༄༅། །བོད་རང་དབང་གི་བདེན་མཐའ་མྱུར་དུ་གསལ་བར་བྱེད་པའི་སྒྲུབ་ཐབས་སྲིད་བྱུས་དང༌།དེ་ལག་ལེན་དུ་ཇི་ལྟར་བསྟར་བའི་ཚུལ་བྱེ་བྲག་ཏུ་སྟོན་པ། བོད་ཡུལ་གཏན་དུ་བདེ་བའི་གཞི་མ་ཞེས་བྱ་བ་བཞུགས་སོ།།
བོད་མི་ས་ཡ་དྲུག་གི་མཐའ་མའི་ཐག་གཅོད་ཆེན་མོ།། ཨ་མེ་རི་ཀའི་རྒྱལ་ཕྲན་ལྔ་བཅུ་ང་གཅིག་པ་སྟེ། བོད།
པད་གདུང་རྡོ་རྗེ་བཙན་པོས།
ཨ་བོད་དང་བླངས་བོད་དོན་གསང་སྒྲུབ་མཐུན་ཚོགས་ནས། བོད་རྒྱལ་ལོ་ཉིས་སྟོང་བརྒྱ་དང་སོ་བཞི། རབ་བྱུང་རི་ཟླའི་མེ་ཕག་ལོའི་བོད་ཟླ་དགུ་བའི་ཚེས་བཅུ་བཞི། ཕྱི་ལོ་ཉིས་སྟོང་བདུན་ཟླ་བཅུ་བའི་ཚེས་ཉེར་བཞི་བཟང་བོར་ལེགས་པར་གྲུབ་པ། བོད་འདི་དེང་ནས་རྟག་ཏུ་རྒྱལ་ཞིང་གཏན་དུ་བདེ་བའི་རྒྱུར་གྱུར་ཅིག། བཀྲ་ཤིས། དགེ་ལེགས་འཕེལ།།
ཨོཾ་སྭསྟི། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་རྒྱལ་བ་རྒྱ་མཚོའི་ཚོགས་ལ། སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ཞིང་སྐྱབས་སུ་ཉེ་བར་མཆིའོ།། སྔར་གྱི་ཐུགས་བསྐྱེད་དམ་བཅའ་མ་གཡེལ་བར། དུས་ངན་སྙིགས་མའི་སེམས་ཅན་ཀུན། ཐུགས་བརྩེ་བ་ཆེན་པོས་རྗེས་སུ་བཟུང་སྟེ། འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་འདི་ལས་མྱུར་དུ་བསྒྲལ་དུ་གསོལ། ད་ལྟ་ཉིད་དུ་བསྒྲལ་དུ་གསོལ།།
ད་ལྟ་ལྷོ་ནུབ་སྲིན་པོའི་ཡུལ་ན་ཟབ་གསང་ཆོས་ཀྱི་འཁོར་ལོ་བར་མེད་དུ་བསྐོར་བའི་སློབ་དཔོན་པདྨ་འབྱུང་གནས་དྲག་པོ་རྩལ་བྱེ་བ་འབུམ་ཕྲག་ལ། བཀའ་དྲིན་རྗེས་སུ་དྲན་བཞིན་གདུང་ཤུགས་དྲག་པོས་གསོལ་བ་སྙིང་གི་དཀྱིལ་ནས་འདེབས་ཤིང་སྐྱབས་སུ་ཉེ་བར་མཆིའོ།། བོད་འབངས་སྐྱོང་བཞེད་ཐུགས་དམ་གཉན་པོ་ཉེ་བར་དགོངས་ལ། རྒྱལ་བ་ཀུན་ལས་མྱུར་བའི་ཐུགས་རྗེ་འཕྲིན་ལས་དུས་ལས་མི་གཡོལ་བར། བཟོད་མེད་སྡུག་བསྔལ་དྲག་པོས་མནར་བའི་བོད་འབངས་སེམས་ཅན་ཐམས་ཅད་དུས་ངན་གཉན་འཕྲང་འདི་ལས་བསྐྱབ་ཏུ་གསོལ། ད་ལྟ་ཉིད་དུ་བསྐྱབ་ཏུ་གསོལ།
འགྲོ་བ་ཀུན་གྱི་མ་འདྲིས་པའི་མཛའ་བཤེས་ཆེན་པོ། མཉམ་མེད་ཤཱཀྱའི་རྒྱལ་བོ་བྱེ་བ་འབུམ་ཕྲག་གྲངས་མེད་ལ། ཞིང་གི་རྡུལ་སྙེད་ལུས་རབ་སྤྲུལ་ནས་ཇི་སྲིད་བྱང་ཆུབ་སྙིང་བོ་ལ་མཆིས་ཀྱི་བར་དུ་ཕྱག་འཚལ་ཞིང་སྐྱབས་སུ་ཉེ་བར་མཆིའོ།།ཀུན་ནས་ཉོན་མོངས་པས་རྒྱུད་བརླམས་ཤིང༌། མ་རིག་འཐིབས་པོའི་སྨག་རུམ་ན་འདོད་ཆགས་ཀྱི་དུག་རླངས་འཐུལ་ཞིང༌། ཞེ་སྡང་དྲག་པོའི་མེ་ལྕེ་རྒྱ་ཡན་དུ་སྦར་བ་ལས། རང་གཞན་ཚང་མའི་བདེ་བའི་གནས་དང་སྐབས་ཐམས་ཅད་འཇོམས་པར་བྱེད་པའི་ངང་ཚུལ་འདི་ལ། ཐུགས་བཏང་སྙོམས་མི་མཛད་པར། དགོངས་པའི་དབྱིངས་ནས་ཐུགས་རྗེའི་ཤུགས་ཕྱུངས་ལ། འཇིག་རྟེན་ཀུན་གྱི་མུ་གེ་དམག་འཁྲུག་དང་ནད་ཡམས་བར་ཆད། བསམ་ངན་སྦྱོར་རྩུབ་ཐམས་ཅད་ད་ལྟ་ཉིད་དུ་ཞི་ནས། སེམས་ཅན་ཐམས་ཅད་ཞི་བདེ་དང་རང་དབང་ལ་གནས་ཤིང་དགའ་བདེའི་དཔལ་གྱིས་ཁྱབ་པར་མཛད་དུ་གསོལ། ད་ལྟ་ཉིད་དུ་མཛད་དུ་གསོལ།།
ཨེ་མ་ཧོ། ཆོས་དབྱིངས་སྟོབས་ལྡན་ཡངས་པའི་མཁའ་ལམ་ན།།
གཞན་ཕན་ཐུགས་རྗེའི་ཉི་གཞོན་འབུམ་དུ་བརྡལ།།
འཕྲིན་ལས་ལྷུན་གྲུབ་གདེངས་ཀའི་འོད་རྣོན་གྱིས།།
འགྲོ་ཁམས་རྒྱ་མཚོའི་སྙིང་ལ་མངའ་དབང་སྒྱུརད།།
གདོད་ནས་རྣམ་དག་གཞི་དབྱིངས་ཆོས་ཉིད་ཀློང༌།།
རབ་འབྱམས་རྒྱལ་བའི་གསང་གསུམ་འགག་མེད་མདངས།།
རྡོ་རྗེ་ལུ་གུ་རྒྱུད་དུ་འཕོས་པ་ཡི།།
དཔལ་གྱི་དགེ་མཚན་ཆེན་པོས་ཤིས་པ་སྩོལ།།
འཕགས་པའི་ཡུལ་ན་ཐུབ་པ་བཅོམ་ལྡན་འདས།།
ཨོ་རྒྱན་ཡུལ་ན་མཚོ་སྐྱེས་རྡོ་རྗེ་སྐུ།།
ཁ་བ་ཅན་ན་འཕགས་མཆོག་སྤྱན་རས་གཟིགས།།
བདག་སྙིང་དད་པའི་ཟེའུ་འབྲུར་རོ་གཅིག་ཉིད།།
བྱམས་དང་བརྩེ་བའི་གཏེར་ལ་ཟད་པ་མེད།།
མཁྱེན་བརྩེ་ནུས་པའི་ཟླ་གཞོན་བྲི་གང་མེད།།
རིགས་དྲུག་ཀུན་ལ་ཉེ་རིང་ཆགས་སྡང་མེད།།
བདག་གི་རྩ་བའི་བླ་མ་འགྲན་ཟླ་མེད།།
རྒྱལ་ཀུན་ཐུགས་རྗེ་འཕྲོག་སྟེ་བདག་གིར་བྱས།།
འགྲོ་ཀུན་བུ་ལྟར་གཟིགས་ནས་སྙིང་ལ་སྦས།།
ཁམས་གསུམ་གདན་ལ་ཉི་ཟླ་ཕྱག་རྩེད་འགྱེད།།
དབང་ཆེན་འབར་བས་སྲིད་གསུམ་ཟིལ་གྱིས་ནོནད།།
རྒྱལ་ཀུན་མཁྱེན་རབ་གཅིག་འདུས་འཇམ་པའི་དབྱངས།།
གསུང་དབྱངས་ཡན་ལག་དྲུག་ཅུའི་བདག་མོ་སྟེ།།
དབྱེར་མེད་བླ་མ་སྨྲ་བའི་སེང་གེ་ཡིས།།
ཟབ་གསལ་མྱུར་དང་རྣོ་བའི་ཤེས་རབ་སྩོལད།།
གཟུངས་སྤོབས་ཏིང་འཛིན་ཟད་མི་ཤེས་པའི་བློས།།
རྒྱལ་བའི་དགོངས་པ་ཟབ་མོ་མྱུར་རྟོགས་ཏེ།།
འཆད་རྩོད་རྩོམ་དང་སྒྲུབ་པ་ཉམས་ལེན་གྱིས།།
འགྲོ་བ་སྒྲོལ་བའི་དེད་དཔོན་ཉིད་གྱུར་ཅིག།
ཚེ་རབས་སྔོན་ནས་བསྒྲུབས་པའི་ཡི་དམ་ལྷ།།
དུས་གསུམ་སངས་རྒྱས་ཀུན་གྱི་འཕྲིན་ལས་གཟུགས།།
རྗེ་བཙུན་སྒྲོལ་མའི་ལྷ་ཚོགས་དབྱིངས་ནས་བཞེངས།།
བོད་འབངས་སེམས་ཅན་འདོད་དོན་མྱུར་དུ་སྩོལད།།
བདེ་ཆེན་ཡངས་པའི་ཕོ་བྲང་ཆེན་པོ་ནས།།
བདེ་བའི་ཉམས་འགྱུར་སྙན་འཇེབས་རོལ་དབྱངས་བཅས།།
བདེ་སྟོང་ཟུང་འཇུག་རྫུ་འཕྲུལ་ཐོགས་མེད་ངང༌།།
བདེ་ལེགས་ཀུན་སྩོལ་འགལ་རྐྱེན་ལྷག་མེད་ཟློགས།།
སྲིད་པའི་ལྷ་དགུ་རྗེ་ཡི་མགུར་ལྷ་དང༌།།
བརྟན་མ་བཅུ་གཉིས་ཚེ་རིང་མཆེད་ལྔ་བོ།།
ཁྱད་པར་འདོད་ཁམས་བདག་མོ་རེ་མ་ཏི།།
ཐུགས་རྗེ་བསྐུལ་ན་སྡོང་གྲོགས་ཤུགས་མ་ཆུང༌།།
ཧཱུྃ་ཤི་ཕཌ་འགྱེལ་རོ་ལངས་གསེར་འགྱུར་དང༌།།
གང་གཱ་གནམ་འདྲེན་སྒྲུབ་ཕུག་མར་ལྟར་བཞུ།།
རི་བྲག་ཐོགས་མེད་དགོངས་པ་ཟངས་ཐལ་ངང༌།།
གྲུབ་ཆེན་བརྒྱད་ཅུས་བདག་ལ་གྲུབ་པ་སྩོལད།།
ཆུ་ལ་ཉ་དང་མཁའ་ལ་བྱ་ལྟར་ལྡིང༌།།
བསད་པའི་རོ་བསླངས་བྲག་ལ་ཕུར་བ་འདེབས།།
ཉི་ཟླ་དམ་བཏགས་ཉི་ཟེར་ཆིབས་སུ་བཅིབས།།
རྗེ་འབངས་ཉེར་ལྔས་བདག་ལ་བྱིན་ཆེན་ཕོབས།།
སྣ་ཚོགས་ཐབས་དང་ཐུགས་རྗེ་ཚད་མེད་བློས།།
སྣ་ཚོགས་འགྲོ་བའི་ཁམས་དབང་མོས་པ་ལྟར།།
སྣ་ཚོགས་གཟུགས་ཀྱིས་གང་ལ་གང་འདུལ་དུ།།
སྣ་ཚོགས་ཆོས་སྲིད་བྱ་བ་སྒྲུབ་ལ་སྤྲོ།།
སྙིགས་དུས་འགྲོ་བ་སྒྲོལ་བའི་ཁུར་བསྣམས་པའི།།
འཇིག་རྟེན་ཞི་བདེའི་དེད་དཔོན་བླ་ན་མེད།།
རྩ་བའི་བླ་མ་གཙུག་གི་ནོར་བུ་མཆོག།
ྋབསྟན་འཛིན་རྒྱ་མཚོས་བོད་འབངས་རྟག་ཏུ་སྐྱོངས།།
ཞེས་བླ་མ་མཆོག་གསུམ་དམ་ཅན་རྒྱ་མཚོའི་ཐུགས་རྗེ་ཐུགས་དམ་ཉེ་བར་བསྐུལ་བའི་གདུང་དབྱངས་རིང་མོས་སྔོན་བསུས། མཆོད་པར་བརྗོད་ཅིང་རྩོམ་པར་དམ་བཅའ་བས་གཞི་བཟུང་སྟེ། འདིར་གང་བརྗོད་པར་བྱ་བ་དངོས་ནི། བོད་རང་དབང་གི་བདེན་མཐའ་མྱུར་དུ་གསལ་བར་བྱེད་པའི་སྒྲུབ་ཐབས་སྲིད་བྱུས་དང༌། དེ་ལག་ལེན་དུ་ཇི་ལྟར་བསྟར་བའི་ཚུལ་བྱེ་བྲག་ཏུ་སྟོན་པ་ལ།
སྔོན་དུ་གླེང་བར་བྱ་བའི་གཏམ།
ལྷ་རབ་བྱུང་ན། ྋགོང་ས་ཆེན་པོའི་དབུ་མའི་ལམ་གྱི་དགོངས་དོན་གཞིར་བཟུང༌། བོད་རྒྱ་གཉིས་ཞི་འགྲིག་གིས། བོད་ཆོལ་ཁ་གསུམ་གཅིག་ཏུ་བསྒྲིལ་བའི་རང་སྲིད་རང་སྐྱོང་མིང་དོན་མཚུངས་པ་ཞིག་བྱུང་ན། བོད་རྒྱ་གཉིས་ལ་འདས་པའི་མི་ལོ་སྟོང་ཕྲག་མང་བོའི་རིང་གི་ལོ་རྒྱུས་དང༌། ཆོས་དང་རིག་གཞུང༌། ས་བབ་སོགས་གང་ཅིའི་ཐད་ནས་ཐུན་མོང་མ་ཡིན་པའི་འབྲེལ་བ་ཟབ་མོ་ཞིག་ཆགས་ཡོད་པ་ལྟར། འཕྲལ་ཡུན་ཀུན་ཏུ་དགེ་ལེགས་ཆེན་པོ་འབྱུང་བ་གདོན་མི་ཟ་ཡང༌། འདས་པའི་མི་ལོ་ལྔ་བཅུའི་རིང་གི་བྱུང་བ་སྤྱི་དང༌། ཁྱད་པར་དུ་བོད་རྒྱ་གཉིས་ཞི་འགྲིག་ཆེད། གཙོ་བོ་ྋགོང་ས་མཆོག་དང་བཙན་བྱོལ་བོད་གཞུང་དམངས་གཉིས་ཀྱིས་ལྷག་བསམ་རྣམ་པར་དག་པའི་སྒོ་ནས༌། མ་ལན་མ་འགྱོད་མེད་པར་ལན་དགུ་ཆད་མཐུད་ཀྱིས་འབད་བརྩོན་སྣ་རྒུ་ཇི་ལྟར་གནང་རུང༌། རྒྱ་དམར་གཞུང་གིས། ང་ཚོའི་འབད་བརྩོན་འདི་དག་སྣང་མེད་རྡོག་བརྫིས་ཀྱིས། དོན་དམ་གྱི་འབད་བརྩོན་ཚུལ་བཞིན་མི་གནང་ཁར། གནས་དུས་ཚོད་རྩིས་ཀྱིས། ྋགོང་ས་ཆེན་པོའི་རླབས་ཆེན་མཛད་བཟང་ལ་གཞི་མེད་སྒྲོ་བསྐུར་དང༌། ཐ་ན་གང་གི་སྐུ་ལ་ངན་སེམས་ཀྱིས་ཁྲག་འབྱིན་པའི་སྦྱོར་བ་ངན་པ་དག་དངོས་ཤུགས་བརྒྱུད་གསུམ་ནས་རྒྱུན་མི་ཆད་དུ་བརྩམས་དང་རྩོམ་བཞིན་པ་ནི། འཛམ་གླིང་གཟུར་གནས་སྐྱེ་བོ་ཀུན་ལ་ས་རིས་ཐང་གསལ་ཡིན།
ལྷག་དོན། ཉེ་བའི་ལོ་འགའི་རིང་གི་བྱུང་བ་ཁག་ཅིག་ལ་དཔྱད་ན། རྒྱ་དམར་གཞུང་དང་མཉམ་དུ་བོད་དོན་ཐག་ཆོད་པའི་རེ་བ་ནི་བརྒྱ་ལམ་ཐོབ་པ་མ་བཀག་ཙམ་གྱི་ངང་ཚུལ་ཏེ། དཔེར་ན། པན་ཆེན་སྐུ་ཕྲེང་བཅུ་བ་མཆོག་གློ་བུར་དུ་དགོངས་པ་རྫོགས་པ་དང༌། པན་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དུས་ད་ལྟའང་གར་བཞུགས་མི་ཤེས་པ། དེ་བཞིན་དུ་མཁན་པོ་འཇིགས་མེད་ཕུན་ཚོགས་འབྱུང་གནས་དང༌། གུང་ཐང་འཇམ་པའི་དབྱངས་སོགས་བོད་ཀྱི་བླ་ཆེན་སྐྱེས་ཆེན་དམ་པ་མི་ཉུང་བ་ཞིག་སྙུང་གཞི་གང་ཡང་མེད་བཞིན་དུ་གློ་བུར་གློ་བུར་ངང་གཅིག་རྗེས་གཉིས་མཐུད་དུ་དགོངས་པ་རྫོགས་པ། བོད་ཀྱི་མདོ་སྨད་གོར་མོ་ནས་རྒྱལ་ས་ལྷ་སའི་བར་མེ་འཁོར་ལྕགས་ལམ་བཏིང་བ། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེར་ནག་མེད་ཉེས་འགེལ་གྱིས་བཙོན་དུ་བཅུག་པ། ལི་ཐང་རུང་རྒྱས་ཨ་གྲགས་སོགས་ཉེས་མེད་བོད་མི་གང་མང་འཇུ་འཛིན་དོ་དམ་དང་ཡང་ན་གར་སོང་ཆ་མེད་དུ་གྱུར་བ། འདས་ལོའི་ཕྱི་ཟླ་བརྒྱད་པའི་ནང༌། རྒྱ་ནག་ཆོས་ལུགས་ལས་ཁང་གིས་བོད་ཀྱི་བླ་སྤྲུལ་སྐོར་གྱི་བཀའ་རྒྱ་ཨང་ལྔ་བ་ཟེར་བ་ཞིག་བཀྲམས་ཏེ། མངོན་སུམ་འཛེམ་མེད་ཀྱིས་བོད་ཀྱི་ཆོས་དང་རིག་གཞུང༌། བོད་མི་རིགས་དང་དེའི་ཡུལ་གྱི་གོམས་པའི་གཤིས་ལུགས་བཅས་ལ་མཐོང་ཆུང་ཁྱད་གསོད་ཚད་ལས་འདས་པ་བྱས་པ། ཁྱད་པར་དུ། ྋགོང་ས་མཆོག་གི་སྐུ་ཚབ་དང་རྒྱ་དམར་གཞུང་བར་ད་བར་གྲོས་མོལ་སྔ་ཕྱིར་ཐེངས་བདུན་གནང་ཡང༌། དོན་དམ་གྱི་གྲུབ་འབྲས་གང་ཡང་མ་སོན་པ་སོགས་ཀྱི་བྱེད་གཏེ་དང་ལན་རྩ་ཐམས་རྒྱ་དམར་དབང་འཛིན་པ་ཁོ་པ་ཚོ་རང་ཡིན་པའི་གནས་ལུགས་རྒྱུ་མཚན་ཁོང་དུ་ཆུད་པར་བྱས་ནས། ད་ནི་བོད་རང་དབང་གི་བདེན་མཐའ་གསལ་ཐབས་ཀྱི་སྲིད་བྱུས་ལ་རྩ་བའི་ཆ་ནས་འགྱུར་བ་རླབས་ཆེན་ཞིག་གཏོང་རྒྱུ་ལོ་རྒྱུས་ཀྱི་གདམ་ག་གལ་ཆེན་ཞིག་དང༌། སྐབས་སུ་བབས་པའི་ལས་འགན་རླབས་པོ་ཆེ་ཞིག་ཡིན་པ་གོར་མ་ཆག།
ྋགོང་ས་ཆེན་པོའི་རྡོ་རྗེའི་གསུང༌། བདེན་ཚིག་སྨོན་ལམ་ལས། སྲིད་ཞིའི་གདུང་སེལ་ཡོངས་རྫོགས་ཐུབ་པའི་བསྟན། །འཛམ་གླིང་ཡངས་པའི་ཕན་བདེའི་དཔལ་དུ་རྒྱས། །དེ་འཛིན་མཁས་དང་གྲུབ་པའི་སྐྱེས་བུ་རྣམས། །ཆོས་སྤྱོད་རྣམ་བཅུའི་བྱ་བ་འཕེལ་བར་མཛོད། །ཅེས་གསུངས་པ་ལྟར།
རྒྱ་དམར་གཞུང་གིས་སྡུག་རྩུབ་ཆེན་པོས། བོད་སར་བཙན་གྱིས་འཛུལ་ཏེ། བོད་ཆོལ་ཁ་གསུམ་གྱི་ཁྱོན་ཡོངས་ཁྲིམས་འགལ་གྱིས་དབང་དུ་བསྒྱུར་བ་ནི། དེ་སྔའི་རང་ཅག་གི་རྒྱལ་རབས་ལོ་རྒྱུས་ནང་བྱུང་མ་མྱོང་བའི་གོད་ཆག་ཆེན་པོ་དང་མུན་ནག་གི་དུས་ཚོད་ཅིག་ཡིན་པ་སྨྲོས་མེད་ཀྱང༌། རྐྱེན་ངན་གྲོགས་ཤར་ལྟ་བུ་ཞིག་གིས། ྋགོང་ས་ཆེན་པོའི་ཆིབས་ཞལ་ཐོག་མར་རྒྱ་གར་འཕགས་ཡུལ་དང༌། དེ་ནས་རིམ་གྱིས་ཆོས་དང་རིག་གཞུང་གོམས་གཤིས་སོགས་རྣམ་པ་ཐམས་ཅད་དུ་ཐ་དད་དུ་གྱུར་བའི་ནུབ་གླིང་ཡུལ་གྲུ་ཁག་དུ་བསྒྱུར་བ་ལ་བརྟེན་ནས། དེང་སང་འཛམ་གླིང་ཡུལ་གྲུ་གང་སར་བོད་དང་བོད་ཀྱི་ཆོས་དང་རིག་གཞུང༌། བོད་མི་རིགས་ཀྱི་བདེན་པའི་འཐབ་རྩོད་བཅས་ལ་ཐུགས་སྣང་རྒྱབ་སྐྱོར་གནང་མཁན་གྱི་གྲོགས་པོས་ས་སྟེང་ཁྱབ་ཡོད་ཅེས་བརྗོད་ཆོག དེས་ན་སྔ་ན་མེད་པའི་གནས་སྟངས་དང་ཁོར་ཡུག་གསར་བ་འདི་ནི་རང་ཅག་ལ་མཚོན་ན། རེ་བ་དང་གོ་སྐབས་གསར་བ་ཞིག་ཡིན་པའང་བརྗོད་མེད་རེད།
ྋགོང་ས་ཆེན་པོས་ཨ་རིའི་གྲོས་ཚོགས་སུ་གསུངས་པའི། ཞི་འཆར་དོན་ཚན་ལྔའི་བདག་ཉིད་ཅན་དང༌། ཕ་རན་སིའི་སི་ཋ་སི་སྦག་ཏུ་གསུངས་པའི་གསུང་འཕྲིན་གཙོ་བོར་གྱུར་བའི་བོད་དོན་དང་འབྲེལ་བའི་བཀའ་སློབ་མང་བོའི་ནང༌། མཐའ་མའི་ཐག་གཅོད་ཀྱི་སྐུ་དབང་དེ་བོད་མི་ས་ཡ་དྲུག་གི་ཕྱག་ཏུ་ཡོད་ཅེས། ཡང་ཡང་ནན་ཏན་ཆེན་པོས་བཀའ་གནང་ཡོད། རྒྱུ་མཚན་འདི་གཞི་ལ་བཞག་ནས། ང་ཚོ་བོད་མི་ས་ཡ་དྲུག་པོས། རང་དོན་རང་གཅེས་ཀྱིས། རང་གི་མ་འོངས་པའི་མདུན་ལམ་ཐག་ཆོད་ངེས་ཀྱི་གདམ་ག་ཞིག་གནང་དགོས་པའི་དུས་ལ་བབས་པ་ཡིན།
གདམ་ག་དང་བོ།
ད་མུས་བཞིན། ྋགོང་ས་མཆོག་གི་དབུ་མའི་ལམ་གྱི་དགོངས་དོན་གཞིར་བཟུང༌། རྒྱ་དམར་གཞུང་དང་མུ་མཐུད་མེས་འཚིག་མེར་གཏུག་གིས་བོད་རྒྱ་ཞི་མོལ་གྱི་མཐུན་རྐྱེན་སྒྲུབ་ཅིང་འགལ་རྐྱེན་སེལ་ཐབས་ཀྱིས། མཐར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཁ་མ་བྲལ་བར། མིང་དོན་མཚུངས་པའི་ཆོལ་གསུམ་གཅིག་བསྒྲིལ་གྱི་བོད་རང་སྲིད་རང་སྐྱོང་གི་གནས་བབ་འཐོབ་ཐབས་ལ་བརྩོན་རྒྱུ།
གདམ་ག་གཉིས་པ།
ྋགོང་ས་མཆོག་གི་འཚེ་མེད་ཞི་བའི་བཞེད་དགོངས་དང༌། ལམ་དབུ་མའི་ཐབས་ལམ་གཞིར་བཟུང༌། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལེའུ་དོན་ཚན་ང་དགུ་བར་གསལ་བའི་འབྲུ་དོན་ལྟར། བོད་གཞིས་བྱེས་གཉིས་ཀྱི་བོད་མི་ཡོངས་ཀྱིས་མང་ཚོགས་འོས་བསྡུའི་ལམ་ནས། མ་འོངས་པར་རིམ་གྱིས་བོད་འདི་ཨ་མེ་རི་ཀའི་རྒྱལ་ཕྲན་ལྔ་བཅུ་ང་གཅིག་པར་བསྒྱུར་ཐབས་ལ་བརྩོན་རྒྱུ།
གདམ་ག་གཉིས་པ་འདི་ཐོས་མ་ཐག པེ་ཅིང་གི་རྒྱ་དམར་དབང་འཛིན་པ་རྣམས་ཁོང་ཁྲོ་དྲག་པོས་རེ་ཞིག་དྲན་མེད་དུ་བརྒྱལ་སྲིད་པ་དང༌། དྲན་པ་སོས་མ་ཐག ཏཱ་ལའི་བླ་མ་དང༌། བཙན་བྱོལ་བོད་གཞུང་ལ། ནུབ་ཕྱོགས་དགྲར་འཛིན་སྟོབས་ཤུགས་སམ་ནུབ་ཕྱོགས་རྒྱ་རྒོལ་སྟོབས་ཤུགས་ཀྱི་རྒྱུགས་ཁྱི་དང༌། ཁ་བྲལ་རིང་ལུགས་པ། ལོག་སྤྱོད་པ་དང་ངན་རེངས་པ་སོགས་སྐྱོན་རྗོད་ཁ་རྡུང་དྲག་པོ་དང་བཅས། བོད་རྒྱ་ཞི་མོལ་གྱི་སྒོ་རྒྱག་ཀྱང་སྲིད་མོད། སྒོ་ཕྱེ་ནས་ད་བར་དུས་ཚོད་འདི་ཙམ་སོང་ཡང་འདོད་དོན་མ་གྲུབ་པས། སྒོ་བརྒྱབ་ཀྱང་ཧ་ལས་རྒྱུ་མེད། རྒྱུ་མཚན་ནི། ྋགོང་ས་མཆོག་དང༌། བཙན་བྱོལ་བོད་གཞུང་གིས་ད་ཕན་མ་ལན་མ་འགྱོད་མེད་པའི་འབད་བརྩོན་དང་གུ་བཤངས་མཐར་ཐུག་པ་ཅི་གནང་འཛམ་གླིང་གི་གཟུར་གནས་དཔྱོད་ལྡན་ཚང་མས་མཁྱེན་གསལ་ཡིན། དོན་དམ་པས་སུ་ཞིག་དགྲ་དང་སུ་ཞིག་གྲོགས་ཡིན་མིན་གྱི་རྟིང་ཐག་ཅིག་གཅོད་དགོས་པའི་དུས་ལ་བབས་ཤིང༌། སུ་སུའི་རྒྱུགས་ཁྱི་ཡིན་མིན་དང༌། ཁ་བྲལ་གཏོང་མཁན་དོན་དམ་སུ་ཡིན་པ། སུ་ཞིག་ལོག་པར་སྤྱོད་མཁན་དང་སུ་ཞིག་ལེགས་པར་སྤྱོད་མཁན་ཡིན་མིན། སུ་ཞིག་བཟང་བོ་དང་སུ་ཞིག་ངན་པ་ངན་རེངས་ཡིན་མིན་གྱི་ཁྲུན་ཐག་གཙང་མ་ཞིག་གཅོད་རྒྱུའི་དུས་ལའང་བསླེབས་འདུག་སྙམ།
འདིར་གསལ་ཁ་དོད་ནས་བརྗོད་དགོས་པ་ནི། གདམ་ག་གཉིས་པ་འདི། ྋགོང་ས་མཆོག་དང་བཙན་བྱོལ་བོད་གཞུང་གིས་གཞུང་འབྲེལ་གྱིས་འདོན་གནང་མཛད་པ་ཞིག་མིན་ལ། བརྒྱུད་ནས་བསྐུལ་བ་ཞིག་ནི་དེ་བས་ཀྱང་མིན་པར། བོད་རྒྱ་ཆེའི་མི་དམངས་ཀྱིས་རང་དབང་གིས་དང་བས་ཀུན་ནས་བླངས་ཏེ། བཅའ་ཁྲིམས་སུ་གསལ་བའི་རང་གི་སྐུ་དབང་ལོངས་སུ་སྤྱོད་པ་དེ་ཁོ་ན་ཡིན།
གལ་ཏེ་གདམ་ག་གཉིས་པ་འདིར་རྒྱལ་ཁ་ཐོབ་པ་ཡིན་ན། ཐོག་མར། གདམ་ག་འདི་ྋགོང་ས་མཆོག་གི་ཐུགས་དགོངས་དང་མི་མཐུན་པའམ་ཐ་ན་རྦད་དེ་རྒྱབ་འགལ་དུ་འགྲོ་འང་སྲིད་མོད། དེ་ནི་ྋགོང་ས་མཆོག་གི་ཞལ་དྲོན་མོ་ནས་ཐེངས་གཅིག་མིན་གཉིས་མིན་དུ་བཀའ་གནང་བ་ལྟར། བོད་རྒྱ་ཆེའི་མི་དམངས་ཀྱིས་བཀའ་བརྩི་དང་ལེན་ཞུས་ཏེ་མཐའ་མའི་ཐག་གཅོད་གནང་བ་ཞིག་ཡིན་པས་འགལ་བ་མེད།
གཉིས་པ། རྒྱ་དམར་གཞུང་གིས་མཐའ་གཅིག་ཏུ་ངོ་རྒོལ་བྱ་ངེས་ཡིན་པ་གཏན་འཁེལ་བའི་ཁར། ལྷན་སྐྱེས་དང་སྦྱངས་སྟོབས་ཀྱི་ཡོན་ཏན་དུ་མས་ཕྱུག་ཅིང་རྣམ་པར་དཔྱོད་པའི་བློ་སྒོ་ཡངས་ལ༌། ཆོས་ཉིད་རྣམ་འབྱེད་ཀྱི་རིག་པ་བཀྲ་བའི་གཟུར་གནས་རྒྱ་རིགས་མཁས་དབང་དག་དང༌། གཉུག་མར་གནས་པའི་རྒྱ་རིགས་མང་བོ་བློ་ཕམ་པ་དང་ཡིད་ཤིན་ཏུ་ནས་མི་བདེ་བར་འགྱུར་སྲིད་མོད། ཁོང་རྣམ་པས་ལེགས་པར་དཔྱད་ན། འདིའི་ལན་རྩ་དང་ལེ་ཁག་ཐམས་ཅད་རྒྱ་དམར་གུང་བྲན་ཏང་ཁོ་ནར་ཡོད་པ་ལས། ང་ཚོར་ལེ་འགན་གང་ཡང་མེད་པ་དང༌། གཅིག་ཏུ་ན། གདམ་ག་འདི་ནི། ང་ཚོའི་མངོན་འདོད་དང་ཡང་ཡོངས་སུ་མཐུན་པ་ཞིག་མིན་པར། མི་འདོད་བཞིན་བདམས་པའི་རྒྱུ་མཚན་གསལ་རྟོགས་ཡོང་ངེས་ཡིན་པར་ཡིད་ཆེས་ཡོད།
གསུམ་པ། འདས་པའི་མི་ལོ་སྟོང་ཕྲག་རིང་གི་ལོ་རྒྱུས་ལ་ཕྱི་མིག་ཅིག་བལྟས་པ་ཡིན་ན། བོད་རྒྱ་གཉིས་ཀྱི་འབྲེལ་བ་དེ་ཧ་ཅང་དམིགས་བསལ་ཞིག་ཆགས་ཡོད། ྋགོང་ས་མཆོག་གི་དབུ་མའི་ལམ་གྱི་དགོངས་དོན་ལྟར། བོད་རྒྱ་གཉིས་འདྲ་མཉམ་འཆམ་མཐུན་ངང་གནས་ཐུབ་ན། འཕྲལ་ཕུགས་ཀུན་ཏུ་དགེ་མཚན་ཆེན་པོ་ཡོད་ཀྱང༌། གོས་ཞུས་བཞིན། རྒྱ་དམར་བོད་དུ་བཙན་གྱིས་འཛུལ་ཏེ་དྲག་པོས་དབང་དུ་བསྒྱུར་བ་ནས་དུས་ད་ལྟའི་བར་བོད་ནང་དུ་ལས་ངན་སྣ་རྒུ་གང་བྱས་དང་ད་ལྟའི་བྱེད་བབ་འདྲ་མིན་སྣ་ཚོགས་སྤྱི་དང༌། སྒོས་སུ་ཉེ་ལམ་བོད་ཀྱི་རྒྱལ་ས་ལྷ་སའི་བར་མེ་འཁོར་ལྕགས་ལམ་བཏིངས་ཏེ་བོད་ལ་བཙན་འཛུལ་ཐེངས་གཉིས་པ་བྱས་པ་དང༌། འདས་ལོའི་ཕྱི་ཟླ་བརྒྱད་པའི་ནང༌། རྒྱ་ནག་ཆོས་ལུགས་ལས་ཁང་གིས་བོད་ཀྱི་བླ་སྤྲུལ་སྐོར་གྱི་བཀའ་རྒྱ་ཨང་ལྔ་བ་ཟེར་བ་ཞིག་བཀྲམས་ཏེ། མངོན་སུམ་འཛེམ་མེད་ཀྱིས་བོད་ཀྱི་ཆོས་དང་རིག་གཞུང༌། བོད་མི་རིགས་དང་དེའི་ཡུལ་གྱི་གོམས་པའི་གཤིས་ལུགས་བཅས་ལ་མཐོང་ཆུང་ཁྱད་གསོད་ཚད་ལས་འདས་པ་བྱས་པ། འདི་ལོའི་གསུམ་བཅུའི་དུས་དྲན་ནས་བཟུང་བོད་ཕྱི་ནང་གཉིས་སུ་བོད་མིའི་བདེན་བཞེངས་ཆེན་མོའམ་བོད་མིའི་སྒེར་ལངས་ཆེན་མོ་དབུ་བཙུགས་པའི་ཚུན་ལ། ཕྱག་ན་མཚོན་ཆ་ཁབ་རྩེ་ཙམ་ཡང་མེད་པའི་བོད་མིའི་ཞི་བའི་ལས་འགུལ་ཁག་ལ། རྒྱ་དམར་གཞུང་གིས་ཡིད་གཉིས་ཐེ་ཚོམ་མེད་པར་དྲག་གནོན་དམར་གསོད་ཤིན་ཏུ་མི་བཟད་པ་བྱས་དང་བྱེད་བཞིན་པ་འཛམ་གླིང་བུ་གླིང་བ་ཡོངས་ཀྱིས་མཁྱེན་ཅིང་གཟིགས་བཞིན་པ་དེ་ལྟར་དང༌། ཁྱད་པར་དུ། ྋགོང་ས་མཆོག་གི་སྐུ་ཚབ་དང་རྒྱ་དམར་གཞུང་བར་ད་བར་དུ་གྲོས་མོལ་སྔ་ཕྱིར་ཐེངས་བདུན་ལ་གནང་ཡང་གྲུབ་འབྲས་གང་ཡང་མ་སོན་པའི་རྒྱུ་མཚན་གྱིས། ང་ཚོས་ཀྱང་གདམ་ག་འདི་འདྲ་ཞིག་མི་བྱ་མཐུ་མེད་དུ་གྱུར།
ཀུན་གྱིས་མཁྱེན་གསལ་བཞིན དུས་ནམ་ཡང་འཚེ་མེད་ཞི་བའི་སྒོ་ནས་ཞི་བདེ་དོན་དུ་གཉེར་བའི་ང་ཚོ་བོད་མི་རིགས་འདི། རྒྱ་དམར་དབང་འཛིན་པ་ཚོས་ཡ་ང་སྙིང་རྗེ་སྤུ་ཙམ་མེད་པར་ས་ཡི་གོ་ལ་འདིའི་ཐོག་ནས་རྩ་མེད་གཙང་དག་བཟོ་རྒྱུའི་གོམ་སྟབས་ཇེ་མགྱོགས་སུ་བཏང་བའི་ཕྱིར་ཡིན། ང་ཚོས་བལྟས་ན། བོད་མི་རིགས་དང་དེའི་ཆོས་དང་རིག་གཞུང་མུ་མཐུད་དུ་ཡུན་གནས་ཐུབ་རྒྱུ་ནི། བོད་རྒྱ་མི་རིགས་ཙམ་མ་ཡིན་པའི་འཛམ་གླིང་སྐྱེ་འགྲོ་ཡོངས་ཀྱི་བདེ་རྩར་ཐུག་པའི་ལས་དོན་དང་ལས་འགན་རླབས་ཆེན་ཞིག་ཡིན་ལ། བོད་མི་རིགས་དང་དེའི་ཆོས་དང་རིག་གཞུང་མུ་མཐུད་རྒྱུན་གནས་ཐུབ་ཐབས་ལ་འབད་བརྩོན་གནང་རྒྱུ་ནི་བོད་རྒྱ་མི་རིགས་གཉིས་ཀའི་ཐུན་མོང་གི་འགན་འཁྲི་ཡིན་པར་མ་ཟད། འཛམ་གླིང་ཡོངས་ཁྱབ་ཀྱི་ཁུར་དུ་འཁྲི་བའི་འོས་འགན་ཞིག་ཀྱང་ཡིན་པར་འདོད།
གོ་སྐབས་འདིའི་ཐོག་ནས། ང་ཚོས་འཛམ་གླིང་གྲུ་གང་སར་བཞུགས་པའི་རྒྱ་ནག་དམངས་གཙོ་དོན་གཉེར་བ་རྣམ་པས་དབུས་པའི་གཟུར་གནས་རྒྱ་མི་མཁྱེན་ལྡན་རྣམས་ལ་ལྷག་བསམ་རྣམ་དག་གིས་གཞེན་སྐུལ་ཞུ་རྒྱུ་ནི། ད་ཕན་རྒྱ་མི་ཤེས་ཡོན་ཅན་མི་ཉུང་བ་ཞིག་གིས། ྋགོང་ས་མཆོག་ལ་མཇལ་ཁ་ཞུ་བ་དང་བོད་དོན་སྐོར་ལ་དྲང་བདེན་གྱི་ལམ་ནས་རང་ཉིད་ཀྱི་བསམ་ཚུལ་ལྷུགས་པར་བརྗོད་པའི་ཕྱག་རྩོམ་རིན་ཐང་ཆེ་བ་སྔ་རྗེས་སུ་འབྲི་རྩོམ་འགོད་འགྲེམ་གནངསྟེ། བོད་ཀྱི་རང་དབང་བདེན་པའི་འཐབ་རྩོད་ལ་ཐུགས་སྣང་ཟབ་མོ་དང་གདུང་སེམས་ཆེན་པོས་ནུས་ལྡན་རྒྱབ་སྐྱོར་མི་དམན་པ་གནང་དང་གནང་མུས་ལ། ང་ཚོ་བོད་མིའི་ངོས་ནས་ཡི་རང་བསྔགས་བརྗོད་དང་བཀའ་དྲིན་རྗེས་དྲན་ཞུ་བཞིན་ཡོད།
བོད་ལ་རང་དབང་འཐོབ་དགོས་ན། ཐོག་མར་རྒྱ་ནག་དམངས་གཙོར་འགྱུར་རྒྱུ་གལ་ཆེ་ཡིན་པ་སྔོན་འགྲོའི་ཆ་རྐྱེན་ལྟ་བུར་མཐོང་བ་ནི། ད་ལྟའི་བར་དུ་ཁྱེད་རྣམ་པ་མང་ཆེ་བའི་ཐུགས་ལ་མཐུན་སྣང་དུ་གྲུབ་པའི་གཞིགས་ཕྱོགས་ཤིག་ཆགས་འདུག་ཀྱང༌། ང་ཚོས་སེམས་རྣལ་དུ་ཕབ་ནས་ཞིབ་འཇུག་བགྱིས་སྐབས། ཁྱེད་རྣམ་པའི་གཞིགས་ཕྱོགས་དེ་དངོས་ཡོད་གནས་ཚུལ་དང་མི་མཐུན་པ་ཆགས་ཀྱི་འདུག རྒྱུ་མཚན་གཙོ་གལ་ཆེ་བ་ཞིག་ནི། ཁྱེད་རྣམ་པར་ྋགོང་ས་མཆོག་ལྟ་བུའི་དབུ་ཁྲིད་མང་བོས་བཀུར་ཞིང་ནུས་པ་དང་ལྡན་པ་ཞིག་མེད་པའི་རྐྱེན་གྱིས། ཁྱོད་ཆེ་ང་བཙན་དང༌། གཅིག་འོག་ཏུ་གཅིག་མི་འདུས་པའི་སྐུ་ངལ་ཆེན་པོ་ཡོད་པ་མངོན་གསལ་རེད་ལ། དེའི་རྐྱེན་གྱིས་ཁྱེད་རང་ཚོའི་རླབས་ཆེན་ལས་དོན་ལ་ནུས་པ་དེ་ཙམ་ཐོན་གྱི་མེད་པ་དང༌། རྒྱ་ནག་དམངས་གཙོའི་འཕེལ་རིམ་གྱི་གོམ་ཁ་ཤིན་ཏུ་ནས་ཇེ་དལ་དུ་ཕྱིན་པའི་རྒྱུ་མཚན་ཡང་འདིར་ཐུག་འདུག་སྙམ། དེས་ན་ཁྱེད་རྣམ་པའི་གཞིགས་ཕྱོགས་དེར་འགྱུར་བ་ཞིག་བཏང་ནས། རྒྱ་ནག་དམངས་གཙོར་འགྱུར་དགོས་ན། ཐོག་མར་བོད་དོན་ལ་རྒྱབ་སྐྱོར་སྔར་ལས་ཤུགས་ཆེ་ཙམ་གནང་རྒྱུ་གལ་ཆེ་ཞིང༌། བོད་དོན་འདི་ཐག་ཆོད་པ་ཡིན་ན། དེའི་བཟང་འབྲས་སུ་རྒྱ་ནག་ལའང་རང་དབང་དང་དམངས་གཙོའི་སྒོ་མོ་མྱུར་དུ་འབྱེད་ཐུབ་ངེས་ཡིན་པའི་ཡིད་ཆེས་བརྟན་པོ་ཡོད།
དེ་དང་ཆབས་ཅིག རང་རེའི་བཙན་བྱོལ་བོད་གཞུང་གི་ཕྱི་དྲིལ་སྡེ་ཚན་ནས་རྒྱ་མི་ཤེས་ཡོན་ཅན་ཚོར་འབྲེལ་ལམ་གནང་སྐབས། གནས་ལུགས་རྒྱུ་མཚན་འདི་ཁོང་རྣམ་པར་གསེད་འགྲོལ་གནང་རྒྱུ་ཤིན་ཏུ་ནས་གལ་ཆེ་བར་མཐོང༌།
བཞི་བ། གལ་ཏེ་གདམ་ག་གཉིས་པ་འདིར་རྒྱལ་ཁ་ཐོབ་སྟེ། ཨ་རིའི་གྲོས་ཚོགས་ནས་ཀྱང་ངོས་བཞེས་གནང་བ་ཡིན་ན། དེའི་ཉེར་ལེན་གྱིས་རྒྱ་དམར་གྱི་དབང་བསྒྱུར་འོག་སྡུག་བསྔལ་མྱངས་དང་མྱོང་བཞིན་པའི་སོག་པོ་དང༌། མན་ཇུ། ཤར་ཐུར་ཁི་ཋན་བཅས་དང༌། གཞན་ཡང་རང་དབང་གང་འཚམ་ཡོད་ཀྱང་རྒྱ་དམར་གྱི་གྲིབ་ནག་འོག་དུས་རྒྱུན་དུ་འཇིགས་སྣང་དང་ཡིད་བློང་བློང་བོར་འཚོ་བའི་ཐེ་ཝན་དང༌། ཧོང་ཀོང༌། མའེ་ཀོ་དང༌། དེ་ཙམ་དུ་མ་ཟད། རང་དབང་མེད་པའི་སྡུག་བསྔལ་བསྔལ་གྱིས་གཟིར་བའི་འཛམ་གླིང་གི་ཡུལ་ལུང་མི་རིགས་གཞན་དང་གཞན་དག་ལའང་ལམ་སྟོན་སྒྲོན་མེ་དང་བློ་སྒོ་གསར་བ་ཞིག་ཕྱེས་པ་ཡིན་སྟབས། དེ་ལ་བརྟེན་ནས་ཨ་མེ་རི་ཀ་ནི་ད་ཆ་འཛམ་གླིང་ཟླུམ་པོ་འདིའི་སྟེང་གི་སྟོབས་ཆེན་རྒྱལ་ཁབ་ཉག་ཅིག་ཡིན་བཞིན་པའི་སྒང་ལ། བོད་ཀྱིས་གཙོས་པའི་རྒྱལ་ཕྲན་མང་བོ་ཞིག་གསར་དུ་བསྣན་པ་ཡིན་ན། ད་དུང་དེ་བས་ཀྱང་སྟོབས་ཇེ་ཆེར་གྱུར་ཏེ་འབྱུང་འགྱུར་གྱི་དུས་རབས་ནང་ཨ་མེ་རི་ཀ་ནི་ས་སྟེང་འདིར་ཆེ་བཙན་འགྲན་ཟླ་བྲལ་ཞིང་སྟོབས་འབྱོར་ནམ་ཡང་ཉམས་པ་མེད་པའི་རྒྱལ་ཁབ་ཅིག་ཆགས་རྒྱུ་ཡིན་པ་གདོན་མི་ཟ་ཡང༌། དེ་དང་ཆབས་ཅིག རྒྱ་ནག་ནི་དུས་དེ་ནས་བཟུང་རང་བཞིན་གྱིས་ཉམས་གུད་དུ་འགྲོ་རྒྱུ་ངེསགཏན་འཁེལ་བ་ཡིན་ཏེ། དེ་སྔའི་ལྕགས་རི་རིང་བོའི་ནང་གི་རྒྱ་ནག་དེ་ཁོ་ན་ཙམ་ལྷག་ན་རབ་དང༌། ལྕགས་རི་རིང་བོའི་ནང་གི་རྒྱ་ནག་དེ་ཡང་དམངས་གཙོ་དང་རང་དབང་གི་ཕྱོགས་སུ་ཁ་ལོ་བསྒྱུར་ནུས་ན་ད་དུང་དུས་ཡུན་གང་འཚམ་ཞིག་ལ་རྒྱ་ནག་ཅེས་པ་འདི་མུ་མཐུད་གནས་སྲིད་ཀྱང༌། དེ་ལས་ལྡོག་ན་ཁ་ཐོར་དགུ་འཐོར་དང་ཐ་ན་རྩ་སྟོངས་སུ་འགྲོ་བའི་ཉེན་ཁའང་མེད་པ་མིན།
ལྔ་བ། ད་ལྟའི་ཆར་ཨ་རི་གཙོ་བོ་གྱུར་བའི་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ྋགོང་ས་མཆོག་དང་ ྋགོང་ས་མཆོག་གིས་དབུ་ཁྲིད་པའི་བོད་མི་ས་ཡ་དྲུག་གི་བདེན་པའི་འཐབ་རྩོད་ལ་ཡི་རང་གོང་བཀུར་དང་རྒྱབ་སྐྱོར་གྱི་སྟོབས་ཤུགས་ཆེ་བའི་རྩེ་མོར་སོན་ཡོད་པ་ནི། ད་ལོའི ྋགོང་ས་མཆོག་གི་རླབས་ཆེན་མཛད་འཕྲིན་ཁག་ཅིག་ལས་གསལ་བོར་རྟོགས་ཐུབ་པ་སྟེ། དཔེ་མཚོན་ཆེ་ཤོས་ནི། འདས་ལོ་ཕྱི་ཟླ་དགུ་བའི་ཚེས་ཉེར་གསུམ་ཉིན། འཇར་མན་སྲིད་བློན་ལྕམ་སྐུ་མེ་ཀལ་མཆོག་གིས། རྒྱ་དམར་གཞུང་གིས་ངོ་རྒོལ་ཤུགས་ཆེ་བྱེད་མིན་ལ་མ་བལྟོས་པར་ྋགོང་ས་མཆོག་སྲིད་བློན་ལས་ཁུངས་སུ་གདན་ཞུས་ཀྱིས་མཇལ་འཕྲད་གནང་བ་དང༌། དེ་བཞིན་དུ་ཕྱི་ཟླ་བཅུ་བའི་ཚེས་བཅུ་དྲུག་ཉིན། ཨ་རིའི་སྲིད་འཛིན་སྦུ་ཤུ་མཆོག་གིས་ྋགོང་ས་མཆོག་ཕོ་བྲང་དཀར་བོའི་ནང་གདན་ཞུས་ཀྱིས་མཇལ་འཛོམས་བཀའ་མོལ་གནང་བ་མ་ཟད། ཕྱི་ཉིན་ཕྱི་ཚེས་བཅུ་བདུན་ཉིན་ཨ་རིའི་གྲོས་ཚོགས་ཀྱིས་ྋགོང་ས་མཆོག་ལ་གསེར་གྱི་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་སྒོའི་ཐོག སྲིད་འཛིན་སྐུ་ངོ་མ་ཆེད་དུ་ཕེབས་ཏེ། ྋགོང་ས་མཆོག་ལ་གསེར་གྱི་གཟེངས་རྟགས་ཕུལ་བ་འདི་འདྲ་ད་ཕན་བྱུང་མ་མྱོང་བའི་ངོ་མཚར་གྱི་མཛད་པ་བླ་ན་མེད་པ་ཞིག་ལོས་ཡིན། དེ་ལྟ་བས་ན། ང་ཚོ་བོད་མིའི་ངོས་ནས་ཐུགས་ཐག་ཆོད་པོས་གདམ་ག་ཞིག་གནང་ནས། བོད་འདི་མ་འོངས་པར་ཨ་མེ་རི་ཀའི་རྒྱལ་ཕྲན་ལྔ་བཅུ་ང་གཅིག་པར་བསྒྱུར་རྒྱུའི་ཐོག་ལ་ཐུགས་གཏན་འཁེལ་བ་ཡིན་ན། ཨ་རིའི་གཞུང་ནས་ཀྱང་བོད་དོན་ཐོག་བློ་སྟོབས་ཆེན་པོ་དང་ཐུགས་ཐག་ཆོད་པོས་ཕྱག་ལས་གནང་བདེ་བ་ཡིན། རྒྱུ་མཚན་ནི། བོད་དོན་འདི་དུས་དེ་ནས་བཟུང་ཨ་རིའི་ནང་སྲིད་དང་རང་དོན་གལ་ཆེན་ཞིག་ཏུ་གྱུར་བའི་ཕྱིར་ཡིན། དེ་ལྟར་བྱུང་བ་ཡིན་ན། དུས་དེ་ནས་བཟུང་ཨ་མེ་རི་ཀས་མཉམ་སྦྲེལ་རྒྱལ་ཚོགས་སུ་རྒྱ་དམར་གྱི་འོས་ཤོག་ལ་རེ་བ་རྒྱག་མི་དགོས་པ་དང༌། བོད་དོན་ཆེད་ཕྱག་ལས་གནང་སྐབས་རྒྱལ་ཁབ་གཞན་གྱི་རོགས་རམ་དགོས་གལ་བྱུང་ཚེ། རོགས་རམ་དང་རྒྱབ་སྐྱོར་འཐོབ་སླ་བ་སོགས་དགེ་མཚན་མང་བོ་ཡོད།
གདམ་ག་གཉིས་པའི་བྱུང་བ་དང༌། དེའི་རྒྱབ་བརྟེན་ཁྲིམས་ཀྱི་གཞི་འཛིན་དང་རིགས་ལམ།
གནས་ཆུང་ཆོས་རྒྱལ་ཆེན་པོའི་ཞལ་ལུང༌། ཉིད་ཀྱིས་ཉིད་ལ་བསྐུལ་བ་ལས། །མི་འདོད་ནད་ཐོངས་མི་ཐུབ་དགྲ་དང་སྤྲོད། ། ཅེས་གསུངས་པ་ལྟར། དེང་སང་རྒྱ་ནག་དམར་གཞུང་གི་དྲག་པོའི་སྟོབས་ཤུགས་དང༌། དཔལ་འབྱོར་དང་སྲིད་དོན་གང་གི་ཆ་ནས་ང་ཚོ་བོད་ཀྱིས་དོ་ཟླ་མི་ནུས་པ་ཤིན་ཏུ་གསལ་བོ་ཡིན་མོད། ྋགོང་ས་མཆོག་གིས་བོད་ཀྱི་ཆོས་སྲིད་ལུགས་གཉིས་ཀྱི་ཐུགས་འགན་བཞེས་པ་ནས་བཟུང༌། འདས་དང་མ་འོངས་ད་ལྟ་དུས་གསུམ་དུ་མཐའ་གཅིག་ཏུ་འཚེ་མེད་ཞི་བའི་བཞེད་དགོངས་རྩལ་དུ་བཏོན་གནང་བ་ནི། རྒྱ་དམར་གྱི་དྲག་པོའི་སྟོབས་ཀྱིས་ཐུགས་ཞུམ་པའམ་དབུ་བསྒུར་བ་དེ་འདྲ་གཏན་ནས་མིན་པར། བོད་རྒྱ་མི་རིགས་གཉིས་གཙོ་བོར་གྱུར་བའི་ཁྱིམ་མཚེས་རྒྱལ་ཁབ་ཁག་དང༌། འཛམ་བུ་གླིང་བ་ཡོངས་ཀྱི་འཕྲལ་ཡུན་ཕན་བདེའི་རྩ་བར་དགོངས་པ་ཞིག་ཡིན་པ། མཁྱེན་དཔྱོད་ཡངས་པའི་གཟུར་གནས་སྐྱེ་བོ་མང་བོས་ངོས་འཛིན་དང་རྒྱབ་སྐྱོར་གནང་བཞིན་པ་ལས་གསལ་བོར་ཤེས་ཐུབ། འདིར་གསལ་བའི་གདམ་ག་དང་བོ་དང་གཉིས་པ་གང་གི་སྐབས་སུའང་ྋགོང་ས་མཆོག་གི་འཚེ་བ་མེད་པའི་བཞེད་དགོངས་ལ་མཐའ་གཅིག་ཏུ་བརྩི་བཀུར་དང་ཉམས་ལེན་ཞུ་རྒྱུ་ནི་རྩ་བའི་དམ་བཅར་བཟུང་བ་ཡིན། རྒྱུ་མཚན་ནི། ཁ་ཅིག་གི་ཐུགས་ལ། བོད་འདི་མ་འོངས་པར་ཨ་མེ་རི་ཀའི་རྒྱལ་ཕྲན་ཞིག་ཏུ་བསྒྱུར་ཐབས་ལ་བརྩོན་རྒྱུ་ཞེས་པའི་ཚིག་ཕྲེང་འདི་ཐོས་མ་ཐག ཨ་མེ་རི་ཀས་ཨབ་གྷན་ནེ་སི་ཐན་དང་ཨི་རག་གི་སྲིད་གཞུང་གཉིས་སྔ་རྗེས་སུ་མགོ་རྟིང་བསློགས་ཏེ་དམངས་གཙོའི་གཞུང་གསར་བ་བཙུགས་པ་ནང་བཞིན། འཕྲལ་དུ་བོད་ལ་དམག་དཔུང་བཏང་སྟེ་རྒྱ་དམར་གྱིས་བོད་འདི་མནན་བཅིངས་བསྡམས་པ་ལས་འགྲོལ་བར་བྱ་རྒྱུ་རེད་དགོངས་པ་ཡིན་ན། དེ་ནི་ཨ་རི་ལ་འདོད་པ་ཡོད་ཀྱང་བོད་ལ་འདོད་པ་མེད་སྲིད་ལ། ལྷག་པར་དུ་ྋགོང་ས་ྋ་སྐྱབས་མགོན་ཆེན་པོ་མཆོག་གིས་དུས་ནམ་ཞར་ཡང་རྒྱབ་སྐྱོར་མེད་པ་མ་ཟད། མཐའ་གཅིག་ཏུ་དགག་བྱ་གནང་རྒྱུ་ཡིན་པ་གཏན་འཁེལ་བ་རེད། རྒྱུ་མཚན་ནི། གལ་ཏེ་དེ་ལྟར་བྱུང་བ་ཡིན་ན། ྋགོང་ས་མཆོག་གིས་རྩ་བའི་དམ་བཅའ་བརྟན་པོ་ཞིག་བསྣམས་ནས་སྐུ་ཚེ་གང་བོར་སྐུ་ངལ་བརྒྱ་ཕྲག་ལྷུར་བཞེས་ཏེ་གནང་བའི་མཛད་འཕྲིན་རླབས་ཆེན་རྣམས་འཕྲོ་བརླགས་སུ་ཕྱིན་པ་དང་དུས་མཉམ་དུ། འཛམ་བུ་གླིང་བའི་འགྲོ་བ་མི་ཙམ་མ་ཟད་པའི་སྐྱེ་འགྲོ་སེམས་ཅན་ཡོངས་ལ་དུས་དེ་ནས་བཟུང་འཛམ་གླིང་ཞི་བདེའི་རེ་བ་རྦད་དེ་མེད་པར་གྱུར་བ་དང་གཅིག་མཚུངས་ཡིན་པས། དེ་འདྲ་བའི་གནས་སྐབས་ཤིག་ཤར་བ་ཡིན་ན། དེ་ནི་ཆེས་འཇིགས་ཤིང་སྐྱི་ཡ་བ་ཞིག་ཡིན་ལ། དེའི་ངན་འབྲས་ནི་བརྗོད་ཀྱིས་མི་ལང་བ་ཞིག་ཡིན་ནོ།། ཡང་གཅིག་བཤད་ན། ྋགོང་ས་མཆོག་གི་འཚེ་མེད་ཞི་བའི་བཞེད་དགོངས་འདི་ནི། སངས་རྒྱས་བཅོམ་ལྡན་འདས་དང་གང་གི་རྗེས་འབྲངས་དག་གི་ཆེ་བ་འདོན་ཕྱིར་དང༌། ལ་ཞེན་ངོམས་ཕྱིར་གསུངས་པ་དེ་འདྲ་འང་གཏན་ནས་མིན་པར། བོད་རྒྱ་གཉིས་གཙོ་བོར་གྱུར་བའི་འཛམ་གླིང་སྐྱེ་འགྲོ་ཡོངས་ཀྱི་འདས་པའི་ལོ་རྒྱུས་དང་བྱུང་བ་ཁག་ལ་ཁྱབ་ཆེ་བའི་གཟིགས་པས་གཟིགས་ཏེ། སུ་ལའང་ཉེ་རིང་ཆགས་སྡང་དང༌། ཚར་གཅོད་རྗེས་འཛིན། ཕྱོགས་ཞེན་འཐེན་འཁྱེར་སྤངས་པའི་ཆེས་བླ་ན་མེད་པའི་བཞེད་དགོངས་ཟབ་མོ་ཞིག་དང༌། སྐྱེ་འགྲོ་ཡོངས་ཀྱི་ད་ལྟ་དང་མ་འོངས་པའི་རང་དབང་བདེ་སྐྱིད་ལ་མངོན་པར་ཕྱོགས་པའི་འབད་བརྩོན་བསླད་མེད་ཅིག་དང༌། འཇིག་རྟེན་ཡོངས་ཁྱབ་ཀྱི་ཐུགས་འགན་གོང་ན་མ་མཆིས་པའི་ཐུགས་བསྐྱེད་རྣམ་པར་དག་པ་གསེར་གྱི་ས་གཞི་ལྟ་བུས་གཞི་བཟུང༌། ཐུགས་སྟོབས་འགྲན་ཟླ་མེད་པ་ནམ་མཁའ་ལྟ་བུས་གོ་བགོས། དུས་གསུམ་དགེ་བའི་ཐུགས་སྨོན་བཟང་བོ་ཉི་མའི་འོད་ཟེར་ལྟ་བུས་མཚམས་སྦྱར་བའི་མཐའ་དོན་མདོ་ཚིག་གམ་རྣམ་པར་གཞག་པ་རླབས་ཆེན་ཞིག་ཡིན་པས། རྩ་དོན་དང་དམ་བཅའ་རླབས་ཆེན་འདི་ལྟ་བུ་ཞིག་བློས་བཏང་ནས། བོད་ལ་རང་བཙན་གཙང་མ་ཐོབ་པ་མ་ཟད། འཛམ་གླིང་ཡོངས་རྫོགས་བོད་ཀྱིས་དབང་དུ་བསྒྱུར་ཐུབ་པ་བྱུང་ཡང༌། དེ་ལ་ཧ་ལས་རྒྱུ་དང་ཡ་མཚར་རྒྱུ་ཏིལ་འབྲུ་ཙམ་ཡང་མེད་ངེས་ཡིན།
བོད་འདི་ཨ་རིའི་རྒྱལ་ཕྲན་ཞིག་ཏུ་བསྒྱུར་བ་ལ་ཁྲིམས་ལུགས་ཀྱི་གཞི་འཛིན་ས་དང་རྒྱབ་བརྟེན་ཅི་འདྲ་ཡོད་དམ་ཞེ་ན། ཡོད་དེ། སྤྱིར་ཨ་རི་འདི་དམངས་གཙོ་དང་རང་དབང་ཚད་མཐོ་བའི་རྒྱལ་ཁབ་ཅིག་ཡིན་སྟབས། ཨ་རིའི་ཡུལ་མི་མང་མའི་ཐུགས་འདོད་ཅི་ཡིན་ལྟར། རྒྱལ་ཁབ་ཀྱི་རྩ་ཁྲིམས་ལ་བསྒྱུར་བཅོས་ཀྱིས་མཚོན་པའི་ལས་དོན་གང་ཅི་འང་རུང་དེ་དག་ཚང་མ་མང་བོའི་ཕྱོགས་སུ་ཐག་བཅད་ནས་འགྲོ་བ་ཡུལ་འདིའི་ཁྲིམས་ཀྱི་ལུགས་དང་ལེགས་པར་གོམས་པའི་སྲོལ་བཟང་ཡིན་སྟབས། ྋགོང་ས་མཆོག་གི་གསང་གསུམ་མཛད་འཕྲིན་བསམ་གྱིས་མི་ཁྱབ་པའི་བྱིན་མཐུ་ལས། དེང་གི་ཆར་ཨ་རིའི་ནང་བོད་དོན་རྒྱབ་སྐྱོར་འཚོལ་རྒྱུར་དཀའ་ངལ་དེ་ཙམ་མེད། ཨ་མེ་རི་ཀའི་རྩ་ཁྲིམས་ལེའུ་བཞི་བའི་དོན་ཚན་གསུམ་པའི་ནང༌། རྒྱལ་ཕྲན་གསར་བ་གང་ཞིག་གཞུག་ལེན་གནང་མིན་གྱི་སྐུ་དབང་ཆ་ཚང་གྲོས་ཚོགས་རང་ལ་ཡོད་པ་གསལ་འཁོད་ལ་བརྟེན། གཙོ་བོ་རང་རེ་བོད་མིས་ངོས་ནས་ཐུགས་ཐག་གཙང་མ་ཞིག་ཆོད་རྒྱུ་གལ་ཆེ་ཞིང༌། ང་ཚོས་ཐག་ཆོད་རྗེས་ཨ་རིའི་གྲོས་ཚོགས་ནས་ངོས་བཞེས་ཡོང་རྒྱུར་ད་ལྟའི་གནས་སྟངས་ལ་གཞིགས་ན་དཀའ་ངལ་ཆེར་མེད་པར་མངོན། དཔེར་ན། དེ་སྔ་པོ་ཏོ་རི་ཀོ་ཟེར་བའི་ཡུལ་གྲུ་ཞིག ཨ་རིའི་རྒྱལ་ཕྲན་ལྔ་བཅུ་ང་གཅིག་པར་བསྒྱུར་དང་མི་བསྒྱུར་སྐོར་ལ། ཡུལ་དེའི་མི་དམངས་ཀྱི་བསམ་ཤོག་བསྡུས་འབྲས་སུ། མི་བསྒྱུར་བའི་ཕྱོགས་ལ་མང་མོས་བྱུང་སྟེ་ཐག་ཆོད་པའི་ལོ་རྒྱུས་ཡོད་པ་བཞིན། བོད་ལའང་དཔེ་དེ་སྦྱར་ཆོག་པ་ཡིན།
མཉམ་སྦྲེལ་རྒྱལ་ཚོགས་ནས་ད་ཕན་བོད་དོན་སྐོར་ལ་གྲོས་ཆོད་སྔ་རྗེས་ཐེངས་གསུམ་བཞག་ཡོད་པའི་ནང༌། བོད་མི་རྣམས་ལ་རང་ཐག་རང་གཅོད་ཀྱི་དབང་ཆ་ཡོད་པ་གསལ་བོར་འཁོད་ཡོད་པ་དང༌། ཕྱོགས་མཚུངས། ཨ་མེ་རི་ཀའི་རྒྱལ་ཡོངས་གྲོས་ཚོགས་གོང་འོག་ནས། བོད་དོན་ཐད་གྲོས་ཆོད་གལ་ཆེན་རིམ་ཅན་དུ་བཞག་གནང་བའི་ནང༌། བོད་འདི་རྒྱལ་ཁབ་གཞན་གྱི་བཙན་དབང་འོག་ཚུད་ཡོད་པ་གསལ་བོར་བསྟན་གནང་བ་འདི་ཁྲིམས་ཀྱི་གཞི་འཛིན་ས་དང་རྒྱབ་བརྟེན་ཤིན་ཏུ་གལ་གནད་ཆེ་བ་ཞིག་ཡིན།
སྒྲུབ་ཐབས་སྲིད་བྱུས་འདི་ལག་ལེན་དུ་བསྟར་བའི་ཚུལ་བཤད་པ་ལ་གསུམ་ལས།
དང་བོ། ཐོག་མར་བོད་མིའི་སྤྱི་ཚོགས་ནང་ཐོག་མར་གླེང་སློང་དང་ལག་ལེན་དུ་ཇི་ལྟར་བསྟར་བའི་ཚུལ་དང༌།
གཉིས་པ། ཨ་མེ་རི་ཀའི་རྒྱལ་ཡོངས་སུ་གླེང་སློང་དང་རྒྱབ་སྐྱོར་འཚོལ་བའི་སྐོར། གསུམ་པ། རྒྱལ་སྤྱིའི་ནང་གླེང་སློང་དང་རྒྱབ་སྐྱོར་འཚོལ་བའི་སྐོར་རོ།།
དང་བོ། ཐོག་མར་བོད་མིའི་སྤྱི་ཚོགས་སུ་ཇི་ལྟར་གླེང་སློང་བའི་ཚུལ་བཤད་པ་ལ། གདམ་ག་འདི་གཞུང་འབྲེལ་མིན་ཡང༌། བོད་མི་རང་གི་མངོན་འདོད་མཚོན་པའི་གདམ་ག་ཧ་ཅང་གལ་ཆེ་བ། དེ་སྔའི་བོད་ཀྱི་རྒྱལ་རབས་ལོ་རྒྱུས་གང་གི་སྐབས་སུའང་བྱུང་མ་མྱོང་བའི་འགྱུར་བ་ཆེན་པོ་ཞིག་གཏོང་དང་མི་གཏོང་གི་འགག་རྩར་ཐུག་པའི་དྲི་བ་ཆེན་པོ་ཞིག་དང༌། བོད་གཞིས་བྱེས་གཉིས་སུ་ཡོད་པའི་ཆོལ་ཁ་གསུམ་གྱི་བོད་མི་མདང་སྐྱེས་ཕྲུ་གུ་ཡན་གྱི་མ་འོངས་བདེ་སྡུག་དང་ཐད་ཀར་འབྲེལ་བ་ཆགས་ཡོད་པ་ཡིན་སྟབས། བོད་ཕྱི་ནང་གཉིས་སུ་མངོན་གསལ་གྱིས་བསམ་ཤོག་བསྡུ་རྒྱུ་གནས་དུས་དབང་གིས་རྔོ་མི་ཐོགས་ཀྱང༌། བཙན་བྱོལ་དུ་གནས་པ་རྣམས་བོད་མི་ས་ཡ་དྲུག་གི་ངོ་ཚབ་ངོ་གནོངས་མི་དགོས་པ་ཡིན་སྟབས། ཐོག་མར་བཙན་བྱོལ་ནང༌། གཞུང་འབྲེལ་མ་ཡིན་པའི་བོད་ཆོལ་ཁ་གསུམ་མཉམ་འདུས་ཀྱི་སྒྲིག་འཛུགས་གང་ཡང་རུང་བ་ཞིག་གིས་འགན་ཁུར་བླངས་ཏེ། གཞུང་འབྲེལ་མ་ཡིན་པའི་བོད་ཀྱི་རྒྱལ་ཡོངས་དམིགས་བསལ་ཛ་དྲག་ཚོགས་ཆེན་ཞིག་བསྐོངས་ཐོག ཐོག་མར་གདམ་ག་གཉིས་ཀྱི་གྲོས་འཆར་འདོན་གནང་མཛད་རྒྱུ་དང༌། དེ་སྐབས་གཞོན་ནུ་དང་བུད་མེད་ཚོགས་པ་སོགས་ཀྱང་མཉམ་ཞུགས་གནང་འཐུས། དེ་ནས་གྲོས་ཆོད་ཅི་བྱུང་ལྟར། དེ་སྔ་གདམ་ག་བཞིའི་སྐོར་ལ་བགྲོ་གླེང་ཟབ་སྦྱོང་ཇི་གནང་བཞིན་རིམ་པས་གནང་རྒྱུ། བགྲོ་གླེང་ཟབ་སྦྱོང་གི་དུས་ཡུན་རིང༌། ཕྱི་ནང་རླུང་འཕྲིན་དང་གསར་ཤོག་སོགས་གསར་འགྱུར་འཕྲིན་ལམ་ཁག་བརྒྱུད་ནས། བོད་གཞིས་བྱེས་གཉིས་སུ་ཡོད་པའི་བོད་མི་སྤྱི་བོ་གནམ་བསྟན་ཡོངས་ལ་གདམ་ག་གཉིས་ཀྱི་སྐོར་མ་གོ་མ་ཐོས་མེད་པའི་གསལ་བཤད་དང་བགྲོ་གླེང་གང་མང་གནང་རྒྱུ་དང༌། ལྷག་པར་བོད་ནང་གི་བོད་མི་མི་རེ་ངོ་རེ་བྱས་ནས་གདམ་ག་གཉིས་ཀྱི་སྐོར་ལ་བསམ་ཚུལ་བསྡུ་ལེན་བྱ་རྒྱུ་ཤིན་ཏུ་ནས་དཀའ་ཡང༌། བོད་ཆོལ་ཁ་གསུམ་གྱི་བོད་མི་ཕལ་མོ་ཆེའི་བསམ་ཚུལ་མཚོན་པའི་འཕྲིན་ཡིག་སོགས་གསང་བའི་ལམ་ནས་འཐོབ་ཐབས་གནང་རྒྱུ།
གཉིས་པ། གཞིས་བྱེས་བོད་མི་ཕལ་མོ་ཆེའི་བསམ་ཤོག་བསྡུས་རྗེས། བོད་མི་མང་ཆེ་བའི་གདམ་ག་གང་ཡིན་སྐོར་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་གྱི་ངོ་བོའི་ཐོག་ནས། བོད་མི་དམངས་སྤྱི་འཐུས་ལྷན་ཚོགས་སུ་འབུལ་རྒྱུ་དང༌། སྤྱི་འཐུས་རྣམ་པའི་ངོས་ནས་གྲོས་ཆོད་གྲོས་འཆར་འདིའི་སྐོར་ལ་སྐོར་ལ་སྤྱི་ཡོངས་བགྲོ་གླེང་ཟབ་རྒྱས་དང༌། ཚོགས་ཆུང་ཁག་བགོས་ཀྱིས་བགྲོ་གླེང་ཞིབ་འཇུག་གནད་སྨིན་གནང་ཐོག གྲོས་ཚོགས་སུ་མང་མོས་ཅི་བྱུང་ལྟར། སྤྱི་ནོར་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་གསོལ་ཅོག་ཐོག་ཕུལ་ཏེ། མཐའ་མའི་ཕྱག་རྟགས་གསོལ་སྩོལ་ཡོང་བའི་སྐྱབས་འཇུག་ཞུ་རྒྱུ་བཅས།
གཉིས་པ། ཨ་མེ་རི་ཀའི་རྒྱལ་ཡོངས་སུ་གླེང་སློང་དང་རྒྱབ་སྐྱོར་འཚོལ་བའི་སྐོར་དང༌།
གསུམ་པ། རྒྱལ་སྤྱིའི་ནང་གླེང་སློང་དང་རྒྱབ་སྐྱོར་འཚོལ་བའི་སྐོར་རྗེས་སུ་རིམ་པས་
འགོད་རྒྱུ།། ཐོག་མར། རང་རེ་བོད་མིའི་ངོས་ནས་ཐུགས་ཐག་གཙང་མ་ཞིག་ཆོད་པ་ཡིན་ན། ཨ་རི་དང་རྒྱལ་སྤྱིའི་ནང་གླེང་སློང་དང་རྒྱབ་སྐྱོར་འཚོལ་རྒྱུར་དཀའ་ངལ་ཆེར་མི་འབྱུང་བར་བརྟེན། ལས་རིམ་འདི་ལག་ལེན་དུ་ཇི་ལྟར་བསྟར་བའི་ཚུལ་རྣམས་རེ་རེ་བཞིན་སྐབས་བསྟུན་སྦྱར་བྱའོ།།
ཨ་བོད་བོད་དོན་གསང་སྒྲུབ་མཐུན་ཚོགས་ཀྱི་འགན་འཛིན། སྐུ་ཞབས་པད་གདུང་རྡོ་རྗེ་བཙན་པོ་མཆོག་ནས་ཉེ་ལམ་བཀའ་འཁྲོལ་བ་ལྟར། གསང་སྒྲུབ་མཐུན་ཚོགས་འདིའི་དང་བླངས་དྲུང་མིང་པདྨ་གནམ་ལྕགས་ཁྲག་འཐུང་ཡེ་ཐར་རྡོ་རྗེས་དེ་མ་ཐག་ཏུ་ཡིག་ཟམ་བརྒྱུད། བཞུགས་སྒར་དྷ་སའི་ལྷག་བསམ་ཤེས་འཇོན་ཅན་དབུས་སྤྱི་སྐུ་ཞབས་ཟླ་བ་ཚེ་རིང་ལགས་སུ་འཕྲོད་པར་བགྱིས་པ་འདིས་ཀྱང༌། བསྟན་དགྲ་རྒྱ་དམར་གྱི་སྲོག་དབུགས་མཐའ་མ་མྱུར་དུ་སྡུད་ཅིང༌། བོད་རྒྱ་སོག་གསུམ་མི་རིགས་ཚང་མ་གཞན་དབང་འཆིང་ཞགས་ནག་པོ་ལས་ངང་གིས་གྲོལ་ཏེ། རང་རང་གི་ཡུལ་དུ་རང་དབང་དགའ་བདེའི་དཔལ་ལ་མངོན་པར་རོལ་བས་དུས་འདའ་བ་ཉིད་ཀྱི་རྒྱུར་གྱུར་ཅིག་ཅེས་ལྷག་བསམ་དག་པས་སྨོན་པ་དེ་དེ་བཞིན་དུ་འགྲུབ་པར། སྐྱབས་གནས་བསླུ་བ་མེད་པ་དཀོན་མཆོག་གསུམ་གྱི་བདེན་པས་བྱིན་གྱིས་རློབས་གྱུར་ཅིག། དགེ་ལེགས་འཕེལ།།
ཞར་བྱུང་ལ། ད་བར་བོད་རྒྱ་གཉིས་དབར་ཐུག་འཕྲད་ཐེངས་བདུན་བྱུང་ཡང༌། དོན་ལ་ཕན་པ་གང་ཡང་མ་བྱུང་བར་བརྟེན། བོད་ཕྱི་ནང་གཉིས་སུ་བཞུགས་པའི་རྒྱལ་གཅེས་བོད་མི་ལྷག་བསམ་ཤེས་འཇོན་གྱིས་ཕྱུག་པ་མང་བོར་རེ་ཞིག་ཐུགས་ཕམ་དང་ཡི་ཐང་ཆད་པའི་ཚོར་བ་ཤུགས་ཆེར་འབྱུང་བ་གདོན་མི་ཟ་ཡང༌། སེམས་རྣལ་དུ་ཕབ་ནས་དཔྱད་ཚེ། དེ་ནི་གཙོ་བོ་སྤྱི་ནོར་ ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་མཛད་འཕྲིན་རྒྱས་ཐག་ཆོད་པ་དང༌། གཟི་བརྗིད་དང་སྙན་གྲགས་ཆེ་ཐག་ཆོད་པ། རྒྱ་དམར་དབང་འཛིན་པ་ རྣམས་འདི་ལ་ཞེད་ཐག་ཆོད་སོང་བའི་དབང་གིས་ཡིན། རྒྱུ་མཚན་འདིར་ཡང་ཡང་བསམ་ན། གོང་གསལ་བོད་དོན་བདེན་མཐའ་མྱུར་གསལ་གྱི་སྒྲུབ་ཐབས་སྲིད་བྱུས་འདི་མྱུར་བ་ཉིད་དུ་ལག་ལེན་དུ་བསྟར་དགོས་པའི་ངེས་པ་བརྟན་པོ་རྙེད་ངེས་ཡིན་ནོ།།
མཇུག་ཏུ་གདམས་པ་ལ། སྒྲུབ་ཐབས་སྲིད་བྱུས་འདི་ལག་ལེན་དུ་བསྟར་འདོད་མཁན་གང་ཟག་སུའང་རུང་སྟེ། རང་ཉིད་ཁེ་འདོད་གྲགས་འདོད་དང༌། ཆོལ་ཁ་ཆོས་བརྒྱུད་དང༌། ལུང་ཚན་ཆུང་ངུ་དང་ཚོགས་སྡེ་བྱེ་བྲག་པའི་ཕྱོགས་ཞེན་རགས་པའི་དབང་དུ་མ་སོང་བ་ཞིག་དགོས་པ་ཤིན་ཏུ་ནས་གཅེས་ཤིང༌། ཕྱི་ལོ་༡༩༤༩ ལོར་རྒྱ་དམར་གྱིས་བོད་ཀྱི་སྣོད་བཅུད་ཡོངས་རྫོགས་མ་བདག་བདག་ཏུ་འཛིན་མགོ་བརྩམས་པ་ནས་དུས་ད་ལྟ་ལ་ཐུག་གི་བར་དུ། བོད་མི་དཔའ་བོ་དཔའ་མོ་གྲངས་ལས་འདས་པས། བོད་ཀྱི་བསྟན་སྲིད་མི་རིགས་ཀྱི་རང་དབང་སླར་གསོའི་ཆེད་རང་གི་གཅེས་པའི་ལུས་སྲོག་ལོངས་སྤྱོད་དང་བཅས་པ་ཕངས་མེད་དུ་བཏང་དང་གཏོང་བཞིན་པའི་སྤྱོད་པ་རླབས་ཆེན་ལ་རྗེས་སུ་ཡི་རང་དང་རྗེས་སུ་བསླབ་འདོད་ཀྱི་འདུན་པ་དྲག་པོ་ཡང་ཡང་བསྐྱེད་པ་དང་ཆབས་ཅིག དུས་ངན་གཉན་འཕྲང་འདི་ལྟ་བུའི་སྐབས་སུ། ང་ཚོ་བོད་མི་རྣམས་ལ་འཕགས་པ་སྤྱན་རས་གཟིགས་སྐུ་ངོ་མས་མགོན་སྐྱབས་དང་དཔུང་གཉེན་མཛད་བཞིན་ཡོད་པར་དགའ་བ་བསྒོམས་ཏེ་གཞུག་པར་བྱ་བ་ནི་དེ་བས་ཀྱང་གལ་ཆེ་བ་ཡིན། དེ་ལྟ་བུའི་ཀུན་སློང་ཡང་དག་པས་རང་གི་རྒྱུད་དག་པར་སྦྱངས་རྗེས། བོད་མི་ཤི་གསོན་ཐམས་ཅད་ཀྱི་ཐུགས་ལ་བརྣག་པའི་འདོད་དོན་ཉག་ཅིག་སྟེ། བོད་རང་དབང་གི་བདེན་མཐའ་ངེས་པར་དུ་གསལ་བར་བྱའོ། དེའི་ཆེད་དུ་བདག་གིས་སྒྲུུབ་ཐབས་སྲིད་བྱུས་འདི་ལྷག་བསམ་རྣམ་པར་དག་པས་ལག་ལེན་དུ་བསྟར་རོ་སྙམ་པའི་འགྱུར་མེད་དམ་བཅའ་བརྟན་པོ་སྙིང་ལ་བཀོད་དེ། བློ་རྒྱ་ཆེན་པོ་དང༌། བློ་སྟོབས་ཆེན་པོ། བློ་ཐག་ཆོད་པོས་ལག་ལེན་དུ་བསྟར་ན། ཟས་བཅད་ངོ་རྒོལ་དང༌། ཞི་བའི་གོམ་བགྲོད། བདེན་བཞེངས་ཆེན་མོ་དང༌། བདེན་པའི་ཨུ་ཚུགས་སོགས་བོད་མིའི་ཞི་རྒོལ་ཁག་དང༌། ཐ་ན་འཛམ་གླིང་ཡུལ་གྲུ་གཞན་པའི་སྲིད་འཛིན་དང་སྲིད་བློན། གྲོས་ཚོགས་འཐུས་མི་ཚུད་པའི་གང་ཟག་ཁྱད་པར་བ་ཆེ་རྒུ་དྲེགས་བཙན་སུ་དག་གི་བདེན་རྒྱབ་ལས་ཀྱང་བོད་དོན་ཐོག་ནུས་པ་ཐོན་སླ་ལ་རླབས་ཆེ་བ་དང༌། མི་རྒྱུ་སྲོག་གསུམ་གྱི་འགྲོ་གྲོན་དཀའ་ཉེན་ཆུང་བ། བྱ་སླ་དོན་ཆེ་འཕྲིན་ལས་མྱུར་བ་སོགས་ཀྱི་ཟབ་ཁྱད་ཡོད་དེ། སྒྲུབ་ཐབས་སྲིད་བྱུས་འདིས། རྒྱ་དམར་གུང་བྲན་ཏང་གི་སྲོག་འཁར་དུ་འཛིན་པའི་དམག་དཔུང་དང་མེ་མདའ་ནུས་མེད་དུ་བསྒྱུར་ཐུབ་ལ། གཡོ་སྒྱུ་ཁྲམ་གསུམ་དང་མི་བདེན་རྫུན་ཕུང་གི་རི་བོ་རྨེག་མེད་དུ་གཞོམ་ནུས་པ་དང༌། དངུལ་དངོས་བསླུ་བྲིད་དང་འབྲེལ་བའི་སྲིད་དོན་ཚོང་བསྒྱུར་གྱི་ཁྲོམ་ར་ཤུལ་མེད་དུ་གཏོར་ནུས་པ། བོད་མིའི་འདོད་དོན་བདེ་བླག་ཏུ་སྟེར་བ་སོགས་ཕན་ནུས་དགེ་མཚན་མཐའ་ཡས་པའི་ཚུལ་རྣམས་ཅིས་ཀྱང་ཐུགས་ལ་ཡང་དག་པར་དགོངས་པར་འཚལ་ལགས།།
འབུལ་ཡུལ་གཙོ་བོ་ནི། གཞིས་བྱེས་འདས་གསོན་བོད་མི་ས་ཡ་དྲུག་གི་སྐུ་ཚབ་ངོ་མ། བོད་མི་དམངས་སྤྱི་འཐུས་ལྷན་ཚོགས་ལྷན་རྒྱས་རིན་པོ་ཆེ་ཡིན། སྤྱི་འཐུས་རེ་ལ་ངོ་བཤུས་རེ་འབུལ་རྒྱུ།
ངོ་བཤུས་འབུལ་ཡུལ་ཁག་ནི།
དཔལ་ལྡན་སྐུ་སྒེར་ཡིག་ཚང་མཆོག་དང༌། ཆོས་བརྒྱུད་ཁག་གི་བླ་ཆེན་རྣམ་པ།
དཔལ་ལྡན་བླ་མེད་ ཆེས་མཐོའི་ ཁྲིམས་ཞིབ་ཁང་མཆོག
དཔལ་ལྡན་རང་གཞུང་བཀའ་ཤག་ལྷན་རྒྱས་རིན་པོ་ཆེ།
རང་གཞུང་ལས་ཁུངས་ཆེ་བ་ཁག་དང༌། ཕྱི་རྒྱལ་དོན་གཅོད་ལས་ཁུངས་ཁག
བོད་མིའི་གཞིས་ཆགས་ལས་ཁུངས་ཁག
གཏན་ཉིན་སློབ་གྲ་ཁག
རླུང་འཕྲིན་དང་གསར་ཤོག་ཁག
བོད་ཆོལ་ཁ་གསུམ་དང༌། གཞོན་ནུ་དང་བུད་མེད། དགུ་བཅུ་གསུམ། བོད་སྐྱོར་སློབ་ཕྲུག་ཚོགས་པ་སོགས་གཞུང་འབྲེལ་མ་ཡིན་པའི་རང་དབང་ཚོགས་སྡེ་ཁག་ཡིན།
བོད་རྒྱལ་ལོ་ཉིས་སྟོང་བརྒྱ་དང་སོ་ལྔ། རབ་གནས་ས་བྱི་ཆུ་སྟོད་ཟླ་བའི་ཚེས་ཉེར་དྲུག སྐུའི་བླ་གཟའ་ཤིན་ཏུ་དར་ཞིང་འཕྲོད་སྦྱོར་སྟོབས་དང་ལྡན་པའི་དུས་ཚེས་བཟང་བོར། བྱང་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ནས་ལྷག་བསམ་རྣམ་པར་དག་པས་གཞི་བཟུང༌། སྨོན་ལམ་སྟོབས་པོ་ཆེ་ཡིས་མཚམས་སྦྱར་ཏེ་ཕུལ་བའི་དགེ་བས། ྋརྒྱལ་བའི་དགོངས་གཞི་ཟབ་མོ་གེགས་མེད་ལྷུན་གྱིས་འགྲུབ་པ་དང༌། གཞིས་བྱེས་བོད་མི་ས་ཡ་དྲུག་གི་འདོད་དོན་མྱུར་དུ་སྨིན་པའི་རྒྱུ་རུ་འགྱུར་བར་མཐའ་གཅིག་ཏུ་སྨོན་པ་ལགས་སོ།།
ཨ་བོད་དང་བླངས་བོད་དོན་གསང་སྒྲུབ་མཐུན་ཚོགས་ཀྱི་འགན་འཛིན།
ཨ་ལ་ལ་ལ། འདི་འཇིགས་ཀི ཡིན་ན་ཡང་བོད་མིའི་མཐའ་མའི་ཐག་གཅོད་ཀྱི་འབྲས་བུར་བོད་ཡུལ་དེ་བཞིན་ཨ་རིའི་ཞིང་ཆེན་ང་གཅིག་པ་ཆགས་རྒྱུར་འདོད་མོས་ཡོད་པ་ཞིག་ཐོན་སོང་ན། རྒྱ་ནག་གིས་ནི་བོད་ས་ལག་མཐིལ་ཙམ་ཞིག་ཨ་རི་ལ་སྤྲོད་འདོད་བྱེད་ཀྱི་མ་རེད་ལ། ཨ་རིའི་ཕྱོགས་ནས་ཀྱང་ད་ལྟ་རྒྱ་ནག་གི་ཕྱོགས་ནས་འཐོབ་བཞིན་པའི་ཁེ་ཕན་འདི་ཚོ་བློས་རྩ་བ་ཉིད་ནས་བྱེད་མི་སྲིད་ལ། འཛམ་གླིང་ན་གྲགས་པ་ཅན་གྱི་རྒྱལ་ཁབ་ཆེན་པོ་ཞིག་དང་མཉམ་དུ་ཁྱོད་ཤི་ང་གསོན་གྱི་འཁྲུག་ཆེན་ཞིག་མི་རྒྱག་ཐག་ཆོད་ཡིན་པས། ང་ཚོའི་འོས་བསྡུ་དེ་ཡང་འཇའ་ཚོན་བཟུང་ནས་འཕྱོར་ལྭ་བཟོ་དང་མི་བཟོའི་འོས་བསྡུ་གཉིས་པ་ཞིག་ཆགས་རྒྱུ་མ་རེད་དམ། གོང་གི་ཕོ་ཏོ་རི་ཀའི་དཔེ་དེ་བོད་དང་ཆེས་མི་འབྱོར་བ་ནི་ཕོ་ཏོ་རི་ཀའི་མི་མང་གིས་སི་པན་གྱི་ཡུལ་སྐད་རྒྱག་གིན་ཡོད་པ་དེས་ཨ་རིར་སྐད་ཡིག་གི་ཕྱོགས་ནས་ཁེ་ཕན་ཡོད་ལ། ལྷོ་བྱང་ཨ་རིའི་གླིང་ཆེན་གཅིག་གི་ནང་ལོགས་སུ་ཡོད་པ་དེས་ཀྱང་ཨ་རིས་ས་ཆ་འདི་ལ་དབང་སྒྱུར་བྱེད་བདེ་བོ་བླ་ལྷག་ཏུ་ཡོད།
སུ་ཞིག་གིས་ཉི་མ་མ་འཁྱོལ་ནས་འདི་འདྲ་བྲིས་བསྡད་པ་རེད། ཨ་མི་རེ་ཁའི་བྷུ་ཤི་སྨྱོས་ནས་དམག་བརྒྱབ་བརྒྱབ་ནས་ད་དངུལ་ཁང་གི་མ་རྩ་སྟོང་ནས་ལྷ་རང་མགོ་མི་ཐོན་པའི་ཉིན་མོ་འདིར་འདྲེ་མགོ་ཤ་ཐག་ཅིག་ཚོ་ཕ་རིའི་སྤང་རྒྱན་རེད། པ་ཀི་སི་ཐན་གྱིས་ཏཱ་ལའི་བླ་མས་སྐྱབས་བཅོལ་ཞུ་ས་ནོར་སོང་ཞེས་བརྗོད་མྱོང་བ་དེ་བདེན་པ་རེད་འདུག རྒྱ་གར་དང་ཨ་མེ་རི་ཁ་འདི་ཚོས་བོད་ལ་ཕན་ཐོགས་ས་མ་རེད། དེ་ལས་ར་ཤི་ཡ་ལ་སྐྱབས་བཅོལ་ཞུས་ཡོད་ན་འདི་ལས་དྲག་ཅིག་ཡོང་ས་རེད།
ཨ་རོ་སྤོབས་པ་ལོ་ལོ། ད་ཡིན་ན་གོང་ནས་ཅིག་གིས་ཆོས་འཁོར་རིམ་པ་དགུ་བསྐོར་གི་འདུག་ག
ཨ་རོ རྣམས་པ་ཚོ་ཁོམ་ཡོད་པ་འདྲ སྐུ་དྲག་དང་གི་བོད་རྒྱ་ནག་ལ་བཙོངས་བ་རེད། ད་ཡང་ཤེས་ཡོན་པ་ཁ་ཤེས་ཀྱི་བོད་ཨ་རི་ལ་བཙོངས་འདོད་ཡོད་པ་མ་རེད་དམ། ཕལ་ཆེར་རྒྱལ་ཁབ་བཙོངས་ན་ཁེ་ཆེན་པོ་ཡོད་རྒྱུ་རེད།
ཨ་རོགས་ྐླུ་སྨྱོན། དཀོན་མཆོག མྱི་སྨྱོན། ངས་ཀྱང་ལེགས་པོར་མ་ཤེས་ནས་མཆན་འདི་འགོད་ཁུལ་བྱས་པ་ཡིན་མོད་རྩོམ་འདི་ཡིན་རྒྱུ་ངོ་མ་ཟུར་ཟའི་རྩོམ་ཞིག་ཡིན་པ་འདྲ། ཨ་ཁུ་རྒྱལ་པོ་ཚང་གིས་ཀྱང་འདི་འདྲ་བོ་འབྲི་གི་རེད།
༄༅། །བརྩེ་བའི་ཁ་བརྡ་རྩོམ་སྒྲིག་པ་ལགས་སུ།
གློག་ལྟར་མྱུར་བའི་འདུ་བྱེད་ཀྱིས། བོད་ཀྱི་བདེན་མཐའ་མྱུར་གསལ་སྲིད་བྱུས་དེ་གའི་རྩོམ་གྲས་སུ་བཀོད་གནང་བར་ཞེ་ཐག་གིས་དགའ་བོ་བྱུང་། འོན་ཀྱང་། ཨ་བོད་དང་བླངས་བོད་དོན་གསང་སྒྲུབ་མཐུན་ཚོགས་ཞེས་ཁ་ཡིག་ཏུ་བཀོད་འདུག་པ་བརྗོད་བྱ་གཙོ་འདོན་མ་གནང་བར་མངོན་འདུག་སྟབས། རབ་བྱུང་ན་ཁ་ཡིག་ལ། བོད་དོན་བདེན་མཐའ་མྱུར་གསལ་སྒྲུབ་ཐབས་སྲིད་བྱུས་ཞེས་བརྗེ་སྒྱུར་གནང་ཐུབ་ན་གང་ལེགས་འདུག་པ་དགོངས་འཇགས་དང་།
བདག་གི་རེ་བ་ལ། སྐད་གཉིས་སམ་དུ་མ་སྨྲ་བའི་ལོ་ཙྭ་བ་ཞིག་གིས་དབྱིན་ཡིག་དང་རྒྱ་ནག་པོའི་སྐད་དུ་ཇི་བཞིན་བསྒྱུར་ནས་ཚགས་པར་དང་དུས་དེབ་སོགས་རྒྱལ་སྤྱིའི་འཕྲིན་ལམ་གང་མང་ནང་མཐོང་ཐུབ་པ་ཞིག་བཟོ་ཐུབ་ན་སྙམ་ཞིང་། ཞོར་ལ། ཁ་བརྡའི་སྐུ་མགྲོན་རྣམ་པས་རྩ་ཆེའི་དགོངས་འཆར་ཕེབས་དང་ཕེབས་མུས་ལ་འདི་ནས་དགའ་བསུ་དང་འབྲེལ། ཐུན་མཚམས་རྣམས་སུ་རྩོད་སྤོང་དང་གསེད་དགྲོལ་གྱི་ཚུལ་དུ་བགྲོ་གླེང་ལ་གཞུག་གང་ཐུབ་ཞུ་འཆར་དང་། གཞེན་སྐུལ་ཞུ་རྒྱུ་ཉག་ཅིག་ནི། ཟུར་ཟ་དང་། ཁྲེལ་དགོད། དམའ་དབེབས་དང་། མཚང་འབྲུ ཞེ་ཤ་གཅོད་རེས་སོགས་རྣ་བར་འཛེར་ཞིང་སེམས་ལ་གཟན་པའི་ཚིག་མཚོན་རིགས་ཅིས་ཀྱང་མེད་པ་ཞིག་རྣམ་པ་ཚང་མའི་ཐུགས་ལ་དགོངས་པར་འཚལ། གང་ལགས་ཞུ་ན། མི་རྒན་བདག་ལོ་ན་མཐོ་ཁར་སྙིང་ཁམས་བདེ་མིན་དང་། དམ་ཉམས་ཀྱི་གྲས་སུ་ལྟུང་དོགས་ཀྱིས་ཉིན་རེའི་དགེ་སྦྱོར་རྒྱུན་མ་ཆད་ཙམ་དུ་འགྲོ་མུས་ལ་བར་ཆད་རེ་མེད་པ་ཤོག་ཅེས་སྨོན་ལམ་རྒྱག་བཞིན་པའི་ཕྱིར་ལགས།
པད་གདུང་རྡོ་རྗེ་བཙན་པོས།
རྒྱ་འདྲེ་འགོང་པོས་བོད་སྡེ་འཕུངས་པ་འདི། །བདེན་ཚིག་རིག་པས་ཐུལ་ཅིག་དྲྭ་གྲོགས་ཚོ། །བླ་མ་དམོད་བརྩོན་མ་རུང་བར། །བཟོད་པ་བསྒོམ་པར་མི་བྱའོ། །
བོད་གྱི་བདེན་མཐའ་གསལ་རྒྱུར་ཐག་ཇེ་རིང་དུ་འགྲོ་རྒྱུ་ཡིན་པ་འདྲ། རྒྱ་བོད་ཀྱི་དཀའ་རྙོག་ཐག་མ་ཆོད་པར་ཡོད་སྐབས་འདིར་དཀའ་རྙོག་གསར་པ་གཞན་ཞིག་འཛམ་བུ་གླིང་འདིར་འཁྱེར་ཡོང་རྒྱུ་ཡིན་ནམ། ག་རེ་ཡིན་ན་མིན་ན། འདི་བོད་མི་ས་ཡ་དྲུག་གི་ནང་ནས་མི་གཅིག་གི་བསམ་ཚུལ་རེད། གལ་སྲིད་ཚོགས་པ་ཞིག་ཡིན་ན་ཚོགས་མི་ག་ཚོད་ཡོད་པ་དེའི་བསམ་ཚུལ་ཙམ་ཡིན་པ་རེད།
ཚང་མ་ཀློག་དགོས་པ་མི་འདུག མགོ་ཀློག་ན་མཇུག་ཤེས་ཀྱི་འདུག སུ་ཞིག་གིས་འདི་རྒྱ་ཡིག་དང་དབྱིན་ཡིག་ལ་བསྒྱུར་གི་རེད། ཁྱེད་ཚོ་ཚོགས་པའི་ངོས་ནས་བསྒྱུར་གླ་སྤྲད་ན། གཅིག་བྱས་ན་སྒྱུར་མཁན་ཞིག་རེག་མདོག་ཁ་པོ་རེད།
བདག་ཅག་གི་སྟོན་པ་ཐུབ་པའི་དབང་བོ། གནས་མཆོག་རྡོ་རྗེ་གདན་དུ་ཡང་དག་པར་མངོན་པར་རྫོགས་པར་སངས་རྒྱས་རྗེས།
ཟབ་ཞི་སྤྲོས་བྲལ་འོད་ཟེར་འདུས་མ་བྱས།།བདུད་རྩི་ལྟ་བུའི་ཆོས་ཤིག་ཁོ་བོས་རྙེད།།སུ་ལ་བསྟནད་ཀྱང་གོ་བར་མི་ནུས་པས།།མི་སྨྲ་ནགས་ཀྱི་ཚལ་དུ་གནས་པར་བྱ།།ཞེས་གསུངས་ཡོད།།
དགེ་འདུན་ཆོས་འཕེལ་གྱིས།།རྙིང་བ་ཐམས་ཅད་ལྷ་ཡི་སྲོལ་དུ་བསྒྲགས།།གསར་བ་ཐམས་ཅད་བདུད་ཀྱིས་སྤྲུལ་དུ་སེམས།།འདི་ནི་ད་ལྟའི་བར་དུ་རང་རེའི་སྲོལ།། ཞེས་དང་། ཡང་བོད་མི་རྣམས་ལ་རྟོགས་དཀའ་བ་ཞིག་གོ་སླ་བོས་བཤད་ན་དེ་མཁས་པར་མི་བརྩི། རྟོགས་སླ་བ་ཞིག་གོ་ཁག་པོར་བསྒྱུར་ནས་བཤད་ན་དེ་མཁས་པར་བརྩི། ཞེས་གསུངས་ཡོད་པ་ལྟར།
སྔོན་ཆད་མ་བྱུང་བ་ཞིག་འདིར་བརྗོད་ཡོད།།ཆོས་སྲིད་མཁས་དབང་དེ་འདྲ་བདག་མིན་ཏེ།།
ཁེ་གྲགས་འདོད་པའི་བསམ་པའང་བདག་ལ་མེད།།རང་གི་ཡིད་ལ་གང་ཤར་ངས་འདི་བརྩམས།།
རང་དབང་འདོད་ཕྱིར་རང་གཞན་གཉིས་ཕན་ལམ།།མཐའ་བྲལ་དབུ་མའི་ཉི་གཞོན་གཙུག་འཛིན་ཡང་།།ལས་ཀྱི་མཐའ་ལོག་དམར་གཞུང་འབྱུང་བྱ་ལ།།མུན་པའི་གནས་ལས་ཐར་བའི་དུས་མེད་ཕྱིར།།སྙིང་རྗེའི་མཆི་མ་ཆར་དུ་བསྙིལ་བཞིན་དུ།།བདེན་མཐའ་མྱུར་གསལ་སྒྲུབ་ཐབས་འདི་རུ་བསྟན།།བདེ་བ་འདོད་ཕྱིར་བདག་གི་འབད་བརྩོན་ཤུགས།།འདི་ཙམ་གྱིས་ཀྱང་རེ་ཞིག་ཕན་འགྱུར་ལ།།བདག་དང་རྟོགས་པ་མཉམ་པ་གཞན་གྱིས་ཀྱང་།།ཅི་སྟེ་འདི་དག་མཐོང་ན་དོན་ཡོད་འགྱུར།།རང་དབང་འདི་ནི་འཐོབ་པ་ཤིན་དུ་དཀའ།།བོད་མི་རྩམ་གཟན་ཞིག་ཏུ་སྐྱེས་པ་ལ།།གལ་ཏེ་བོད་ཕན་བསྒྲུབ་བྱ་མ་བསྒྲུབས་ན།།ཕྱིས་འདིར་རང་དབང་འཐོབ་པར་ག་ལ་འགྱུར།།ཅི་སྟེ་མཚན་མོ་མུན་ནག་སྤྲིན་རུམ་ན།།གློག་འགྱུ་སྐད་ཅིག་རབ་སྣང་སྟོན་པ་ལྟར།།དེ་བཞིན་སངས་རྒྱས་མཐུ་ཡིས་བརྒྱ་ལམ་ན།།འཇིག་རྟེན་རང་དབང་གོ་སྐབས་ཐང་འགའ་འབྱུང་།།སྡིག་པ་སྟོབས་ཆེན་ཤིན་ཏུ་མི་བཟད་པས།།བླང་འདོར་བློ་མིག་ལྡོངས་པ་དམར་ཤོག་སྡེ།།ཆེ་བཙན་འགྲན་མེད་ཨ་རི་མ་གཏོགས་པ།།རྒྱལ་ཁབ་གང་གི་ཟིལ་གྱིས་གནོན་པར་འགྱུར།།ལོ་ངོ་དུ་མར་ཞིབ་འཇུག་བགྱིས་པ་ཡི།།མཁས་དབང་རྣམས་ཀྱིས་འདི་ཉིད་ཕན་པར་གཟིགས།།འདིས་ནི་བོད་མི་ས་ཡ་དྲུག་པོ་ཡི།།འདོད་དོན་བདེ་བླག་ཉིད་དུ་སྟེར་བར་བྱེད།།སྲིད་པའི་སྡུག་བསྔལ་བརྒྱ་ཕྲག་གཞོམ་འདོད་ཅིང་།།བོད་འབངས་སེམས་ཅན་སྐྱོབ་པར་འདོད་པ་དང་།།སངས་རྒྱས་བསྟན་ལ་བྱ་བ་བྱེད་རྣམས་ཀྱིས།།སྒྲུབ་ཐབས་སྲིད་བྱུས་འདི་ལ་ནན་ཏུར་མཛོད།།
པད་གདུང་རྡོ་རྗེ་བཙན་པོས།
གང་གི་རྩོམ་ཡིག་འདི་ཉིད་ཨུ་ཚུགས་ཇི་ལྟར་བྱས་ཀྱང་ཆ་ཚང་ཀློག་པའི་འདུན་པ་ཡོངས་སུ་ཞི་སོང་གང་ཟག་ག་གེ་མོ་ཞིག་གིས་རང་ཉིད་སྒོར་ཁུག་གི་ཆེད་དུ་སྐད་ཆ་ཞིག་བཤད་ཀྱིན་ཡོད་པ་འདྲ། རྩོམ་ཡིག་འདི་ལ་མཆན་བུ་ཐ་མ་དེ་འདི་ཡིན་རྗེས་སུ་སྐྱར་ཀློག་ཙམ་ཡང་མི་བྱེད་པ་དམ་བཅས་ཟིན།། །།
མི་ཆེ་གེ་མོ་ཞིག་གིས་ས་ཆ་ག་གེ་མོ་ཞིག་ན་ ་་གང་ཟག་ག་གེ་མོ་་་ཟེར་ནས་ཤོད་ཀྱི་འདུག ཅི་ཁེད། དགེ་རྒན་སུའི་དགེ་ཕྲུག་རེད།
པད་གདུང་གི་ཐུགས་ལ་སྣང་བ་འདི་འདྲ་ཞིག་དྲན་པར་རྗེས་སུ་ཡི་རངས་དང་། ཞལ་ནས་ཐོལ་བྱུང་གི་དྲན་འཆར་འདི་བཞིན་ཤར་མར་གསུངས་ཐུབ་བྱུང་བར་བརྟགས་ན། ཁོང་ཉིད་བློ་གདེང་ཆེན་པོ་ཡོད་པའི་ཚོར་སྣང་བྱུང་། རྒྱལ་སྲས་ཞི་བ་ལྷ་དང་དགེ་ཆོས་སོགས་ཀྱི་ལུང་དུམ་རེ་དྲུད་ཡོང་བ་དེར་ངོ་མ་ཧ་ལས་མ་སོང་། ཁྱད་པར་མེད་དེ། པད་གདུང་ཟེར་བ་འདིས་གནས་སྐབས་ཙམ་ལ་བསམ་བློ་གཏོང་གིན་ཡོད་པ་འདྲ། ལྷག་པར་དུ་ཁོང་གིས་ཨ་རྒྱ་གཉིས་ཀྱི་འབྲེལ་བ་དང་། བོད་མི་རིགས་ཀྱི་ལོ་རྒྱུས། འགྲན་མེད་དཔའ་བོ་དཔའ་མོ་ཚོའི་ཚེ་སྲོག་གི་རིན་ཐང་། མ་འོངས་པའི་བུ་རབས་ཚ་རྒྱུད་སོགས་ལ་བསམ་བློ་ཟུར་ཙམ་ཡང་བཏང་མེད་པ་རེད། ངས་མང་པོ་མི་བཤད། འདིར་རྒྱལ་དབང་མཆོག་གིས་ང་ཚོ་མི་རྒན་པའི་རིགས་རྫོགས་འགྲོ་གི་ཡོད། ཁྱེད་རང་ཚོ་མི་ཐོག་རྗེས་མ་རྣམས་མཐུད་ཡོང་མཁན་གྱི་མི་ཐོག་ཅིག་ཆགས་ཡོད། མིའི་མི་ཚེ་གཅིག་ཧ་ཅང་ཐུང་ཐུང་ཡིན། འོན་ཀྱང་བོད་མི་རིགས་གཅིག་གི་ལོ་རྒྱུས་དང་རྒྱལ་ཁབ་ཅེས་པའི་ལོ་རྒྱུས་བཤད་ཡོང་དུས་མི་ཐོག་ནས་མི་ཐོག་བརྒྱུད་ནས་མི་ཐོག་རྒན་པ་རྣམས་རྫོགས་ཀྱིན་རྫོགས་ཀྱིན་མི་ཐོག་གཞོན་པ་ཚོ་མཐུད་ཀྱིན་མཐུད་ཀྱིན་འགྲོ་འགྲོས། དེར་བརྟེན་ཁྱེད་རང་ཚོས་ང་ཚོ་བོད་ཀྱི་མི་ཐོག་རྒན་པའི་རྗེས་མཐུད་ནས་མི་ཐོག་རྒན་པ་ཚོས་ལས་ཀའི་སྒྲོམ་ལྟ་བུ་ཞིག་བསླངས་ཡོད་པ་དེའི་མཇུག་སྐྱེལ་དགོས་པ་རེད་ཅེས་གསུངས་ཡོད། དེ་ཡིན་དུས། དོན་ཆེན་འགྲུབ་པར་ངང་རྒྱུད་རིང་དགོས་ཟེར་བ་ཞིག་ཡོད་པ་དང་། དེ་བཞིན་ཁྱེད་ཀྱི་དྲན་འཆར་འདི་གསར་པ་འདྲ་ཅང་མ་རེད། བོད་མི་ཁ་ཤས་ཀྱིས་ཀྱང་བོད་ཀྱི་མི་རབས་འདིས་རྒྱལ་ཁབ་སུ་གཅིག་གིས་ཀྱང་བདག་གིར་མ་བྱས་པའི་གླིང་ཕྲན་ཞིག་ཉོ་ཐུབ་དབང་དུ་བཏང་ན། བོད་མི་རིགས་གླིང་ཕྲན་དེར་སྤོར་འདོད་མཁན་ཀྱང་ཡོད་པ་རེད་དེ། འདམ་སེང་འདམ་དང་གངས་སེང་གངས་ལ་བཞུགས་ན་ཡག་པོ་ཡོད། འདི་ཐུགས་ལ་ཟུངས།
ར་ཤི་ཡས་ཨ་ལ་སི་ཀ་ཨ་རི་ཚང་ལ་བཙོངས་པ་ལྟར་ཁ་སང་དེ་རིང་ཡང་དེ་འདྲ་གླིང་ཕྲན་རེ་བཙོང་རྒྱུ་ཡོད་མཁན་རེ་ཤེས་ན་ང་ལ་བརྡ་ཞིག་རྒྱག་རྒྱུ་མ་རྗེད། ང་ལ་ཧི་མ་ལ་ཡའི་ཕར་རྒྱབ་ཅིག་ནས་ཡོང་བའི་མྱི་སྡོམ་ཁྲི་འགའ་གསོ་རྒྱུ་ཡོད། ངའི་མྱི་སྡོམ་དེ་ཚོའི་ནང་ན་ཉལ་ན་ཕག་དང་འདྲ་བ་གང་མང་ཞིག་ཡོད་ལ། ལས་ཀ་གཡག་དང་འདྲ་བ་ཡང་གང་མང་མང་ཞིག་ཡོད། གཙོ་བོ་དེ་ང་ལ་རང་བདག་གི་ས་ཆ་ཞིག་དགོས་སོང་། གཞན་མང་པོ་ཞིག་མི་དགོས། ས་དེ་ན་ཆུ་ཞིག་ཡོད་ན་ངའི་མྱི་སྡོམ་ཚོས་རང་ཁ་མུག་ཁ་ཚོ་མི་སོས་པའི་སེམས་སྡུག་ང་ལ་མི་འདུག
ཨ་ལགས་ཁྱེད་ཉིད་རང་ཁ་མི་སོས་ནས་མི་གཡོག་དུ་རྒྱུག་བཞིན་པའི་ཚུལ་དེ་དྲན་གསོ་ཞིག་གནང་དང་ཁྱེད་ཀྱིས་ལུང་པ་ཞིག་ཉོ་རྒྱུ་ཕར་རིའི་སྤང་རྒྱན་མ་རེད་དམ།