ཡོང་ཁུངས། བོད་མའི་སྒྲིག་འཛུགས་དྲ་རྒྱ
༸གོང་ས་མཆོག་གིས་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་པའི་ལྷན་ཚོགས་ཐེངས་ ༡༢ པ་མཇུག་སྡོམ་ཐོག་སྩལ་བའི་བཀའ་སློབ།
ཕྱི་ལོ་༢༠༡༥ ཟླ་༦ ཚེས་༢༠ ཉིན་རྡ་ས་མེག་གྷན་དུ་རྟེན་གཞི་བྱས་པའི་སུར་ཡཱ་མགྲོན་ཁང་(Surya Hotel) དུ་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་པའི་བསྟན་བདག་བླ་ཆེན་རྣམ་པའི་ལྷན་ཚོགས་ཐེངས་༡༢ པ་མཇུག་སྡོམ་མཛད་སྒོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཆིབས་སྒྱུར་བཀའ་དྲིན་བསྐྱངས་ནས་ལམ་སྟོན་བཀའ་སློབ་སྩལ་དོན།
དེ་རིང་ང་རང་ཚོ་བོད་གངས་ཅན་གྱི་རིས་སུ་མ་ཆད་པའི་རྒྱལ་བའི་བསྟན་པའི་ཁུར་བཞེས་མཁན་གྱི་བླ་ཆེན་དབུ་ཁྲིད་རྣམ་པ་དང་། མཁན་པོ་ལས་ཟུར་སོགས་དང་། དེ་བཞིན་སྐུ་ཚབ་འཐུས་མི་བཅས་སྐུ་ངལ་དང་ལེན་གྱིས་ཐོག་ནས་དེ་རིང་འདིར་ཚང་འཛོམས་ཐོག་གོ་བསྡུར་གནང་ནས་གྲོས་ཆོད་གཏན་འབེབས་གནང་བ་དེར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ངོས་ལ་ཁ་སྣོན་ཞུ་རྒྱུ་གང་ཡང་མེད། འོན་ཀྱང་འདི་འདྲ་ཞིག་ཞུ་འདོད་བྱུང་། ང་ཚོ་བཙན་བྱོལ་བ་ཆགས་ནས་ལོ་ ༥༦ ལྷག་ཕྱིན་ཡོད། དེའི་རིང་ལ་འཛམ་གླིང་འདིའི་སྟེང་འགྱུར་བ་གང་འདྲ་འགྲོ་བཞིན་ཡོད་པ་དང་། ངོས་རང་སྒེར་ལ་མཚོན་ནའང་འབྲེལ་བ་གང་འདྲ་ཡོང་བཞིན་ཡོད་པའི་གནད་དོན་དང་། དེ་སྔ་བོད་དུ་ཡོད་སྐབས་ཕྱི་ལོ་ ༡༩༥༤ ལོར་རྒྱ་ནག་ཏུ་ཕྱིན་ནས་རྒྱ་ནག་གུང་ཁྲན་ཏང་གི་དབུ་ཁྲིད་མའོ་ཙེ་ཏུང་རེད། དེ་བཞིན་འགོ་ཁྲིད་མང་ཆེ་བ་ངོས་ཀྱིས་ཐུག་མྱོང་ཡོད། དེ་དུས་ངོས་ཀྱིས་མཐོང་ཚུལ་དང་། རྒྱ་ནག་འགོ་ཁྲིད་ཚོ་དང་ལྷན་སྐད་ཆ་མང་པོ་བཤད་པ་སོགས་ཉམས་མྱོང་གང་ཙམ་བྱུང་ཡོད། འདས་པའི་ལོ་ ༦༠ ཙམ་གྱི་རིང་ལ་མི་སྣ་འདྲ་མིན་ཧ་ཅང་མང་པོ་ཞིག་དང་ཐུག་ཡོད། མའོ་ཙེ་ཏུང་དང་ངོས་གཉིས་ཀྱི་འབྲེལ་བ་དེ་ཕ་བུའི་འབྲེལ་བ་ལྟར་ཧ་ཅང་ཡག་པོ་ཆགས་ཡོད། ཁོང་རང་གིས་ངོས་ལ་ཕལ་ཆེར་བློ་འགེལ་བྱེད་བཞིན་ཡོད་པ་ལྟ་བུ་འདུག ངོས་ནས་ཀྱང་ཁོང་གིས་གསར་བརྗེའི་ལས་འགུལ་ཧ་ཅང་ཆེན་པོ་ཞིག་གི་འགོ་ཁྲིད་ནས་བྱུང་བ་རེད། སྐབས་དེར་གུང་ཁྲན་ཏང་གི་རྩ་བའི་དམ་བཅའ་དེ་འཛམ་གླིང་རིས་མེད་ཀྱི་བཟོ་ཞིང་ངལ་རྩོལ་མི་དམངས་དེ་དག་གི་ཁེ་ཕན་བསྒྲུབ་རྒྱུ་དེ་རྩ་དོན་ལྟ་བུ་རེད། དེར་ངོས་རང་ཡང་ཧ་ཅང་མོས་པོ་ཡོད།
ང་ཚོ་ནང་པ་ཞིག་གི་ངོས་ནས་སེམས་ཅན་ཐམས་ཅད་བརྗོད་ཀྱི་ཡོད་པ་ལས། རང་ཕྱོགས་ཀྱི་སེམས་ཅན་དང་གཞན་ཕྱོགས་ཀྱི་སེམས་ཅན། ཞེས་ཤོད་ཀྱི་མེད། མི་ལྟ་ཅི་སྨྲོས། སྲོག་ཆགས་གྲོག་འབུ་མཚུན་ཆད་སེམས་ཅན་ཐམས་ཅད་ནང་བརྩིས་ནས། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག སྡུག་བསྔལ་དང་བྲལ་བ་བཅས་ཚད་མེད་བཞིའི་ཐོག་ནས་ཚང་མས་སྨོན་ལམ་འདོན་བཞིན་ཡོད། དེར་བརྟེན་ཁ་ཡོད་ལག་ཡོད་ཐོག་ནས་འཛམ་གླིང་འདིའི་སྟེང་གི་འགྲོ་བ་མི་གྲལ་རིམ་གྱི་དབྱེ་བ་ཕྱེ་ནས་ཧ་ལམ་མིས་བཟོས་པའི་དཀའ་ངལ་མི་གཅིག་གྱུར་གྱི་ནང་དུ་གྲལ་རིམ་དམའ་བ་དེ་དག་དང་། དེ་བཞིན་བཟོ་ཞིང་། དུས་རྒྱུན་ཡིན་ན་མ་རྩའི་བདག་པོ་དེ་དག་གིས་བཀོལ་བཅོས་བྱེད་ཡུལ་ལྟ་བུ་ཞིག་དང་། ཡང་ན་ས་བདག་ཚོས་བཀོལ་བཅོས་བྱེད་ས་ལྟ་བུ་དྲང་བདེན་མེད་པ་ཞིག་ཆགས་སྐབས་དེ་དངོས་གནས་དྲང་གནས་ཀྱི་ངལ་རྩོལ་མི་དམངས་དེ་དག་གོང་དུ་བཀུར་ནས་ཡོད་པ་དེར་ངོས་རང་ཡིད་འཕྲོག་བཞིན་འདུག དེར་བརྟེན་མར་ཁེ་སིའི་རིང་ལུགས་དེ་དག་ལ་ངོས་ཀྱིས་སློབ་སྦྱོང་ཏོག་ཙམ་བྱས་པ་ཡིན། དེ་འདྲའི་ཐོག་ནས་མའོ་ཙེ་ཏུང་གིས་གཙོས་སྐབས་དེའི་གུང་ཁྲན་ཏང་ཡོན་ཁ་ཞེ་གཉིས་ཚོར་ཕལ་ཆེར་སྒེར་སེམས་མེད་པ་ལྟ་བུ་འདུག ང་ཚོ་ཁ་ནས་སེམས་ཅན་ཐམས་ཅད་ཟེར་མཁན་དང་ཁོང་ཚོ་བསྡུར་བ་ཡིན་ན།
སྐབས་རེ་ཁོང་ཚོ་ཤུགས་ཆེ་ཆེ་རེད། ང་ཚོ་སེམས་ཅན་ཐམས་ཅད། ཅེས་སྨོན་ལམ་རྒྱག་བཞིན་དུ་སོ་སོའི་བླ་བྲང་དང་ཆོས་གཞིས་གལ་ཆེ་ཆེར་བརྩི་བ་དེ་འདྲ་ཆགས་བཞིན་ཡོད། ༸རྒྱལ་བ་རིན་པོ་ཆེར་མཚོན་ནའང་དེ་བཞིན་རེད། དེར་བརྟེན་ངོས་རང་སྐབས་དེར་ཡིད་འཕྲོག་བཞིན་ཡོད། ངོས་ཀྱིས་མའོ་ཙེ་ཏུང་ཐེངས་མང་པོ་ཐུག་པ་རེད། ངོས་རང་སང་ཉིན་ཐོན་རྒྱུ་ཡིན་སྐབས་ཀྱི་དེ་རིང་དེར་གློ་བུར་དུ་ངོས་རང་ལིའུ་ཧྲོ་ཅིས་ཚོགས་འདུ་ཚོགས་པའི་སྐབས་སུ་ཡོད། ཁོང་གིས་དབུ་ཁྲིད་པའི་རྒྱལ་ཡོངས་མི་མང་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཚོགས་ཆེན་དུ་ངོས་རང་དུས་རྒྱུན་འགྲོ་བཞིན་ཡོད། ལྷན་ཚོགས་དེར་ཡོད་སྐབས་གློ་བུར་དུ་ལན་ཞིག་འབྱོར་ནས་ཀྲུའུ་ཤི་ངོས་ལ་སྒུག་ཡོད་སྟབས་ངོས་རང་ལམ་སེང་ཡོང་རོགས་ཞེས་ལན་ཞིག་འབྱོར་བྱུང་། ངོས་ཀྱིས་ལིའུ་ཧྲའོ་ཅིར་སྙན་སེང་ཞིག་ཞུས་ནས་ལམ་སེང་ཡོང་བ་ཡིན། དེ་ནས་མའོ་ཙེ་ཏུང་གིས་དངོས་ནས་མ་འོངས་པར་བོད་ཡར་རྒྱས་གཏོང་རྒྱུའི་སྐོར་དེ་ཚོའི་གྲས་དངོས་གནས་ཉམས་མྱོང་གི་ཐོག་ནས་མི་མང་གི་འགོ་ཁྲིད་སྟངས། མི་མང་གི་བསམ་འཆར་བསྡུ་སྟངས་སོགས་བསླབ་བྱ་ཧ་ཅང་ཡག་པོ་བརྒྱབ་བྱུང་། དངོས་གནས་དྲང་གནས་དོན་ལྡན་ཞིག་རེད། མཇུག་ཏུ་མའོ་ཙེ་ཏུང་ངོས་ཀྱི་ཉེ་འགྲམ་དུ་བཅར་ནས། ཁྱེད་རང་གི་བསམ་བློ་དེར་ཚན་རིག་པའི་བསམ་བློ་འདུག དེར་བརྟེན་ཆོས་འདི་དུག་རེད། ཅེས་བརྗོད་བྱུང་།
སྐབས་དེར་ངོས་རང་ལུས་པོ་ཏོག་ཙམ་ཚ་འུར་འུར་ཆགས་བྱུང་། བསམ་བློའི་ནང་བསྟན་པའི་དགྲ་བོ་རེད་འདུག་བསམ་པ་དྲན་བྱུང་། འོན་ཀྱང་སྐབས་དེར་རྣམ་འགྱུར་སྡུག་པོ་ཐོན་ན་འགྲིག་མི་ཡོང་བསམས་ནས་ངོས་ཀྱིས་མདོང་དེ་མར་སྦས་པ་ལྟ་བུ་བྱས་ཏེ་རྒྱུན་དུ་སྐད་ཆ་གལ་ཆེའི་རིགས་དེ་དག་ཟིན་བྲིས་རྒྱག་བཞིན་ཡོད། དེར་བརྟེན་སྐབས་དེར་ཟིན་བྲིས་རྒྱག་ཁུལ་བྱས་ནས་མདོང་མར་སྦས་ནས་བསྡད་པ་ཡིན། གང་ལྟར་གཙོ་བོ་དོན་གྱི་བདག་པོ་རང་གིས་ཆོས་འདི་དུག་རེད། ཅེས་ལབ་པ་རེད། དེ་རྗེས་ངོས་རང་བོད་དུ་ཡར་ལོག་ཡོང་སྐབས་དྲན་ཏུར་དར་རྩེ་མདོའི་ཁུལ་དུ་ས་ཡོམ་བརྒྱབ་ནས་འགྲོ་ལམ་འགག་ནས་ལམ་སེང་འགྲོ་ཐུབ་ཐབས་མེད་སྟབས་དྲན་ཏུར་ཉིན་འགའ་ཤས་བསྡད་ཡིན། ཧ་ལམ་བདུན་ཕྲག་གཅིག་ཡིན་ནམ་ཞག་པོ་བཅུ་ཙམ་ཡིན་ནམ་བསྡད་པ་རེད།
སྐབས་དེར་ཀྲུའུ་ཨེན་ལའི་དང་དྲེན་ཡི་གཉིས་བྷང་ཏུང་ལྷན་ཚོགས་སུ་བསྐྱོད་ནས་ཕྱིར་འཁོར་རྗེས་ཁོ་པ་གཉིས་ཀྱིས་གསུང་བཤད་གནང་ས་དེར་ངོས་རང་ཕྱིན་པ་ཡིན། དེ་རྗེས་ཁོ་པ་གཉིས་དང་ངོས་རང་ཟུར་དུ་ཐུག་པ་རེད། སྐབས་དེར་ངོས་ལ་བསྟོད་བསྔགས་བྱས་ནས་ཆོས་སྐོར་ཡག་ཡག་གསུངས་བྱུང་། དེ་སྐབས་ངོས་ཀྱི་བསམ་བློའི་ནང་དུ་དོན་གྱི་བདག་པོ་མའུ་ཙེ་ཏུང་གིས་ཆོས་དུག་རེད། བརྗོད་ཟིན་སྟབས་ཀྲུའུ་ཨེན་ལེའི་གསུང་ལ་ཆ་བཞག་རྒྱུ་དེ་ཙམ་མེད་བསམས་པ་དྲན་བྱུང་། དེ་རྗེས་རིམ་བཞིན་ཕྱི་ལོ་ ༡༩༥༩ ལོའི་གནས་ཚུལ་བྱུང་། ང་ཚོ་བཙན་བྱོལ་བ་ཆགས། སྔོན་དུ་རིག་གནས་གསར་བརྗེ་མ་བྱུང་གོང་དུ་བོད་རིགས་ས་ཁུལ་ནང་དུ་དགོན་སྡེ་རེད། རབ་བྱུང་གི་སྡེ་རྒྱ་ཆེན་པོ་ཡོད་པ་དེ་དག་གཏོར་བཤིང་འགོ་བཙུགས་པ་རེད། སྤྱིར་ཕྱི་ལོ་ ༡༩༥༦ ལོ་ནས་ཟིང་འཁྲུག་ལྟ་བུ་བྱུང་ཡོད། གང་ལྟར་ཆོས་བྱེད་དགོན་སྡེ་ཁག་དེ་དག་ལ་དམིགས་བསལ་གྱི་སྡང་ཟུག་བྱས་པ་དེ་འདྲ་བྱུང་ཡོད། དེ་ནས་རིག་གནས་གསར་བརྗེ་ལངས་པ་རེད། མའོ་ཙེ་ཏུང་གིས་ངོས་ལ་གསུང་བཞག་པའི་ཚིག་དེ་རྙིང་བཞི་རྩ་གཏོར་གཏོང་རྒྱུའི་ནང་ཕྱིན་པ་རེད། དེར་བརྟེན་ངོས་ཀྱིས་དུས་རྒྱུན་འདི་འདྲ་ཤོད་ཀྱི་ཡོད། སྐབས་དེར་མའུ་ཙེ་ཏུང་དང་ངོས་གཉིས་བཀའ་མོལ་བྱུང་བ་རེད། འོན་ཀྱང་མའོ་ཙེ་ཏུང་ད་ལྟ་ཡོད་པ་ཡིན་ན། མའོ་ཙེ་ཏུང་གཅང་པོ་ཡོད། རྒྱུ་མཚན་དཔྱད་པ་བྱེད་མཁན་ཞིག་རེད། དེར་བརྟེན་ད་ལྟ་མའོ་ཙེ་ཏུང་ཡོད་པ་ཡིན་ན། ཕལ་ཆེར་སྤྱིར་ཆོས་ཟེར་མཁན་དེ་དུག་རེད། འོན་ཀྱང་སངས་རྒྱས་པའི་ཆོས་དེ་ཏོག་ཙམ་མི་འདྲ་བ་རེད་འདུག ཅེས་ཕལ་ཆེར་ཤོད་མདོག་ཁ་པོ་རེད། ཅེས་ངོས་ཀྱི་གཞན་ལ་སྐབས་རེ་དེ་འདྲ་བརྗོད་ཀྱི་ཡོད། འདི་གཅིག་བརྗོད་འདོད་བྱུང་།
བཙན་བྱོལ་དུ་འབྱོར་ནས་ཐེངས་དང་པོ་ཞིག་ལ་ངོས་རང་སིངྒ་པུར་དུ་བསླེབས་པ་རེད། སྐབས་དེར་སིངྒ་པུར་དུ་རྒྱའི་དགེ་སློང་བླ་རྒན་དེ་འདྲ་དང་ལྷན་དུ་སྐད་ཆ་བཤད་ནས་ལྷ་ཁང་ནང་དུ་རྒྱ་སྐད་ཐོག་ནས་ཤེས་རབ་སྙིང་པོ་གསུངས། སྐབས་དེར་ངོས་རང་ཧ་ཅང་སེམས་སྐྱོ་བྱུང་། སྐད་ཡིག་འདི་དེ་སྔ་རྒྱ་ནག་ནང་དུ་མི་གྲངས་ས་ཡ་བྱེ་བ་མང་པོས་སྐད་དེའི་ཐོག་ནས་ཤེས་རབ་སྙིང་པོ་འདོན་བཞིན་ཡོད། ད་ཆ་གནས་སྟངས་འདི་འདྲ་ཞིག་ཆགས་ཡོད་བསམས་པ་དྲན་ནས་སེམས་སྐྱོ་པོ་ཞིག་བྱུང་།
དེ་ནས་རིམ་བཞིན་རིག་གནས་གསར་བརྗེ་རྗེས་སུ་རིམ་བཞིན་གང་ལྟར་ཆོས་དང་རིག་གཞུང་ཟེར་རྒྱུ་འདི་མིའི་བསམ་བློའི་གོམས་གཤིས་ནང་ལོ་སྟོང་ཕྲག་ནས་འཇགས་བསྡད་པ་དེ་བཙན་པོས་བསྒྱུར་བ་གཏོང་རྒྱུ་དང་། བཀག་བསྡོམ་བྱེད་རྒྱུ་ཧ་ཅང་ཁག་པོ་རེད། རིམ་བཞིན་རྒྱ་ནག་ནང་དུ་སྤྱིར་ཡི་ཤུའི་ཆོས་དད་དང་ལྷག་པར་དུ་སངས་རྒྱས་པའི་ཆོས་ལ་དོ་སྣང་བྱེད་མཁན་ཧ་ཅང་མང་དུ་ཕྱིན་ནས་སྔ་མོ་ཕལ་ཆེར་ལོ་བཞི་ཙམ་གོང་དུ་རེད། རྒྱ་ནག་པེ་ཅིང་གི་སློབ་གྲྭ་ཆེན་མོ་ཞིག་གི་དགེ་རྒན་གཅིག་གིས་རྒྱ་ནག་ནང་དུ་ནང་ཆོས་ལ་དོ་སྣང་བྱེད་མཁན་མི་གྲངས་ག་ཚོད་ཡོད་མེད་ཉམས་ཞིབ་བྱས་པའི་སྙན་ཐོ་ཞིག་བཏོན་པ་དེའི་ནང་དུ་མི་གྲངས་ས་ཡ་ ༣༠༠ ལྷག་འདུག མི་གསུམ་བརྒྱ་ལྷག་ཙམ་གྱིས་ནང་ཆོས་ལ་དོ་སྣང་བྱེད་བཞིན་ཡོད། དེའི་ནང་ཤེས་ཡོན་ཡོད་པ་ཧ་ཅང་མང་པོ་འདུག ཅེས་བཀོད་འདུག
དེར་བརྟེན་དེང་སྐབས་རྒྱ་ནག་ནང་དུ་ནང་ཆོས་ལ་དོ་སྣང་བྱེད་ཤུགས་ཆེ་རུ་འགྲོ་བཞིན་ཡོད། དེ་ཡང་བརྗོད་ཐུབ་པ་གཅིག་རེད། རྒྱ་ནག་ལོ་རྒྱུས་ཀྱི་ཐོག་ནས་བརྗོད་ན། ནང་པའི་ལུང་པ་རེད། དེ་འདྲ་ཡིན་དུས་ལོ་ངོ་སྟོང་གི་རིང་ལ་གོམས་གཤིས་ཡོད་པའི་སོ་སོའི་ཆོས་དད་ཟེར་ནའང་འདྲ། གོམས་གཤིས་དེ་ཟུབ་ཐུབ་རྒྱུ་མེད་པར་བརྟེན་དེར་དོ་སྣང་ཤུགས་ཆེ་རུ་འགྲོ་བཞིན་ཡོད། དེང་སྐབས་རྒྱ་ནག་ཏུ་ནང་ཆོས་ལ་དོ་སྣང་བྱེད་མཁན་མི་གྲངས་ས་ཡ་ ༤༠༠ ལྷག་ཡོད་པ་བརྗོད་ཀྱི་འདུག དེའི་ནང་ནས་བོད་བརྒྱུད་ནང་བསྟན་ལ་དོ་སྣང་བྱེད་མཁན་བྱེ་མང་དུ་འགྲོ་བཞིན་ཡོད། ངོས་ཀྱིས་དངོས་སུ་ཉམས་མྱོང་བྱུང་བ་དེ་རྒྱ་ནག་སྐམ་ས་ཆེན་མོ་ནས་དེ་སྔ་འགོ་སྟོད་སྐབས་དཀའ་ངལ་གང་ཙམ་འཕྲད་བཞིན་ཡོད། འོན་ཀྱང་དཀའ་ངལ་ཁྱད་གསད་ཐོག་ནས་ལྐོག་དང་ངོས་བྱས་ནས་འདིར་ཚུར་ཡོང་མཁན་ལོ་ལྟར་མང་དུ་འགྲོ་བཞིན་ཡོད། དེ་ཚོ་མང་ཆེ་བ་ངོས་དང་ཐུག་སྐབས་མིག་ཆུ་གཏོང་མཁན། ཧ་ཅང་དད་པ་ཤུགས་ཆེན་པོ་ཡོད་མཁན་དེ་འདྲ་འདུག ཕྱོགས་མཚུངས་འཛམ་གླིང་ནུབ་ཕྱོགས་ལ་མཚོན་ན། ནང་པའི་ཆོས་དང་འབྲེལ་བ་སྔ་མོ་སྦར་མ་ལ་སོགས་ནང་པའི་ཡུལ་གྲུ་ཨིན་ཇིའི་འོག་ཡོད་པ་དང་། ཝི་ཏི་ནམ་ལ་མཚོན་ན་ཕ་རན་སི་དང་དེ་ཚོའི་འོག་ལ་ཡོད་པ་རྣམས་ནས་རང་བཞིན་གྱིས་ནང་ཆོས་དང་འབྲེལ་བ་ཅིག་ཆགས་ཡོད། དཔེར་ན། ཆོས་ཀྱི་ཚིགས་སུ་བཅད་པ། (Dhammapada) སྔ་མོ་ནས་ཨིན་སྐད་ཐོག་བསྒྱུར་ཡོད།
འོན་ཀྱང་ནུབ་ཕྱོགས་ཡུལ་གྲུ་ཁག་ཏུ་སངས་རྒྱས་པའི་ཆོས་ལ་དམིགས་བསལ་དོ་སྣང་བྱས་ནས་ལྷག་པར་ཤེས་ཡོན་ཅན་གྱི་ནང་དང་། དེའི་ནང་ཚན་ནས་ཚན་རིག་པའི་ནང་ལ་དོ་སྣང་བྱེད་མཁན་དེ་སྔ་ཕལ་ཆེར་མེད། ང་ཚོ་བོད་མི་བཙན་བྱོལ་དུ་འབྱོར་ནས་རིམ་བཞིན་འབྲེལ་བ་ཞིག་བསླེབས་ཡོང་སྐབས་བོད་ཀྱི་སངས་རྒྱས་པའི་ཆོས་ལ་དོ་སྣང་ཤུགས་ཆེ་རུ་འགྲོ་བཞིན་ཡོད། ངོས་རང་སྒེེར་ལ་མཚོན་ནའང་ཆུང་དུས་ཚན་རིག་ལ་ཧ་ཅང་དགའ་པོ་ཡོད། ཚན་རིག་བརྗོད་སྐབས་བདེན་དོན་འཚོལ་མཁན་ཞིག་ལ་ཡི་ཆེས་བྱེད་ཀྱི་ཡོད།
དྲང་པོ་བརྗོད་ན་ང་ཚོ་ཆོས་དད་ཡོད་མཁན་ཚོས་དད་པའི་ཐོག་ནས་རྨོངས་ཞན་ལྟ་བུ་བྱས་ནས་འགྲོ་གི་རེད། ཚན་རིག་པས་རྒྱུ་མཚན་དང་ཚོད་ལྟ་འབའ་ཞིག་ལ་ལྟས་པ་མ་གཏོགས་དད་པ་བྱས་ནས་མི་འགྲོ། དེར་བརྟེན་ཚན་རིག་པས་མ་མཐོང་བ་ཞིག་མེད་པར་ཐག་གཅོད་ཀྱི་མ་རེད། མ་མཐོང་ཕྱིར་ན་མེད་པ་མིན། ཞེས་པ་འདི་ཏག་ཏག་འགྲོ་བཞིན་ཡོད། ཚན་རིག་པའི་ཐོག་ནས་བརྙེད་པ་ཞིག་ཡིན་ན་མིག་མཐོང་ལག་ཟིན་གྱིས་བྱུང་ནས་ཚན་རིག་པའི་ཐོག་ནས་མཐོང་བ་མངོན་འགྱུར་དང་ཅུང་ཟད་ལྐོག་འགྱུར། ཤིན་ཏུ་ལྐོག་འགྱུར་གསུམ་བཅས་ཞལ་བྱའི་གནས་གསུམ་ནས་ཤིན་ལྐོག་ལ་དོ་སྣང་བྱེད་རྒྱུ་ཁག་པོ་རེད། དོ་སྣང་བྱེད་ཐུབ་རྒྱུ་མེད། རིམ་བཞིན་ཡོང་གི་རེད་མ་གཏོགས་གཞན་མེད། ཅུང་ཟད་ལྐོག་འགྱུར་གྱི་ནང་ལ་འབྲེལ་བ་ཞིག་ཡོང་གི་ཡོད། དེ་ཐམས་ཅད་གཞི་བཞག་ས་དེ་མཐོང་བ་མངོན་འགྱུར་སྒང་ལ་གཞི་བཞག་ནས་འགྲོ་གི་ཡོད། མཐོང་བ་མངོན་འགྱུར་ཐོག་ནས་བརྟག་དཔྱད་བྱས་ནས་ར་འཕྲོད་པ་ཞིག་ཡིན་ན་ང་ཚོས་དེར་བདེན་པ་བརྩི་དགོས་པ་ཞིག་ཀྱང་རེད། ཅེས་དང་།
གཞན་ཡང་༸གོང་ས་མཆོག་གིས་ཆོས་བརྒྱུད་ནང་ཕན་ཚུན་མཐུན་སྒྲིལ་དགོས་སྐོར་བཀའ་སློབ་སྩལ་དོན། ཆོས་ལུགས་མཐུན་སྒྲིལ་ཟེར་དུས་ཕན་ཚུན་གཅིག་གིས་གཅིག་ལ་ངོ་ཤེས་པ་དང་། ཆོས་བརྒྱུད་གཅིག་གིས་གཅིག་ལ་དཔེར་ན་གསར་མས་རྙིང་མ་མཐོང་ན་རྙིང་དྲི་ཁ་ཡི་འདུག་མདོག་མདོག་བྱས་ནས་ཕར་བཞག རྙིང་མས་གསར་མ་དང་དེའི་ནང་ནས་དགེ་ལུགས་པ་མཐོང་ན། དེ་རྟོག་གེ་མགོ་མཁྲེགས་ཞེ་དྲགས་ཡིན་མདོག་མདོག་བྱེད་པ་དེ་མི་དགོས་པར་ང་རང་ཚོ་ཚང་མས་ཕན་ཚུན་གཅིག་གི་གཅིག་ལ་དངོས་གནས་བཅོམ་ལྡན་འདས་ཀྱི་རྗེས་འབྲང་གཅིག་གྱུར་དང་། བྱམས་པ་མགོན་པོའི་རྗེས་འབྲང་གཅིག་གྱུར། ཀླུ་སྒྲུབ་ཡབ་སྲས་ཀྱི་རྗེས་འབྲང་གཅིག་གྱུར་ཆགས་བསྡད་ཡོད་པ་རེད།
དེ་སྔ་བོད་ལ་ཡོད་སྐབས་དང་བཙན་བྱོལ་ལ་ཡོད་སྐབས་གཉིས་བསྡུར་ན་ཕལ་ཆེར་ང་ཚོ་ད་ལྟ་ཐུགས་མཐུན་ཁྲིམས་གཙང་ཉེ་བོ་ཆགས་བསྡད་ཡོད་པས་ཞེ་དྲགས་ཡག་པོ་རེད། གཙོ་ཆེ་ཤོས་ཁྱེད་རང་ཚོ་ཚང་མས་ཐུགས་འཁུར་དང་དགོངས་པ་ཡངས་པོ་བཞེས་ཏེ་ཞེ་དྲགས་ཡག་པོ་ཡིན། དངོས་གནས་དྲང་གནས་ཀྱི་ཆོས་གྲོགས་དང་བློ་གཅིག་སེམས་གཅིག་གིས་གཅིག་གྱུར་གྱི་བསྟན་པའི་དོན་དུ་ཐུགས་འཁུར་བཞེས་པར་ཐུགས་རྗེ་ཆེ་ཞུས་པ་ཡིན། ད་ཕྱོགས་བསྡོམས་ཀྱིས་ཞུས་ན། ཕྱི་དངོས་པོ་ཡར་རྒྱས་ཀྱི་ཐོག་ནས་ང་ཚོ་སྐྱོ་ཐག་ཆོད་རེད། ཁབ་གཅིག་ཀྱང་ཡག་པོ་བཟོ་ཤེས་ཀྱི་ཡོད་པ་མ་རེད། ཡིན་ནའང་། ནང་སེམས་ཁམས་རིག་པའི་སྐོར་ལ་ཆ་བཞག་ན་ཧ་ལས་པ་ཞིག་ཡོད། དེ་ད་ལྟ་ཁྲོམ་འདྲ་བོ་སྟོན་པའི་དུས་ཚོད་ལ་བསླེབས་འདུག་པས་ཁྱེད་རང་ཚོའི་ཐུགས་ལ་བཅང་རོགས། ཞེས་བཀའ་སློབ་སྩལ།།