང་དམག་དཔུང་སོགས་བོད་ལ་བཏང་འདུག་པར་བལྟས་ན། སྐབས་དེར་རྒྱལ་རོང་ནི་མན་ཇུའི་གོང་མའི་རྒྱལ་ཁབ་ཀྱི་ཁོངས་གཏོགས་ཤིག་ཡིན་པ་གསལ་པོ་རེད། དགའ་བཞིའི་བྱུང་བ་བརྗོད་པ་ཟོལ་མེད་གཏམ་གྱི་རོལ་མོའི་ནང་། སྐབས་དེའི་རྒྱལ་རོང་གི་དམག་དཔུང་གི་རྣམ་པ་ནི་འདི་འདྲ་ཞིག་བྲིས་འདུག ‘‘རྒྱལ་མོ་རོང་པོའི་དཔོན་དམག་རྣམས་དཔུང་བུ་ཆུང་གི་ཚུལ་དུ་རྐང་འགྲོས་རྟ་ལས་ཀྱང་མགྱོགས་པར་བསྐྱོད་དེ། ཕས་རྒོལ་ནགས་སུ་བྲོས་པ་རྣམས་ལ་ཐག་རིང་པར་མེ་མདའ་དང་། ཉེ་བར་རལ་གྲིའི་འཕྲུལ་འཁོར་གྱི་སྒོ་ནས་གོར་དམག་ས་སྲུང་པ་རྣམས་མཚན་འགེབས་ཀྱིས་བཅོམ་’’པར་བརྟགས་ན་རྒྱལ་རོང་གི་དམག་དཔུང་ནི་དམིགས་བསལ་ཅན་ཞིག་ཡོད་ཚོད་འདུག སྐབས་འདིར། ཕྱག་བཞི་བས། རྒྱལ་རོང་གི་མུ་མཐར་ཟེར་བ་ཞིག་གིས་མགོ་ཁྲིད་ནས་ཞེས་མཆན་བུ་ཞིག་བྲིས་འདུག་སྟེ། དེབ་གང་ཡིན་མི་དྲན། སྐབས་དེའི་རྒྱལ་རོང་གི་དམག་དཔོན་ནི་འབྲུག་ཐར་ཟེར་བ་ཞིག་ཡིན་པ་ངའི་ཡིད་ལ་གསལ་པོ་འདུག དམག་དཔོན་འབྲུག་ཐར་ཟེར་བ་དེ་ཡིན་ཚེ་བོད་མིང་ཞིག་ཡིན་པའང་ཟུར་བལྟས་ལེབ་མཐོང་རེད། ད་དུང་། ཕྱག་བཞི་བས་ཤར་རྫ་བའི་རྣམ་ཐར་ནང་གི་ཚིག་དུམ་ཞིག་དྲངས་འདུག ངས་སུ་ལ་བསྟན་པའི་རྒྱལ་མཚན་གྱིས་མཛད་པའི་ཤར་རྫ་བ་བཀྲ་ཤིས་རྒྱལ་མཚན་གྱི་རྣམ་ཐར་དེ་བྐླགས་མྱོང་། དེབ་དེའི་ནང་དེ་འདྲ་ཞིག་ཡོད་པ་མཐོང་མ་སོང་། ཕལ་ཆེར་དེབ་མ་གཅིག་པ་མིན་འགྲོ
རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད་ཅེས་གྲགས་ནའང་། རྒྱལ་ཁོངས་སྡེ་ཁག་བཅོ་བརྒྱད་དང་མངའ་ཁོངས་སྡེ་ཁག་བཅོ་བརྒྱུད་ཟེར་ན་ཅུང་འོས་པར་སྙམ། དཔེར་ན། ཞང་ཞུང་ལྟ་བུ་རེད། སྔོན་གྱི་དུས་སུ། ཞང་ཞུང་ཟེར་བ་སྤྱི་ཏི་དང་། གར་ཞྭ། ཟངས་དཀར་བཅས་ལུང་པ་གསུམ་གྱི་སྤྱི་མིང་ཡིན་ལ། སྐབས་སྐབས་སུ་ཞང་ཞུང་ཟེར་བ་སྤུ་ཧྲེང་དང་། གུ་གེ སྤྱི་ཏི། གར་ཞྭ། ཟངས་དཀར། བུ་རིག མར་ཡུལ། བླ་དྭགས་སོགས་ཀྱི་སྤྱི་མིང་ལྟ་བུ་ཡིན་ནའང་། མཚམས་མཚམས་སུ་སྡེ་ཁག་རེ་ལ་རྒྱལ་པོ་རེ་བྱོན་པའི་བཟོ་འདྲ་པོ་འདུག
མགོན་པོ་ཕྱག་གཉིས་ལགས། ངས་མཉམ་མ་བཞག་པར་ཕྱག་བཞི་བ་ཅེས་བྲིས་འདུག དགོངས་དག་ཞུ། བཀྲ་ཤིས་བདེ་ལེགས།
༡ དགའ་བཞི་བའི་རྣམ་ཐར། བོད་ལྗོངས་མི་དམངས་དཔེ་བསྐྲུན་ཁང་ནས་ ༡༩༨༨།༨ པར་དུ་བསྐྲུན་པ།ཤོག་གྲངས་༤༧༦ འོག་ནས་ཡར་བརྩིས་ཏེ་ཐུག་ཕྲེང་བརྒྱད་པའི་མཇུག་དང་བདུན་པའི་མགོར། ་་རྒྱལ་རོང་དཔོན་གཙོ་མུ་མཐར་ཟེར་བས་མཚོན་གཙོ་དྲག་ཁ་ཤས་་ ཞེས་གསལ།
༢ ཤར་རྫ་བཀྲ་ཤིས་རྒྱལ་མཚན་གྱི་རྣམ་ཐར། དབྲ་སྟོན་བསྐལ་བཟང་བསྟན་པའི་རྒྱལ་མཚན་གྱིས་མཛད་པ། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་ནས་ ༡༩༩༠།༣ པར་དུ་བསྐྲུན་པ། ཤོག་གྲངས་ ༢༥༣ ཐིག་ཕྲེང་བཞི་པ་ནས་མར་ཀློག་དང་དེར་གསལ།
ཨོ་ཡ། ཁོམ་པ་འདྲ་ཡོད་ན་བསྐྱར་དུ་བལྟ། ཐུགས་རྗེ་ཆེ།
ཁམས་མི་ཉག་དང་མི་ཉག་རྒྱལ་རབས་ (༡༠༣༧ནས་༡༢༢༧) གཉིས་གཅིག་པ་མ་རེད། དེ་གཉིས་ཀྱི་གདུང་རྒྱུད་གཅིག་པ་ཡིན་པ་ལོ་རྒྱུས་རྣམས་ཞལ་མཚུངས་ཀྱི་ཡོད་པ་འདྲ། རྒྱལ་མོ་འབྲུག་པས། ་་རྒྱའི་ཡི་གེ་ལྟར་ན་བོད་ཆེན་པོའི་སྲིད་གཞུང་མ་བཙུགས་གོང་མདོ་སྨད་ཤར་མཐའི་འབྲུག་ཆུའི་རྒྱུད་གཙོས་པའི་ཡུལ་རྣམས་སུ་གནས་པ་དང་། ཕྱིས་འཐབ་འཁྲུག་སོགས་ཀྱི་རྐྱེན་ལས་དུམ་བུར་ཆད་དེ་ལྷོ་བྱང་གཉིས་སུ་གྱེས་པ་ལས་ལྷོ་པ་ནི་དེང་གི་ཁམས་མི་ཉག་སོགས་དང་བྱང་པ་རྣམས་ད་ལྟའི་ཉིང་ཞྰ་ལྗོངས་ཕྱོགས་སུ་བྱོན་པ་ལ། རྗེས་ནས་བོད་སིལ་བའི་སྐབས་སུ་དེང་གི་གྲོང་ཁྱེར་ཡུན་ཁྲོན་གྱི་ཉེ་འདབས་རྒྱལ་ས་བྱས་ནས་ཏྰ་ཞྰ་གོ་སྟེ་མི་ཉག་ཆེན་པོའི་རྒྱལ་ཁབ་བྱ་བ་བཙུགས་་ ཞེས་གསལ། རྒྱ་བོད་ཚིག་མཛོད་ནང་ཇིང་གུར་རྒྱལ་བོས་མི་ཉག་རྒྱལ་ཁབ་བཅོམ་པའི་རྗེས་སུ། དེའི་གདུང་རྒྱུད་ལྷོ་ཕྱོགས་སུ་བསྐྱོད་དེ་མདོ་ཁམས་སྒང་དྲུག་གི་ནང་གསེས་མི་ཉག་སྟེ་དར་རྩེ་མདོའི་ནུབ་རྒྱུད་དུ་གཞིས་ཆགས་ཚུལ་བཤད།
སྲོང་བཙན་སྔོན་ནས་མདོ་ཁམས་ཕྱོགས་ལྡོང་མི་ཉག་གི་རྒྱུད་པ་ཡོད་པ་གསལ་བོ་རེད། བོད་རྒྱ་ཚིག་མཛོད་ཆེན་མོའི་སྐད་ཆ་དེར་བརྟག་དགོས་ཀྱི་འདུག དེའི་ནང་གྲུ་གུ་ཡང་ཐུའུ་ཡུ་ཧོན་ཡིན་པར་བཤད་འདུག
དུང་དཀར་ཚིག་མཛོད་ལ་ལྟ་བཞིན་ཡོད། འདི་ལྗིད་མོ་ཞིག་རེད། དེབ་འདི་འདྲ་ལྗིད་མོ་ཞིག་ད་སྔར་ལག་ཏུ་བླངས་མ་མྱོང་། ཨ་ལ་ཀུ་རེ་ཡིན། རྒྱལ་རོང་གི་སྐོར་བཙལ་བ་ཡིན་ཏེ། ཚིག་ཟུར་ཙམ་ཡང་མི་འདུག དངོས་གནས་རྒྱལ་རོང་འདི་འདི་ཡང་གནད་འགག་ཅིག་རེད། དགའ་བཞི་བའི་རྣམ་ཐར་མི་གཅིག་གིས་གཡར་སོང་།
ཁ་ནས་བཤད་རྒྱུན་འགར་རྒྱལ་རོང་མ་རེད་རྒྱ་རོང་རེད་ཟེར་བ་ཡང་ཡོང་། བོད་པའི་སྤྱི་ཚོགས་ནང་ཁ་ཤས་ཀྱི་བསམ་པར་རྒྱལ་རོང་ལ་རྒྱ་རོང་ཟེར་ནས་རྒྱ་ནག་གི་ཁོངས་སུ་བརྩི་མཁན་ཡང་འདུག དེ་འདྲ་སོང་ཙང་རྒྱལ་རོང་ལོ་རྒྱུས་འདི་བོད་པའི་སྤྱི་ཚོགས་ནང་ཤེས་མཁན་ཧ་ཅང་ཉུང་ཉུང་རེད་བསམ་ཀྱི་ འདུག གོང་དུ་བཀོད་པའི་རྒྱལ་རོང་གི་སྐོར་དཔྱད་པ་དེ་ཚོ་དངོས་ནས་ལེགས་པོ་དང་ཕན་པ་ཆེན་པོ་རེད་ རྒྱལ་རོང་ལ་རྒྱ་རོང་ཟེར་བ་དངོས་གནས་ལོ་རྒྱུས་ཀྱི་དེབ་དེ་འདྲའི་ཁུངས་ཡོད་མེད་ཡང་འཚོལ་དགོས་པ་ཞིག་འདུག
རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད་པོའི་མིང་ཆ་ཚང་དང་ས་ཁྲ་དེ་འདྲ་ཡོད་ན་མཆན་ནང་འགོད་རོགས།
རྒྱལ་རོང་ལོ་རྒྱུས་ཀྱི་དེབ་ཟུར་དུ་ཡོད་པ་དེ་འདྲ་མཐོང་ན་ཡང་མཚན་བྱང་ཆ་ཚང་འགོད་རོགས་གནང་།
ཁྱེད་ཀྱི་ལག་ཏུ་རྒྱལ་མོ་འབྲུག་པས་བརྩམས་པའི་བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ་ཡོད་པ་འདྲ། ཁྱེད་རང་གིས་དེབ་དེའི་ནང་གི་ལུང་མང་པོ་ཞིག་དྲངས་ཡོང་གི་འདུག རྒྱ་གར་དུ་ཡོད་དུས་དེབ་དེ་གཟབ་གནན་གྱིས་ཐེངས་གཅིག་བྐླགས་པ་ཡིན། ཁོང་གིས་དེབ་དེའི་ལེའུ་ཁ་ཤས་ཤིག་མཚོ་སྔོན་བོད་ཡིག་གསར་འགྱུར་ཐོག་བཀོད་མ་ཐག ྐློག་པ་པོའི་དགའ་བསུ་ཐོབ་སྟབས་གཞི་ནས་དེབ་ལ་བརྒྱུས་པ་འདྲ། ཁ་ལ་གཤེད་འབབ་ཀྱི་ཁ་ཤས་ཀྱིས་དེབ་དེ་རྒྱལ་མོ་འབྲུག་པས་བརྩམས་པ་མིན་པར་དོན་གྲུབ་རྒྱལ་གྱིས་བརྩམས་པ་རེད། རྒྱུ་མཚན་ནི་སྐབས་དེར་རྒྱལ་མོ་འབྲུག་པས་རྒྱ་ཡིག་ཡག་པོ་མཁྱེན་གི་མ་རེད། བཤད་རྒྱུན་ཞིག་ལ་སྐབས་དེར་དོན་གྲུབ་ཀྱིས་བརྩམས་པའི་ལོ་རྒྱུས་ཤིག་བོར་བརླག་ཏུ་ཕྱིན་འདྲ། དེབ་དེ་རྒྱལ་མོ་འབྲུག་པའི་ལག་ཏུ་སོན། ཁོང་གིས་དེར་འཕྲི་སྣོན་འགའ་བྱས་རྗེས་དཔར་དུ་བཏབ་པ་རེད་ཟེར། སྐད་ཆ་འདིར་ཉན་རྒྱུ་མེད་གི སྐད་ཆ་ལྡོམ་པོ་འདི་ནི། དཔེར་ན། ཞྭ་སྒབ་པའི་སྲིད་དོན་རྒྱལ་རབས་དགེ་ཆོས་ཀྱིས་མཛད་པ་རེད་ཅེས་པ་དང་འདྲ་པོ་འདུག་ མ་གཞི་ནས་འདི་འདྲའི་སྐོར་ཤེས་ན་ཡག་པོ་རེད། འདི་ང་རང་གི་བསམ་ཚུལ་ཡིན།
དེ་འདྲ་ཞིག་ཨེ་ཡིན། དོན་གྲུབ་རྒྱལ་མ་གཤེགས་པའི་ཡར་སྔོན་ཞིག་ནས་མཚོ་སྔོན་སློབ་གསོ་ཞེས་པའི་དུས་དེབ་ཏུ་རྒྱལ་མོ་བའི་བོད་ཀྱི་ལོ་རྒྱུས་གླེང་བའི་གཏམ་འདི་བརྒྱུད་འགོད་བྱས་ཡོད་པ་ཞིག་དྲན་གི་འདུག
འདི་མོ་འདི་བཤད་ན་སྙིང་པོ་མེད་གི དེ་ལས་རྒྱལ་རོང་གི་ལོ་རྒྱུས་འདི་ཤེས་ཐུབ་ན་ཡག་པོ་རེད། ྐླུ་སྨྱོན། རྒྱལ་རོང་གི་སྐོར་ལ་གསུང་རྒྱུ་འདྲ་མེད་དམ། ང་ལ་འདྲི་རྒྱུ་ཞིག་རེད། སྨད་མདོ་ཁམས་སྒང་དྲུག་གི་ཡ་གྱལ་དུ་གྱུར་པའི་ཚ་བ་རབ་སྒང་ཞེས་པ་དེ་དེང་སང་ཡུལ་ལུང་གང་ཞིག་ལ་གོ་གི་ཡོད་དམ། མཁྱེན་མཁན་འདྲ་ཡོད་དམ།
རེད། རེད། མཚོ་སྔོན་སློབ་གསོ་རེད། མཚོ་སྔོན་བོད་ཡིག་གསར་འགྱུར་མ་རེད། དེ་མིན་འདིའི་སྐོར་ལ་ཚིག་གཅིག་ཀྱང་བཤད་རྒྱུ་མིན། ཕན་ཐོགས་མེད་གི
དེ་ནི་ལི་ཐང་ཤོག་ཁ་བཅོ་བརྒྱད་ནང་གི་ཚ་བ་དཔལ་ཤོད་ཅེས་པར་གོ་གི་ཡོད་བསམས། ཡིན་ན་ཡང་ས་རྒྱུས་ཆུ་རྒྱུས་ཡོད་པ་ཞིག་ལ་དྲིས་ན་བཟང་། འབྲས་སྤུངས་བློ་གསལ་གླིང་ན་ས་ཆ་དེ་ནས་ཡོང་བའི་གྲྭ་རྒྱུན་སྡོད་སའི་ཚ་བ་ཁམས་ཚན་ཞིག་ཡོད་ལ་གྲྭ་ས་གཞན་ན་ཡང་མེད་འགྲོ།
ཚ་བ་དཔལ་ཤོད་གཅིག་པུར་གོ་ན་ཁྱབ་རྒྱ་ཆུང་ཆུང་རེད་སྙམ། རྗེས་སུ་བརྟག
ཚ་བ་རོང་དང་རྒྱལ་རོང་གཉིས་ཁ་ཁ་སོ་སོ་རེད། ཚ་བ་རོང་ཞེས་པ་དེ་དེང་སང་ཆབ་མདོ་ཀྲོན་ཆུས་ཀྱི་ཁོངས་གཏོགས་མཛོ་སྒང་རྫོང་དང་དཔའ་ཤོད་རྫོང་དང་སྤོ་མདའ་སོགས་རེད། ཆབ་མདོ་གནམ་གྲུ་འབབ་ཐང་ཡོད་ས་དེ་ཡང་ཚ་བ་གོས་ཆེན་ཐང་ཞེས་འབོད་ཀྱི་རེད། ས་ཆ་དེ་ཚོ་དུས་འགྱུར་སྔོན་ལ་ཆབ་མདོའི་ཁོངས་གཏོགས་འདྲ་མ་རེད། དེ་ཚོ་ཁམས་སྟོད་ལྷོ་རྒྱུད་དུ་ཁེལ་ཡོད་རེད། ཀོང་པོ་དང་འདབ་འབྲེལ་རེད།
ད་ལྟ་ང་ཚོས་གླེང་བཞིན་པ་དེ་ཤར་རྒྱལ་མོ་རོང་གི་སྐོར་རེད། དེ་ཁམས་སྨད་ཀྱི་ཤར་རྒྱུད་རྒྱ་བོད་ཀྱི་ས་མཚམས་དུ་ཁེལ་ཡོད་རེད། དེ་གཉིས་ཀ་ཡང་བོད་ཀྱི་རོང་ཆེན་བཞིའི་ཡ་གྱལ་རེ་རེ་རེད། ས་ཁམས་ཀྱི་སྟེང་ནས་བཤད་ན་རྒྱལ་མོ་རོང་འདི་རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་རྒྱུད་དུ་ཆགས་པའི་ལུང་པ་དེ་ཚོ་རེད། རྒྱལ་མོ་རྔུལ་ཆུ་ཞེས་པ་དེ་རྡོ་ཁོགས་སྨར་ཁོགས་མཛི་ཁོགས་གསེར་ཁོགས་སོགས་ཀྱི་ཆུ་ཚང་མ་གཅིག་ཏུ་འདྲེས་པ་དེ་ལ་རྒྱལ་མོ་རྔུལ་ཆུ་ཟེར་ཞིང་འབྲི་ཆུ་དང་འདྲེས་འགྲོ་གི་རེད། ལ་ལས་སྨར་ཁོགས་ཀྱི་ལུང་ལག་ཅིག་ལ་ཡང་བརྩིས་ནས་སྨར་མ་ངན་མ་ལ་བུ་དགུ་ཞེས་བགྲངས་སྐབས་སྨར་ཁོགས་ཀྱི་ཡན་ལག་གཅིག་ཆགས་འགྲོ་གི་རེད། དེང་སང་རོང་བྲག་རྫོང་གཅིག་པོ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་ཁོངས་གཏོགས་ཡིན་པ་ལས་གཞན་ཆུ་ཆེན་དང་བཙན་ལྷ་རྫོང་སོགས་རྫོང་ཁག་གཞན་རྣམས་རྔ་བ་བོད་རིགས་ཆང་རིགས་རང་སྐྱོང་ཁུལ་གྱི་ཁོངས་སུ་ཡོད་པ་དེ་ཚོ་རེད། བཻ་རོའི་རྣམ་ཐར་དུ་རྒྱལ་མོ་ཚ་བ་རོང་ཞེས་མིང་གཅིག་ཏུ་གསུངས་འདུག་མོད་བཻ་རོ་ཡུལ་གྱར་དུ་བཞུགས་ས་དེ་རྒྱལ་མོ་རོང་ཡིན་པ་ལ་རྩོད་པ་མེད།
སྦལ་བ་ལ་ཁུང་ནང་ལ་བསྡད་ཀྱང་བསམ་པ་གླིང་དཀར་སྟོད་ཅེས་པ་ཅི་མ་བདེན། ས་མཐའ་སྡེ་མཐར་གྱར་བའི་སྤྲང་པོ་གཡོག་པོ་ང་ཚོས་ཀྱང་ཕ་ཡུལ་གླེང་། ཕ་ཡུལ་གྱི་རི་ཆུ་གླེང་། ཕ་ཡུལ་གྱི་ལོ་རྒྱུས་གླེང་། ཕ་ཡུལ་གྱི་རྒྱ་ཁྱོན་གླེང་།
རྨ་ཆུའི་འབྲོག་ཁུལ་ནས་བཙོངས་པའི་འབྲོག་ཁྱི་གོང་ཆེན་ཞིག་ལན་ཀྲུའུ་ནས་འདོགས་ཐག་བཅད་ནས་རྨ་ཆུ་བརྒལ་ཞིང་ཟླ་གཅིག་ཙམ་གྱི་འགྲུལ་བཞུད་རྗེས་སྤྱི་ལེ་བཞི་བརྒྱའི་ཕ་རོལ་གྱི་ཕ་ཡུལ་རྨ་ཆུར་སླེབས་པ་རེད་ཟེར། དེ་དང་མཚུངས་པར་ང་ཚོར་ཡང་ཕ་ཡུལ་དྲན་པའི་ཚོར་སྣང་དེ་ག་ཚོད་མེད་ཅེས་བརྗོད་ཀྱང་ཡུལ་གྱར་བ་ཚང་མའི་སེམས་ལ་ཚོར་བ་ལྗིད་ཏིག་ཏིག་རེ་འདུག་ཨང་། གཏམ་དཔེར། ས་མཐའ་ནི་མི་སྐྱིད། མཛོ་འཕོང་ནི་མི་བདེ། སྙིང་རེ་རྗེ་ཨང་།
སྤོབས་པ་བདེན། ཚ་བ་སྒང་འདི་ཚ་བ་དཔའ་ཤོད་དང་ཚ་བ་མཛོ་སྒང་སོགས་ཡུལ་ལུང་རྒྱ་ཆེ་ཙམ་གྱི་མིང་ཡིན་པ་འདྲ། ལྷག་པར་དུ་རྒྱལ་མོ་དངུལ་ཆུའི་རྒྱུད་ཀྱི་རྫ་རྒྱུད་མཐོན་པོ་དེ་ཚ་བ་སྒང་དང་ཆུ་རྒྱུད་ནས་མར་རོང་ཁོངས་དོག་མོའི་རྒྱུད་དུ་ཚ་བ་རོང་སོགས་ཆགས།
ང་ཚོ་མང་ཆེ་བས་ཕལ་ཆེར་ཤེས་ན་ཡང་གསལ་བཤད་བྱེད་འདོད་པ་ཞིག་ནི། ཡོངས་གྲགས་ཀྱི་རྒྱལ་མོ་དངུལ་ཆུའམ་ཞྭ་སྒབ་པའི་དེབ་ནང་རྒྱ་མོ་སྔོ་ཆུ་ཟེར་བ་འདི་ཆབ་མདོ་བརྒྱུད་འབར་མའི་ཕྱོགས་སུ་འབབ་པ་སིལ་ཝན་རྒྱ་མིས་སར་ཝན་ཟེར་བ་དེ་ཡིན། དེ་དང་རྒྱལ་རོང་རྒྱལ་མོ་དངུལ་ཆུ་གཉིས་མི་གཅིག རྒྱལ་རོང་རྒྱལ་མོ་དངུལ་ཆུ་ནི་སྨར་ཁོག་ནས་ཛམ་ཐང་དང་རྒྱལ་མོ་རོང་བརྒྱུད་རྒྱ་མིས་སྨིན་ཅང་ཟེར་བར་འདྲེས་པ་འདི་ཡིན། འདི་ཡང་བཅོལ་བའི་སྐྲ་མ་བཞར་བར་མ་བཅོལ་བའི་ཁ་སྤུ་བཞར་བ་ཙམ་ཡིན། སྤོབས་པ་མཐའ་ཡས་འདི་སྡེ་དོན་ཚོ་དོན་བཤད་ན་སྣང་བ་མཐུན་ས་ཞིག་རེད།
དགེ་འདུན་མཐར་ཕྱིན་ཟེར་བ་དེས་དམིགས་ཡུལ་གང་གིས་རྒྱལ་རོང་གི་སྐོར་ལ་རྩོམ་ཡིག་སྤེལ་བ་མི་ཤེས་ཀྱང་མི་འདིས་རྒྱལ་རོང་གང་དུ་ཡོད་མེད་ཙམ་ཡང་གསལ་པོ་གོ་མི་འདུག མི་འདི་ལ་ཁག་མི་འདུག མི་འདི་གྲྭ་སའི་ལྕགས་རི་བརྒལ་མ་མྱོང་བའི་བླ་རྒན་སྐོར་གཅིག་གི་ཚིག་དུམ་རེ་བསྒྲུགས་པ་མ་གཏོགས་ཕ་ཡུལ་མིག་གིས་མཐོང་མ་མྱོང་མཁན་ཞིག་གིས་ཕ་ཡུལ་གྱི་ལ་རྒྱ་གླེང་བ་རེད་འདུག མི་རྒྱུས་ཡོད་ཀྱི་སྔོན་དུ་གཏམ་རྒྱུས་མེད་བཤད་དགོས་པའི་ཁྲལ་འདི་སུས་བཀལ་བ་ཡིན་ནམ། རྒྱལ་རོང་གི་ལྷོ་མཐའ་འབར་མ་དང་ཐུག་ཚུལ་སོགས་བཤད་པ་འདི་ཁར་སང་ལ་ལ་ཞིག་གིས་གླེང་སློང་བྱུང་བ་ལྟར་ཚ་བ་རོང་དང་རྒྱལ་མོ་རོང་གཉིས་གཅིག་ཏུ་འཁྲུལ་བ་ཡིན་སྲིད། དེ་དང་ཆ་མཚུངས་པར་ྐླུ་སྨྱོན་གྱིས་ལི་ཐང་ཤོག་ཁག་བཅོ་བརྒྱད་ཅེས་པའི་ཁོངས་སུ་ཚ་བ་དཔའ་ཤོད་ཅེས་པ་ཞིག་ཡོད་ཚུལ་སོགས་གླེངས་སོང་། ལི་ཐང་ཤོག་ཁག་བཅོ་བརྒྱད་ཅེས་པ་ཞིག་ཀྱང་ཡོད་མེད་མི་ཤེས་མོད་ཚ་བ་དཔའ་ཤོད་དང་ལི་ཐང་གཉིས་ཀྱི་བར་དུ་སྡེ་ཚོ་བ་དེ་སྙེད་ཅིག་གིས་ཆོད་ཅིང་ལེ་དབར་བདུན་བརྒྱ་བརྒྱད་བརྒྱ་ཞིག་ཀྱང་ཡོད་སྟབས་འདི་གཉིས་གཅིག་ཏུ་སྒྲིལ་ནས་བཤད་པ་ནི་གཟུགས་ཀྱི་ཁོངས་སུ་ལྡན་མིན་འདུ་བྱེད་བསྡུས་པ་དང་འདྲའོ། ། ང་ཚོའི་དྲྭ་གྲོགས་ཚོའི་འཛམ་གླིང་ལག་མཐིལ་དུ་ཡོད་སྐད་ཀྱི་ཁ་ཕོ་དེ་ཡང་དེ་ཀ་ཙམ་དུ་ཟད་འདུག་སྙམ་དགོས་བྱུང་།
སྤོབས་པ་་་། དགེ་འདུན་མཐར་ཕྱིན་གྱི་དམིགས་ཡུལ་མི་ཤེས་་་་ཨེ། དམིགས་ཡུལ་དེ་ག་རང་རེད།
དགེ་འདུན་མཐར་ཕྱིན།རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད་ཀྱི་མིང་ཨ་ལགས་ཙ་ཡུས་ཀྱིས་བརྩམས་པའི་ ་་ངའི་ཕ་ཡུལ་གྱི་ལོ་རྒྱུས་་ ནང་བཀོད་པ་ལྟར་ན། ༡ ལྩགས་ལ། ༢ མགོ་སྨད་དམ་ཀ་ལ། ༣ མགོ་སྟོད། ༤ དགེ་ཤིས་ཙ། ༥ པ་ཝམ། ༦ བྲག་སྟེང་། ༧ མུ་ཕྱི། ༨་མདའ་མདོ། ༩ བཙན་ལྷ། ༡༠ འོག་གཞི། ༡༡ ལུང་དགུའམ་མདོ་གླིང་། ༡༢ རྒྱལ་ཁ། ༡༣ སོ་མང། ༡༤ ཅོག་ཙེ། ༡༥ རྫི་འགག ༡༦ བསྟན་པ། ༡༧ ཁྲོ་སྐྱབས། ༡༨ ཆུ་ཆེན་བཅས་རེད།
འགུ་ལོག་དམ་ཆོས་དཔལ་བཟང་གི་འགུ་ལོག་གི་ལོ་རྒྱུས་གཉན་པོ་གཡུ་རྩེའི་བསང་དུད་ནང་ཡང་ཨ་ལགས་ཙ་ཡུས་ཀྱི་འདི་ཇི་མ་ཇི་བཞིན་གོ་རིམ་ཙམ་ཡང་མ་ནོར་བར་བཀོད་འདུག་པས་འདི་ཕལ་ཆེར་ཁུངས་དག་པོ་མིན་འགྲོ་སྙམ།
རྒྱལ་རོང་གི་སྐོར་ཟུར་དུ་དེབ་འདི་ཟེར་ནས་ཅང་བཤད་རྒྱུ་མེད། མདོ་སྨད་ཆོས་འབྱུང་ནང་གང་འཚམས་ཡོད་རེད། གཞན་རྒྱལ་རོང་ཕྱོགས་ཀྱི་དགོན་སྡེ་དང་མཁས་དབང་ཚོའི་རྣམ་ཐར་ནང་ཁྱེད་རང་ལ་ལོ་རྒྱུས་ཐོ་རེ་བ་རེ་རྙེད་སྲིད། ད་ལྟའི་རྒྱ་ཡིག་ནང་བྲིས་པ་དེ་ཚོ་ལས་མང་ཙམ་རྙེད་ཐུབ། རྒྱ་ནག་གི་ལོ་རྒྱུས་ནང་བོད་ལ་ངོས་འཛིན་པའི་ཆང་ཟེར་ནས་རིགས་མི་འདྲ་བ་མང་པོ་ཞིག་ཡོད་པ། ཆེད་དུ་རྒྱ་དང་འཐབ། ཆེད་དུ་རྒྱ་དང་གྲོགས་བྱས་སྡོད་པ་དེ་ཚོའི་ལོ་རྒྱུས་ཡར་སྔོག་ན་ལོ་སྟོང་གསུམ་ཡས་མས་ཀྱི་ལོ་རྒྱུས་རྙེད་ཐུབ།
ཕྱག་གཉིས་པས་རྙེད་པ་དེ་ཀ་རང་རེད། དེ་ལས་ཁུངས་དག་ཅིག་མེད། ངས་ཀྱང་དཔེ་ཆ་ཁ་ཤས་ལས་དེ་ཀ་རང་མཐོང་བྱུང་། བསྟན་པ། པཝམ། བྲག་སྟེང་གསུམ་ཀ་དེང་སང་རོང་བྲག་རྫོང་གཅིག་པོའི་ཁོངས་སུ་ཡོད་རེད། ལྕགས་ལ་ཟེར་བ་དེ་མི་ཉག་ལྕགས་ལ་རྒྱལ་པོའི་མིང་རེད། ཁྲོ་སྐྱབས་དང་ཅོག་ཙེ་སོགས་ཆུ་ཆེན་རྫོང་གི་ཁོངས་སུ་ཡོད་རེད། འདི་ལྟར་བསམ་སྐབས་རྒྱལ་རོང་ལ་སྒྲོ་འདོགས་ཟོལ་བསྟོད་ཤིག་གི་སྒོ་ང་ཙམ་ཞིག་མ་བྱས་ན་ཡང་ས་ཁྱོན་དང་མི་འབོར་གང་ཐད་ནས་བལྟས་ཀྱང་དེང་སང་གི་འབྲུག་པ་རྒྱལ་ཁབ་ཙམ་ཞིག་ཡོད་ངེས་རེད། རྔ་བ་བོད་རིགས་ཆང་རིགས་རང་སྐྱོང་ཁུལ་གྱི་རྫོང་མང་ཆེ་བའི་སྟེང་དུ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་རོང་བྲག་རྫོང་བསྣན་ཚེ་ས་ཁྱོན་ཆེན་པོ་རེད། རྒྱལ་ཁག་ཅོ་བརྒྱད་ཅེས་པ་དེ་དུས་སྐབས་གཅིག་གི་བརྩི་སྲོལ་ལས་ད་ལྟའི་རྒྱལ་རོང་དེ་ལྟ་བུའི་ཆེན་པོ་ཞིག་ཀྱང་མ་རེད། དཔེར་ན་ལྕགས་ལ་རྒྱལ་པོའི་མངའ་ཁོངས་རྒྱལ་རོང་གི་ཁོངས་སུ་བགྲངས་ན་དེང་སང་གི་མི་ཉག་དེ་ཡང་རྒྱལ་རོང་ཡིན་པ་ཅགས་དགོས་ཀྱི་རེད།
དེས་ན་རྒྱ་རོང་ཡོངས་རྫོགས་རིགས་སྦྲ་ཁོ་ན་ཡིན་རྒྱུ་མ་རེད། དེའི་ནང་རིགས་ལྡོང་ཡང་ཡོད་དགོས་པ་འདྲ།
ཕྱག་གཉིས་པ། རྒྱལ་རོང་འདིར་མཚམས་མཚམས་ལ་རྒྱལ་པོ་སྐད་གྲགས་ཆེ་བ་རེ་བྱུང་ནས་ཡུལ་གྲུ་མང་པོ་བདག་བཟུང་བྱས་སྐབས་རྒྱལ་རོང་ཆེ་རུ་སོང་བ་དང་མཚམས་མཚམས་སུ་ཁ་འཐོར་སིལ་བུར་གནས་པ་ཞིག་ལས་རྒྱལ་ཁག་བཅོ་བརྒྱད་ཅེས་པ་འདི་རྒྱལ་རོང་གི་རུས་རྒྱུད་གཅིག་པའི་མིང་ཞིག་མིན་ངེས་ཅན་རེད། རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད་ཅེས་པའི་བརྩི་སྲོལ་དེ་ཕལ་ཆེར་མན་ཇུའི་རྒྱལ་རབས་ཀྱི་དཀྱིལ་ཡས་མས་ཤིག་ལ་བཏགས་པ་མིན་འགྲོ་སེམས། ཁུངས་གང་ཡང་མེད། བསམ་གཞིག་བྱ་ས་འདུག
གུང་ཁྲན་གྱིས་བོད་ལས་ཆང་ཡིན་ན་ཅིག་ལོགས་སུ་བཀར་ནས་སྲིད་དོན་ནག་པོ་ཞིག་འཐེན་པ་དེར་ཨ་ཁུ་དམུ་དགེ་སོགས་མཁས་དབང་བསམ་ཡོད་ཁ་ཤས་ཀྱིས་མི་འདོད་པའི་ཐལ་བ་མང་བོ་བཏང་ཡོད་རེད། ཡིན་ནའང་ཁྱེད་ཅག་གིས་ད་དུང་དེ་གཉིས་ལོགས་པ་འདྲ་ཞིག་བཀར་ནས་སྐད་ཆ་ཤོད་བཞིན་པ་ཤེས་བཞིན་ཁྱད་བསོད་ཡིན་ནམ་མ་ཤེས་ཤེས་ཁུལ་ཡིན། ལན་ཁ་གསལ་ཞིག་གི་རེ་བ་ཡོད།
གུང་ཁྲན་འདི་བས་ད་དུང་སྐད་གདངས་ཅུང་ཙམ་མི་འདྲ་བ་ལ་བརྙད་བཏགས་ནས་བོད་རིགས་དུམ་བུ་མང་བོར་བགོས་དང་བགོ་ཨེ་ཐུབ་གི་བལྟ་བཞིན་ཡོད། དཔེར་ན། སྐུ་མདུན་འཁྲུངས་སའི་གཡས་གཡོན་གྱི་བོད་པར་ཡང་བོད་རིགས་རེད་མི་ཟེར་བར་༼ཇ་ཤིའི་ཕའ༽ཡིན་ན་ཅིག་ཟེར་གི་འདུག དེ་བཞིན་བོད་ཀྱི་མཐའ་ཁུལ་ན་དེ་འདྲ་གང་མང་མཐོང་ཡ་ཡོད་རེད། ང་ལོ་འགའི་གོང་ལ་བོད་མཐའི་ས་ཆ་དེ་འདྲར་འགྲོ་མྱོང་། ས་དེའི་ཡུལ་མིས་གདངས་ཅུང་མི་གཅིག་པའི་༼༡ཐིག ༢ནིས ༣སམ ༤བི་ཞི ༥ལ་ང ༦གུ་རིག ༧ ཉེ་སི་ ༨གྱད ༩དུ་གུ ༡༠བཅུས༽བོད་སྐད་བཤད་གི་འདུག ས་དེའི་ཡུལ་མི་རྒན་རབས་པས་བཤད་ན་ཁོང་ཆོ་ནི་བོད་རིགས་གཙང་མ་ཡིན་རུང་ལོ་མང་བོའི་གོང་དུ་བོད་པས་ལོགས་སུ་བཀར་བ་རེད་ཟེར། སྐབས་དེར་ང་རང་དབང་མེད་པར་ངུ་ཤོར་སོང་ལ། མིས་མིན་པ་ཡིན་པར་བཟོ་དུས། བོད་པས་ཡིན་པ་མིན་པར་བཟོ་ཨེ་ཐུབ་བལྟ་བ་འདིར་ངས་བསམ་བློ་གཏོང་ཤེས་མ་སོང་།
ཆང་ཟེར་བ་འདི་ལ་རིགས་མང་པོ་ཞིག་འདུག གནས་བོའི་རྒྱའི་ནུབ་ཕྱོགས་ཀྱི་ར་ལུག་འཚོ་བའི་མི་རིགས་ཤིག་ལ་ངོས་འཛིན་གྱི་ཡོད་པ་རེད། འདི་ཚང་མ་བོད་རེད། འདི་རྒྱ་ཡི་མིང་འདོགས་ཚུལ་ཞིག་རེད། ཁ་ཤས་ཀྱིས་འཇང་ཟེར་ནས་བསྒྱུར། ཁ་ཤས་ཀྱིས་སྤྱང་ཟེར་ནས་བསྒྱུར། ངས་བལྟས་ན་འདི་གཉིས་ཀ་མི་འཇུག རྒྱ་ནག་གི་ལོ་རྒྱུས་ནང་གི་ཆང་གི་སྐོར་བཤད་དགོས་བྱུང་ན་ཚིག་འདི་བེད་སྤྱོད་མ་བཏང་རང་བཏང་ཆགས་ཀྱི་འདུག བོད་ཀྱི་ལོ་རྒྱུས་དང་འབྲེལ་ནས་བཤད་ན་ལོ་གཅིག་སྟོང་ལྷག་གི་ལོ་རྒྱུས་མ་གཏོགས་མེད་པ་རེད། དེ་སྔོན་གྱི་ལོ་རྒྱུས་བྲིས་ཡོང་ན་རྒྱ་ནག་གི་ལོ་རྒྱུས་ནང་ཡང་ཡང་ཡོང་གི་ཡོད་པའི་ཆང་ཟེར་བ་འདིར་འབྲེལ་ཡོད་པ་རེད། དེ་བཤད་དགོས་ན་ཆང་གི་མིང་འདི་བེད་སྤྱོད་མ་བཏང་རང་བཏང་རེད། དམུ་དགེ་བསམ་གཏན་ཚང་གིས་ཆང་ཟེར་བ་འདི་བོད་ཀྱི་རུས་ཁོངས་ནང་ཡོད་པའི་སྤྱང་ཕྲུག་ཡེ་ཤེས་ལྷའི་སྒྲོན་མེ་ཟེར་བའི་སྤྱང་དང་སྦྲེལ་ནས་བཤད་ཡོད་པ་རེད་བསམ་སོང་། དོན་དངོས་སུ་ཆང་དང་སྤྱང་གཉིས་གཅིག་པ་ཡིན་པའི་རྒྱུ་མཚན་འདང་ངེས་ཤིག་ཡོད་པ་མ་རེད་བསམ། ཏང་ཞང་ཆང་ཟེར་བ་དེ་མི་ཉག་ཡིན་པ་དང་། མི་ཉག་གི་རུས་ལྡོང་ཡིན་པ་ཙམ་ཤེས་ཀྱི་ཡོད་པ་བརྟེན་ནས་འགའ་རེས་ཏང་ཞང་ཆང་ལ་ལྡོང་སྤྱང་ཟེར་ནས་བསྒྱུར་གྱི་འདུག དོན་དངོས་ཀྱི་ཐོག་ནས་ཏང་དང་ལྡོང་གཉིས་ཕན་ཚུན་ཟུར་ཆགས་པ་ཡིན་པ་ཚན་རིག་དང་མཐུན་པའི་རིག་པས་སྒྲུབ་དགོས་ན་ཁག་པོ་ཆགས་ཀྱི་ཡོད་པ་རེད་བསམ། དེ་བས་ངས་ཆང་རང་བེད་སྤྱོད་བཏང་བ་ཡིན། མ་འགྲིགས་པ་ཡོད་ན་དགོངས་འགལ་མེད་པ་ཞུ།
དེས་ན་མི་ཉག་གིས་གྲངས་ཀ་བརྩི་སྟངས་བོད་སྐད་དང་མི་མཐུན། འཇའ་པན་གྱིས་གྲངས་ཀ་བརྩི་སྟངས་བོད་དང་ཕལ་ཆེར་མཐུན། འདི་ཅི་ཡིན་ནམ།
བོད་འདི་ས་ཁྱོན་ཆེན་པོ་ཡིན་ཙང་འགྲུལ་བཞུད་དབང་གིས་མི་ཉག་སྐད་བཞིན་ཤིང་ནགས་དང་རི་སུལ་ན་ལྷག་བསྡད་པ་དེ་འདྲ་རེ་གཉིས་མཐོང་ཡ་ཏན་ཏན་འདུག ཡིན་ནའང་དེ་གྲངས་ཞིབ་ཏུ་དཔྱད་ན་བོད་སྐད་ལས་ལོགས་སུ་ཡོད་རབས་མི་འདུག འཇའ་པན་གྱི་གྲངས་ཀའི་སྐོར་དེ་འདི་འདྲ་མིན་འགྲོ། མཁས་པ་ཁ་ཤས་ཀྱིས་འབར་མ་དང་བོད་ཀྱི་སྐད་ཡོངས་ཁུངས་གཅིག་འདྲ་བོ་དེ་འདྲ་ཤོད་མཁན་ཡོད་ས་རེད། དེ་ཕལ་ཆེར་བདེན་པ་འདྲ་ཞིག་འདུག ང་འབར་མར་འགྲོ་མ་མྱོང་མོད་ས་མཆམས་རྡེ་མ་པུར་དེ་བར་འགྲོ་མྱོང་། ས་དེའི་ཡུལ་མིས་བོད་སྐད་འདྲ་བོ་ཞིག་བཤད་གི་འདུག བྱས་ཙང་འཇའ་པན་གྱི་གྲངས་ཀ་དེ་དག་གྲུ་གཟིངས་ནས་ཕར་དབོར་བ་མིན་ནམ་དྲན་གི མ་གཞི་ནས་འཇའ་པན་གྱི་ཡིག་གེ་དེ་ཡང་ཡར་མར་ནས་བཏུས་ཡོང་བའི་བཟོ་འདྲ་བོ་ཞིག་མི་འདུག་གམ།
ཨོ། དཀོན་མཆོག མ་ཤེས་ཤེས་ཁུལ་མིན་ལ་ཤེས་བཞིན་ཁྱད་གསོད་ཀྱང་མིན་མོད་ཁྱོད་ཚོར་གོ་བརྡ་འཕྲོད་པར་ཕན་ཐོགས་རེ་ཨེ་ཡོད་སྙམ་ནས་ཚིག་དེ་ཚོ་བེད་སྤྱོད་བཏང་བ་ཡིན། རྒྱལ་རོང་གར་ཡོད་མི་ཤེས་མཁན་ཚོས་རྒྱལ་རོང་བའི་ལ་རྒྱ་གླེང་བའི་རྩོམ་ཡིག་བྲིས་ཡོང་དུས་སུ་ཡིན་རུང་གོ་བརྡ་ལེགས་པོ་རེ་འཕྲོད་ན་བསམ་པ་ཡིན། གཏམ་དཔེར། རྨ་ཁ་ལ་ཕན་ན་ཁྱི་ཚིལ་ཟེར་བ་ལྟར་ཡིན།
ཉི་ཧོང་སྐད་ལ་གྲངས་ཀ་ཙམ་མ་གཏོགས་གཞན་འདྲ་ས་མ་རྙེད་ཀྱི་མི་འདུག་ཟེར་མཁན་འདུག
སྤྱིར་བཏང་ཁྱད་མཚར་འདུག མཚོ་སྔོན་པོ་རྒྱུད་དུ་གཡོན་རུ་ཟེར་བའི་སྡེ་བ་ཡོད་ལ་ཁམས་ལི་ཐང་དུ་ཡང་གཡོན་རུ་ཟེར་བའི་འབྲོག་སྡེ་འདུག ཁམས་མི་ཉག་ཟེར་བ་འདུག་ལ་མདོ་སྨད་ཁྲི་ཀའི་མི་ཉག་ཟེར་བ་ཡང་འདུག བོད་ཀྱི་ཁམས་པ་དང་རྒྱ་གར་ཁམས་པ། པེ་ཅིང་གི་ཉེ་འགྲམ་ཞིག་ན་ཡང་མི་སྡེ་ཚོ་ཁག་གཅིག་མི་རིགས་གང་ཡིན་མ་ཤེས་པར་ལོ་མང་པོར་ཞིབ་འཇུག་བྱས་མཐར་ཕ་མེས་ནས་བརྒྱུད་ཡོང་བའི་གླུ་ཚིག་གཅིག་ལ་བརྟེན་ནས་བོད་རིགས་ཡིན་པར་ཐག་གཅོད་དགོས་པ་རེད་ཟེར། གླུ་ཚིག་དེ་ནི། ཕ་ཡུལ་ལ་འགྲོ། ཕ་ཡུལ་ཆུ་ཆེན་ལ་འགྲོ། ང་ཚོའི་ཕ་ཡུལ་སྐྱིད་པོ་ཡིན། ཕ་ཡུལ་ཆུ་ཆེན་སྐྱིད་པོ་ཡིན། །ཟེར་བ་ཙམ་རེད་ལ་དེ་ཡང་རྒྱལ་རོང་ཡུལ་སྐད་འཁྲུལ་མེད་རེད་ཟེར། རྒྱའི་ཞིབ་འཇུག་པ་ཚོས་མི་སྡེ་ཚོ་དེ་ནི་མན་ཇུས་དམག་གིས་རྒྱལ་རོང་ལ་བཙན་འཛུལ་བྱེད་སྐབས་རྒྱང་འབུད་དུ་བཏང་བའི་མི་སྡེ་ཞིག་ཡིན་ནམ་ཟེར། འབྲོམ་སྟོན་པའི་དུས་སུ་བོད་མི་ས་ཡ་དྲུག་ཡོད་ཅེས་པ་དེ་ཧ་ཅང་ཁུངས་དག་ཡིན་ངེས་རེད། བོད་ཀྱི་ཆབ་འབངས་སུ་མ་གྱུར་པའམ་བོད་ཅེས་པའི་མིང་གིས་མ་བསྙད་རུང་བོད་ཀྱི་མི་རིགས་འདི་ཡུལ་གྲུ་མང་པོར་ཁྱབ་ཡོད་ངེས་རེད། འབར་མའི་རྒྱལ་སའི་རྒྱུད་ཀྱི་མི་འདི་ཚོ་བོད་མཐོ་སྒང་ནས་དུས་རབས་བརྒྱད་པའི་ནང་གཞིས་སྤོར་བྱས་ཚུལ་ཞིག་ངས་ཀྱང་བྐླགས་པ་ཡིན།
ཕྱག་གཉིས་པས་རྒྱ་རོང་དང་རྒྱལ་རོང་གང་ཡིན་སྐོར་གླེང་བ་དེ་རྒྱལ་རོང་དག་པར་སེམས། ཕལ་མོ་ཆེར་རྒྱལ་མོ་རོང་ཞེས་བརྗོད་འདུག དཔེར་ལོ་ཆེན་བཻ་རོའི་སློབ་མ་གཡུ་སྒྲ་སྙིང་པོ་ཡང་རྒྱལ་མོ་གཡུ་སྒྲ་སྙིང་པོ་ཞེས་འབོད་ཀྱིན་འདུག དེ་བཞིན་བཙན་ལ་རྫོང་དང་རོང་བྲག་རྫོང་གི་མཚམས་སུ་གནས་རི་གྲགས་ཅན་རྒྱལ་མོ་དམུ་རྡོ་ཟེར་བ་ཞིག་ཀྱང་འདུག ས་ི་ཁྲོན་ཞིང་ཆེན་གྱི་ས་བཀྲ་ཞིབ་པ་ཞིག་རག་ན་ཕལ་ཆེན་རྒྱལ་རོང་གི་ས་ཁྲ་ཞིག་ཕལ་ཆེར་འབྲི་ཐུབ་ཀྱི་རེད། ས་མཚམས་ཟེར་བ་དེ་དངོས་པོའི་གནས་ཚོད་ལ་རི་མོར་བྲིས་པ་ཞིག་མིན་སྟབས་ལོ་རྒྱུས་རིམ་བྱུང་ལ་ས་མཚམས་མི་འདྲ་བ་རེ་ཡོད་རྒྱུ་རེད།
དགེ་འདུན་མཐར་ཕྱིན་ཟེར་བའི་པོ་ཏོ་འདིས་རང་གིས་དཀའ་ལས་མ་བརྒྱབ་པར་གཞན་གཡོག་པོར་བཀོལ་ནས་ཁེ་བཟང་ལེན་བསམ་གྱི་ཡོད་རེད། ཡིན་ན་ཡང་ཁྱད་པར་མི་འདུག ཚང་མ་ཕ་ཡུལ་བོད་ཀྱི་ཆེད་རེད། རྒྱལ་རོང་འདི་གལ་ཆེན་རེད།
ད་རུང་ངའི་ཕ་ཡུལ་ཨ་མདོ་ན་སྨར་ཁམས་ཡོད་རེད།
པེ་ཅིན་བོད་མིའི་ཕྱོགས་ནས་བཤད་ན་དེ་རུ། པེ་ཅིན་གྲོང་དང་ཐག་མི་རིང་ས་ཞིག་ཏུ་ཧྥན་ཡིག་གྲོང་ཚོ་ཟེར་བ་ཞིག་ཡོད་པ་དང་། ལོ་ངོ་བརྒྱ་ཕྲག་མང་པོའི་རིང་སུ་གཅིག་གིས་ཀྱང་ཧྥན་ཡིག་ངོ་མ་ཤེས་པར་ལུས་པ་ལ། ལོ་བཅོ་ལྔ་ཉི་ཤུའི་སྔོན་ནས་ལོ་རྒྱུས་དཔྱད་ཞིབ་པ་ཚོས་ཞིབ་འཇུག་བྱས་ཏེ་ཧྥན་ཡིག་དེ་བོད་ཡིག་ཡིན་པ་དང་། བྲག་བསྐོས་ཧྥན་ཡིག་གམ་བོད་ཡིག་དེའི་འདྲ་བཤུས་དང་དེ་གང་དུ་ཡོད་པ་སོགས་ཀྱི་སྐོར་ཀྲུང་གོའི་བོད་ཀྱི་ཤེས་རིག་ཅེས་པའི་དཔྱད་རྩོམ་དུས་དེབ་ཏུ་བཀོད་འདུག
ཨོ། གོང་གི་རྒྱལ་མོའི་དམུ་རྡོ་ཟེར་བ་དེའི་གནས་ཡིག་དང་གསོལ་འདེབས་བོད་ཡིག་དང་རྒྱ་ཡིག་གཉིས་ཀར་ཡོད་པ་ཞིག་ཟི་ཁྲོན་མི་རིགས་དཔེ་སྐྲུན་ནས་པར་དུ་བསྐྲུན་འདུག
རྒྱལ་རོང་ཕྱོགས་སུ་བན་བོན་གཉིས་ཀ་ཡོད་པའི་རྐྱེན་གྱིས་དམུ་རྡོའི་གནས་བཤད་ཀྱང་བན་བོན་གཉིས་ཀའི་ཕྱོགས་ནས་འདུག
ཀརྨ་སི་ཏུའི་སུམ་རྟགས་འགྲེལ་ཆེན་དུ་ལྕེ་རྐན་གྱི་བྱེད་པ་མ་ཉམས་པ་ཡང་འཇུག་ཀློག་ཐུབ་པའི་དཔེར་བརྗོད་དུ་རྒྱལ་རང་ཡུལ་སྐད་བཞག་ཡོད་བསམ།
M¾-¼ôP-GÛ-¾ô-MãÅ-ÁïÅ-hGôÅ-±ï-MºÛ-¾ô-MãÅ-¾-ŸÛz-ºWâG-‚ïh-hGôÅ-Åï¤Åü hï-¤Ûm-zôh-ˆÛ-¾ô-MãÅ-Fôh-hÝ-M¾-¼ôP-GÛ-Ç+ô¼-fô¼-zÞ-¼ï-¾Å-¤ïh-ÇezÅü Gž-qô-ŸÛG-ÁïÅ-DG-qô-¼ïhü hïP-ÅP-M¾-¼ôP-ºhÛ-h;¼-¤²ïÅ-µôP-DG-zTô-zMh-ˆÛ-»-H¾-ŸÛG-hP-ü M¾-¼ôP-hP-µôP-DG-GŸm-HÛ-z¼-¾-Èï-zG-Vïm-qô-ŸÛG-»ôh-q-mÛü Ç+h-GhPÅ-hP-»Þ¾-Gô¤Å-GÁÛÅ-¾ÞGÅ-ÅôGÅ-»Ûm-q-mÛ-±P-¤Å-ÁïÅ-Gž-¿e¼-¼ïhü
རྒྱལ་རོང་གི་ལོ་རྒྱུས་ཤེས་དགོས་ཚེ་རྒྱའི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་དགོས་སེམས། དེ་མིན་བོད་ཀྱི་ལོ་རྒྱུས་ཁྲོད་དུ་རྒྱལ་རོང་གི་སྐོར་ཐོར་བུ་རེ་ལས་མེད་སྟབས། གསལ་པོ་ཞིག་ཤེས་ཁག་པོ་རེད། དེང་སང་རྒྱལ་རོང་འདི་དཀར་མཛེས་རྫོང་ཁག་བཅོ་བརྒྱད་ཀྱི་ཡ་གྱལ་ཞིག་དང་། རྒྱལ་རོང་དང་རྫོང་ཁག་གཞན་གྱི་བར་ལ་ཧེ་བག་ཆེན་པོ་ཞིག་ཡོད་པ་ནི། སྐད་གདངས་དང་ཡུལ་གོམས་གཤིས་ལུགས་སོགས་ཡིན་པ་ནི་ཚང་མས་ཤེས་གསལ་ལྟར་རེད།
The following link for Gyalrong text project at Latse Library, USA
http://www.gyalrong.latse.org/
དགེ་འདུན་མཐར་ཕྱིན་ལགས། ཁྱེད་ཀྱིས་ད་ལྟའང་རྒྱལ་རོང་གི་སྐོར་ཉམས་ཞིབ་གནང་གི་ཡོད་ཚེ། ཉན་ཤུལ་མཁྱེན་རབ་འོད་ཟེར་གྱི་གསུམ་འབུམ་ནང་དུ་རྒྱལ་རོང་སྐོར་གྱི་དཔྱད་རྩོམ་ཞིག་འདུག དེ་ནི་ཧ་ཅང་རྒྱས་པ་ཞིག་རེད། དཔྱད་རྩོམ་འདིས་ཁྱེད་ལ་ཕན་ཐོགས་པར་སྙམ། བཀྲ་ཤིས་བདེ་ལེགས།
རྡོར་རྗེ་དཔལ་བཟང་ཁྲོ་སྐྱབས་ནས་མ་རེད་ལགས། ཁོ་ཁྲོ་ཆུ་ནས་རེད། ཁྲོ་ཆུ་དང་ཁྲོ་སྐྱབས་གཉིས་ལུང་པ་སོ་སོ་རེད།
གོང་དུ་རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད་ཀྱི་ནང་གསེས་ལྕགས་ལ་རྒྱལ་པོ་ལ་མི་ཉག་ལྕགས་ལ་རྒྱལ་པོ་ཞེས་འཁོད་འདུག་།དེ་ཕལ་ཆེན་མ་རེད་སྙམ་གང་ལགས་ཟེར་ན་ལྕགས་ལ་རྒྱལ་པོ་ནི་དར་རྩེ་མདོ་བ་རེད་།དར་མདོ་ལྕགས་ལ་རྒྱལ་པོ་ཡིན་པ་རེད་།ཁོང་གི་རྒྱལ་གཞིས་དེ་དར་རྩེ་མདོ་ལ་ཡོད་བ་རེད་།ང་རང་ལུང་པ་དེའང་ལྕགས་ལ་རྒྱལ་པོའི་མངའ་འོག་ལ་ཡིན་།ཁོང་གི་མངའ་འོག་གཔོན་ཁག་འགའ་་ངས་ཤེས་པ་དེ་།དགུ་བཟང་དཔོན་།སྤྲོ་སྣང་དཔོན་།སྟག་གཟན་དཔོན་།སོ་ཕོག་དཔོན་བཅས་རེད་།ང་རང་ཆུང་དུས་ནས་རྒན་རབས་ཚོའི་ཞལ་ནས་ལྕགས་ལ་རྒྱལ་པོ་ཞེས་ཐེབས་མང་ཐོས་མྱོང་།རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད་ནང་གསེས་ལྕགས་ལ་རྒྱལ་ཕྲན་དང་མི་ཉག་རྒྱལ་ཕྲན་གཉིས་རྒྱལ་ཕྲན་ལོག་ག་ཡིན་པ་རེད།དེ་བཞིན་མི་ཉག་དང་དར་རྩེ་མདོ་ལུང་པ་ལོག་ག་རེད་ཁོང་གཉིས་ས་འབྲེལ་ཁེལ་ཡོད་རེད་།ད་ཆ་རྒྱ་ཡིས་མི་ཉག་གི་ཚོགས་ཁག་ཅིག་དར་མདོ་རྫོངས་ནང་ལ་བཅུགས་ཡོད་པ་འདྲ་།སོང་ཙང་མི་འགའ་རེས་རྒྱུ་མཚན་དེ་དག་ལ་བརྟེན་ནས་མི་ཉག་ལྕགས་ལ་རྒྱལ་པོ་ཟེར་ཡོང་བ་དེ་ནོར་བ་རེད་།ལྕགས་ལ་རྒྱལ་པོའི་ཆས་གོས་དང་མི་ཉག་གི་ཆས་གོས་དེའང་མ་འདྲ་བ་རེད་སྙམ་།དེ་དག་ཞིབ་ཏུ་དཔྱད་དགོས་ན་ལུང་པ་ལ་འགྲོ་ནས་ཞིབ་འཇུག་བྱེད་ན་ཁ་གསལ་གཏིང་གསལ་ཆགས་ཐུབ་ཀྱི་རེད་བསམ་།