རྨ་དུག་ལྕེ།
དད་འདུན་གྲངས་མེད་ཀློང་ན་བྱིན་རླབས་ཀྱི་གོང་བུ།།
དྲན་གདུང་འབུམ་ཕྲག་ཁྲོད་ན་ན་ཟུག་གི་བསྡུས་གཟུཊ།
གཞིས་བྱེས་ས་ཡ་དྲུག་གི་སྲ་མཁྲེགས་ཀྱི་ཕྲེང་ཐག།
ང་ཡི་སློབ་དཔོན་ལྷ་མོ་དོན་གྲུབ་ལ་འདུད་དོ།།
དུས་འགྱུར་གནམ་ས་ཆ་ལང་རྐན་རྡེབ་ཀྱི་བར་ནས།།
སྐུ་དྲག་གླང་ཆེན་སྨྱོན་པའི་སྣ་ཞགས་ཀྱི་སྣེ་ནས།།
སྟག་བྲག་རྭ་སྒྲེང་སྟག་མོའི་སྡེར་འཛིང་ཀྱི་ཁྲོད་ནས།།
རྐང་རྩེད་སྤོ་ལོར་གྱུར་བའི་རྒྱལ་དབང་ཁྱེད་སྙིང་རྗེ།།
ཕ་ལོའི་བྱང་ཁོག་ཡོད་ཚད་འཆི་དུག་གིས་ཟོས་ནས།།
ན་ཟུག་དྲག་པོའི་ཆོ་ངེས་གནམ་ས་ཀུན་བཀང་དུས།།
ལུས་ཀྱི་རུས་སྒྲོམ་འཐོར་བའི་ཡབ་ཆེན་གྱི་གམ་ན།།
ཅི་བྱ་བྲལ་བའི་སྟག་འཚེར་བུ་ཆུང་ཁྱེད་སྐྱོ་བ།།
ལོ་ངོ་སྟོང་ལ་བསག་པའི་སྐུ་དྲག་གི་འགལ་འཛོལ།།
ཡོད་ཚད་ལྷ་ལ་བཅོལ་བའི་ཆོས་ལུཊ་པའི་ནོར་འཁྲུལ།།
ཁྲོན་པའི་སྦལ་བར་གྱུར་བའི་སྲིད་གཞུང་གི་ནག་ཉེས།།
དུས་གཅིག་ཕྲག་ལ་ལྷུང་བའི་ཨམ་ཕྲུག་ཁྱེད་ཤ་ཚ།།
རྒྱ་སྟག་མཆེ་སྡེར་བགྲད་འདྲའི་གངས་འཁྱག་གི་གསེབ་ནས།།
གཅན་གཟན་ཤ་ལ་རྔམ་འདྲའི་དམག་དཔུང་གིས་བདས་དུས།།
བྱང་རླུང་བུ་ཡུག་ཁྲོད་ཀྱི་བདག་མེད་ཀྱི་བུ་ཆུང་།།
ཉེས་མེད་རྒྱང་ལ་འཁྱར་བའི་སྐྱོ་གར་དེ་གཟན་པ།།
ཆ་མེད་ཡུལ་ན་སྐྱབས་མེད་དཔུང་མེད་ཀྱི་བུ་ལོ།།
སྟོབས་ལྡན་ཙི་ནའི་ཁབ་ཀྱི་ཁ་གཏད་དུ་འགྲེང་དུས།།
ལམ་སྟོན་གྲོས་འགོ་འདོན་པའི་མཛངས་བློན་ཞིག་མེད་པའི།།
སྐུ་ཚེཊ་བསམ་ཚེ་སྙིང་དང་གློ་བ་གཉིས་བརྡབ་ཡོང་།།
འདྲེ་ཤིག་དུག་སྦྲང་མོད་པའི་ལྕགས་ཤོག་གི་སྤྱིལ་བུར།།
ཟས་གོས་གནས་མལ་སྐྱོ་བའི་གངས་ཅན་གྱི་བུ་ཆུང་།།
རས་གཟན་སྲབ་མོ་ཞིག་གི་དྲོད་སྣང་ལ་བརྟེན་ནས།།
བྱམས་བརྩེས་གོ་ལ་སྒུལ་བར་གཟུར་གནས་སུ་མི་དད།།
གསང་མཚོན་སྙིང་ལ་སྣུན་བའི་སྐུ་དྲག་གི་ངན་གཡོས།།
ལྐོག་དུག་ཟས་ལ་སྦྱོར་བའི་གདུག་རྩུབ་གྱི་འོག་ནས།།
སྐུ་སྲོག་ཐེངས་མང་འཕྲོག་རྩིས་སྦྱོར་ངན་དེ་བསམ་ན།།
ཁྲག་གི་འཁོར་ལོ་སྐོར་ཀྱང་སྙིང་ནད་དེ་མི་ཚིམས།།
རྒྱལ་ཁབ་དགྲ་ལ་ཤོར་བའི་རིགས་ཞེན་གྱི་ན་ཟུག།།
ཉིད་ཀྱི་ཕྱག་ལས་ཤོར་བའི་སྐུ་སྒེར་གྱི་སྡུག་བསྔལ།།
ཚེ་འདིར་བོད་ལ་བསླེབ་མིན་ཐེ་ཚོམ་གྱི་མནར་གཅོད།།
བགྲེས་གྱིན་རང་ཡུལ་དྲན་པའི་རྒ་བ་ཡི་ཁྱད་ཆོས།།
གློ་སྨན་དམག་དཔུང་གཏོར་བའི་ཕྱི་རོལ་གྱིས་གནོན་ཤུཊ།།
དམར་ནག་ཕོག་གིས་བཟི་བའི་བར་དོ་བས་འཁུ་སྦྱོར།།
ལྟོ་བ་ཤི་འདྲེར་བཅོལ་བའི་ནང་ཁུལ་གྱི་མཚོན་རྩེ།།
གྲོས་ཚོགས་སྟེང་འོག་སྒྱུར་བའི་ཁྱི་སྨྱོན་གྱི་མཆེ་བ།།
ཡོད་ཚད་ཁྱེད་ཀྱི་ཕྲག་ལ་རི་བོ་བཞིན་ཉིལ་བྱུང་།།
ཐམས་ཅད་ཉིད་ཀྱི་དབུ་ལ་དྲག་ཆར་བཞིན་རྡོལ་སོང་།།
སྦྱོར་རྩུབ་བྲག་རི་ཐོར་བའི་རྦབ་རྡོ་བཞིན་འགྲིལ་དུས།།
རྒལ་ཚིགས་རང་སར་མ་འཐོར་ཅི་ལྟར་དུ་འགྲེང་ངམ།།
དད་པའི་ཐལ་མོ་སྦྱོར་བའི་གྲངས་འབོར་དེ་མོད་ཀྱང་།།
ལམ་སྟོན་ལག་ལེན་འཁྱོལ་མཁན་རེ་ཟུང་ལས་མེད་པས།།
ད་ནི་སངས་རྒྱས་ཡིན་ཀྱང་ཨ་ཐང་དགུ་ཆད་ཡོད།།
ངལ་གསོའི་བདེ་བར་རོལ་ཅིག་ཞི་བདེ་ཡི་ཕོ་ཉ།།
ཆུང་དུས་བྱིས་པའི་བག་ཡངས་རྩེད་འཇོ་དེ་མ་རག།།
གསེར་གྱི་བཙོན་ཁང་སྦུབ་ནས་གཞན་དབང་དུ་གྱུར་ཅིང་།།
དར་བབ་ལང་ཚོ་བགྲེས་སོང་དབུ་དཀར་ཁྲོད་རྫོགས་པའི།།
ང་ཡི་སློབ་དཔོན་དམ་པའི་དཀའ་སྡུག་དེ་སུས་ཤེས།།
བྱང་ཕྱོགས་རྡ་རམ་ས་ལའི་གཟིམ་ཆུང་གི་ཕུག་ཏུ།།
གཅིག་བུར་སྤྱན་ཆབ་བསིལ་བའི་ལོ་ཟླ་དག་དྲན་ན།།
བཟོད་མེད་སྡུག་ཡུས་ཐུགས་ཀྱི་དཀྱིལ་དབུས་སུ་འབར་བ།།
སེམས་ཀྱིས་ཚོར་ཡོད་ང་ཡི་ལམ་སྟོན་གྱི་སློབ་དཔོན།།
ལྷ་ལུང་དཔལ་རྡོར་དཔའ་བོས་ལྐོག་མདའ་ཡི་སྣེ་ནས།།
བཙན་པོའི་རྒྱལ་རབས་གཏོར་བའི་ཉི་ནག་ནས་བཟུང་སྟེ།།
རྒྱལ་བ་གཉིས་པ་ནམ་མཁའི་སྐར་ཚོཊ་བཞིན་བྱོན་ཀྱང་།།
ཆོལ་གསུམ་ཨ་ལུང་བཞིན་དུ་ཁྱེད་མིན་སུས་སྒྲིལ་ནུས།།
ལྟ་བས་མི་བཟོད་རྒྱལ་ཁམས་ལག་སྟོང་གི་བསྐོར་བ།།
སེམས་ཀྱིས་མི་བཟོད་ཀུན་ལ་ཐལ་སྦྱར་གྱི་གུས་འདུད།།
བསམ་པས་མི་དཔོག་ཉིན་རེའི་མཛད་བྲེལ་གྱི་འཚོ་བ།།
བསམ་ཞིང་བསམ་ན་མིག་ཆུས་མིག་ཆུ་ཞིག་གཏོང་འདོད།།
སྤྱན་རས་གཟིགས་ཞེས་མགོ་ལག་སྟོང་ལྡན་གྱི་ལྷ་ཞིག།།
ག་ཤེད་ཅིག་ན་སྤྲུལ་གར་རང་དབང་དུ་སྒྱུར་བ།།
བདེན་དུ་ཆུག་ཀྱང་ང་ཡི་ལམ་སྟོན་གྱི་སློབ་དཔོན།།
དགའ་སྐྱོ་ཆགས་སྡང་མངའ་བའི་མི་བུ་ཉིད་ཡིན་ནོ།།
གཅམ་བུའི་ངག་གིས་སངས་རྒྱས་བྱང་སེམས་སུ་བསྙད་ན།།
བརྟན་བཞུགས་ཞབས་བརྟན་སྒྲུབ་པ་སྤྲེལ་ལད་ལས་མ་འདས།།
དགུང་གྲངས་བརྒྱད་ཅུར་སོན་པའི་བགྲེས་སོང་དེར་དད་ན།།
ད་ནི་རང་དོན་སྒྲུབ་ལ་འཕྲུལ་ཆས་བཞིན་མ་བཀོལ།།
གངས་རིའི་ཡབ་ཆེན་ཉིད་ཀྱི་ཚེ་གང་གི་དཀའ་སྡུག། །
གླང་ཆེན་འབུམ་གྱིས་བཏེགས་ཀྱང་ངལ་བ་ལས་མ་འདས།།
ད་ནི་བཏང་སྙོམས་ཞི་དབྱིངས་ཆེན་པོ་ལ་རོལ་ནས།།
བརྒྱ་སྟོན་སྐལ་བཟང་སྩོལ་ཅིག་བྱམས་བརྩེ་ཡི་བདག་པོ།།
ངའི་སློབ་དཔོན་མཐོང་བ་དོན་ལྡན་མཆོག་དགུང་གྲངས་བརྒྱད་ཅུར་ཕེབས་པའི་གྱ་སྟོན་ལ་རྭ་རྒྱ་བ་བསྟན་འཛིན་ནམ་རྨ་དུག་ལྕེས་ཧྥ་རན་སི་ནས། 21/06/2015
ས་ཡ་དྲུག་པོ་ཆུང་ནས་སྐྱོང་མཁན། །
ས་ཡ་དྲུག་གི་ལམ་མཁན་དེད་དཔོན། །
ས་ཡ་དྲུག་གི་དཔྲལ་བའི་མིག་ཟུང་། །
ས་ཡ་དྲུག་གི་ཁོག་པའི་སྙིང་རིལ། །
ས་ཡ་དྲུག་ཕྱིར་ཡུན་གནས་ཡུན་བརྟན། །